༄༅།། སྨན་སྒང་པ་ཡོན་ཏན་ཚེ་རིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-07


བྲིས་འབུར་རྐོས་གསུམ་ལ་མངའ་བརྙེས་པའི་བི་ཤྭ་ཀརྨའི་ཐུགས་སྲས། 

རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་བོད་ཀྱི་ཐང་ག་ཀརྨ་སྒར་བྲིས་བྲིས་ལུགས་ཚབ་མཚོན་རྒྱུད་འཛིན་པ་སྨན་སྒང་པ་ཡོན་ཏན་ཚེ་རིང་གི་གནས་ཚུལ་རགས་བཀོད།

ཚུལ་ཁྲིམས་བཟང་པོས་བྲིས་ཤིང་ཚེ་རིང་ཆོས་ལྡན་གྱིས་པར་མཁོ་འདོན་བྱས།

ཡོན་ཏན་ཚེ་རིང་གིས་ཐང་ག་འབྲི་བཞིན་པ།

1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམས་རྒྱལ་ནང་གི་ཞིང་ཆེན་14ལ་ལྟ་སྐོར་ཕྱིན་ནས། ཨ་རིག་མཁན་ཆེན་པདྨ་ཚེ་དབང(གཡོན་གྱི་གཉིས་པ)དང་དཔལ་སྤུངས་མཁན་ཆེན་དིལ་ཆུང་བློ་ཆོས(གཡས་གཉིས་པ)རྣམ་གཉིས་ཁྲེང་ཏུའུ་རུ་ཟླ་ངོ་གཉིས་ཙམ་བཞུགས་རིང་ཡོན་ཏན་ཚེ་རིང(གཡོན་དང་པ)གིས་ཞབས་ཕྱི་ཞུས་པའི་འདྲ་པར།

        སྨན་སྒང་པ་ཡོན་ཏན་ཚེ་རིང་ནི་སྤྱི་ལོ་1954ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་ཡར་སྟོད་ལུང་རྣམ་ཕུ་སྨན་དེའུ་སྒང་དུ་ཕ་སྐེད་ལུང་ནང་པདྨ་ཚེ་དབང་དང་མ་མཚར་སར་ཚོ་ཨ་ཟིལ་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་གི་ཕ་ནི་ས་དཀར་ཚང་གི་ཚེམ་དྲུབ་ཀྱི་བཟོ་བོ་མཁས་ཅན་ཞིག་ཡིན་པར་མ་ཟད། བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་ལག་རྩལ་ལ་དགའ་མོས་ཤིན་ཏུ་ཆེ་སྟབས། ནམ་རྒྱུན་བུ་རྒྱུད་ལ་སློབ་སྦྱོང་བྱེད་པར་བསྐུལ་བཞིན་ཡོད། སྤྱི་ལོ་1960ལོར་རྣམ་ཕུ་ས་དཀར་གཤིས་སློབ་ཆུང་དུ་ཞུགས་ནས་བོད་ཡིག་དང་རྩིས་རིག་སོགས་རྨང་གཞིའི་སློབ་ཚན་ལ་སྦྱོང་པ་བྱས། དེ་ནས་ཕ་རྒན་གྱི་སྐུལ་མའི་འོག་ལྷ་རྗེ་བཟང་རྒྱལ་གྱི་དྲུང་དུ་བཅར་ནས་བོད་ཀྱི་གསོ་བ་རིག་པར་སྦྱོང་འགོ་རྩོམ་པ་དང་། ཁོང་གི་བཀའ་སློབ་ལྟར་རྩ་མདོ་ཆུ་མདོ་སོགས་བློ་ལ་བཟུང་ཞིང་། གསོ་བ་རིག་པའི་རྨང་གཞིའི་སྐོར་ལ་སློབ་སྦྱོང་བྱས། སྤྱི་ལོ་1963ལོ་ནས་སྤྱི་ལོ་1970ལོ་བར་མཉམ་ལས་ལ་ཞུགས་ནས་ངལ་རྩོལ་བྱས་ཤིང་། བར་གསེང་དུ་བོད་ཡིག་ཡིག་གཟུགས་དང་རྨང་གཞིའི་རིག་གནས་སྐོར་ལ་སྦྱོང་པ་ལྷོད་མེད་བྱས། ཆུང་དུས་ནས་རི་མོ་ལ་ཤིན་ཏུ་དགའ་དད་ཡོད་སྟབས། ངལ་རྩོལ་གྱི་སྐབས་སུའང་ཞྭ་མོའི་ནང་དུ་ཤོག་ལེབ་དང་ཞ་སྨྱུག་རེ་བཅུག་ནས་ངལ་གསོའི་དུས་སུ་རི་མོ་སྦྱོང་བཞིན་ཡོད། རྫི་བོ་འགྲོ་སྐབས་ཀྱང་ནམ་རྒྱུན་རྡོ་ལེབ་དང་གཡའ་མ། ས་ངོས། ཐ་ན་ཁ་བ་སོགས་ཀྱི་ངོས་སུ་རི་མོ་སྣ་ཚོགས་འབྲི་བཞིན་ཡོད་པར་བཤད། སྤྱི་ལོ་1971ལོ་ནས་སྤྱི་ལོ་1978ལོ་བར་རྣམ་ཕུ་ཐོན་སྐྱེད་རུ་ཁག་གི་རྐང་རྗེན་སྨན་པ་དང་དམངས་གཉེར་དགེ་རྒན་གྱི་འགན་ཁུར། སྐབས་དེར་ནུབ་ལུགས་ཀྱི་སྨན་པ་ཞིག་ཡོད་པས་དེའི་ཟུར་དུ་ནུབ་ལུགས་གསོ་རིག་ལའང་སྦྱོང་པ་བྱས། དམངས་གཉེར་དགེ་རྒན་བྱེད་སྐབས་སློབ་མ་རྣམས་ལ་དག་ཡིག་མ་ནོར་ལམ་བཟང་སོགས་ཡི་གེའི་རྨང་གཞིའི་སྐོར་བསླབས་པར་མ་ཟད། ཞོར་དུ་རི་མོ་དང་ཡིག་གཟུགས་ཀྱང་བསླབས།

ཕ་ཡུལ་སྡེ་དགེ་ཕྱོགས་ཀྱི་སྒྱུ་རྩལ་པ་ཁག་ཅིག་དང་ལྷན་དུ་སྒྲོན་པའི་འདྲ་པར།

        སྤྱི་ལོ་1978ལོ་ནི་ཁོང་ལ་མཚོན་ན་ལས་ལམ་འགྲོ་བའི་ལོ་དུས་ཤིག་ཡིན་ཏེ། དུས་ཡུན་རིང་པོ་ཞིག་ནས་སྐོམ་པ་ཆུ་འདོད་ལྟར་མཁས་དབང་ཐང་བླ་ཚེ་དབང་མཇལ་བའི་རེ་བ་བཅངས་པ་དེ་དངོས་སུ་མངོན་འགྱུར་བྱུང་བ་དང་། ཁོང་གི་དྲུང་དུ་བཅར་ནས་ཀརྨ་སྒར་བྲིས་ཀྱི་རྨང་གཞིའི་ཤེས་བྱ་སྦྱོང་འགོ་བརྩམས་པ་མ་ཚད། ཐིག་དང་སྐྱ་རིས། རིག་པའི་གཞུང་ལུགས་སོགས་རིམ་བཞིན་དཔྱིས་ཕྱིན་པ་བསླབས། དེ་རྗེས་ད་དུང་དཔལ་སྤུངས་སུ་མཛོ་རྫི་དར་རྒྱས་སོགས་ཀྱི་མདུན་ནས་ཚོན་མདངས་སོགས་སྦྱོང་བའི་གོ་སྐབས་ཐོབ། དེ་ནས་རང་རྐྱ་འཕེར་བ་གྱུར་ནས་ཐང་བླ་ཚེ་དབང་མཆོག་གི་སྲས་ཀྱི་ཐུ་བོའི་གྲས་སུ་ཚུད། སྤྱི་ལོ་1980ལོ་ནས་སྤྱི་1984ལོའི་བར་སྡེ་དགེ་པར་ཁང་དུ་ཞུགས་ཤིང་། སྔོན་ནས་པར་བརྐོས་ལག་རྩལ་ལ་རང་སྦྱོང་ཕྲན་བུ་བྱེད་མྱོང་བས། སྡེ་དགེ་པར་ཁང་གི་ཡིག་གཟུགས་དང་རི་མོ་པར་ཤིང་རྐོ་མཁན་ཀུ་སེའི་པར་བརྐོས་ཚེ་བཀྲ་དང་མདའ་འཕེན་སྟོབས་རྒྱལ། ཚེ་སྟོབས་སོགས་ལ་བསྟེན་ནས་པར་བརྐོས་ལག་རྩལ་གྱི་ཆ་ལག་ཡོངས་རྫོགས་བསླབས། དེ་ནས་ཁོང་རྣམ་པའི་ཁྲིད་སྟོན་དང་རང་གི་ཉམས་མྱོང་གཉིས་སྦྲགས་ནས་པར་ཤིང་རྐོ་ཐབས་ཟིན་བྲིས་སུ་ཕབ་སྟེ་དེབ་གཟུགས་སུ་བསྐྲུན་པས། ལོ་རྒྱུས་སུ་མེད་པའི་པར་རྐོ་ཐབས་དང་ལྷ་རྐོ་ཐབས་ཀྱི་དཔེ་དེབ་ཐོག་མར་གྱུར། དེའི་རྗེས་པར་ཁང་གི་འདུ་ཁང་དུ་ལྷ་བཅའ་འགོ་རྩོམ་ཞིང་། ནང་ཆེན་བསོད་རྒྱལ་དང་ཐུབ་བསྟན་སྤྲུལ་སྐུ་སོགས་གདན་དྲངས་པ་དང་། པར་དཔོན་བཀྲ་ཤིས་རྡོ་རྗེས་ཁོང་རྣམ་པའི་ཕྱག་གཡོག་ཏུ་བསྐོས་པས། རྨ་བྱས་དབྱར་རྔའི་སྒྲ་ཐོས་པ་ལྟར་ཁོང་རྣམ་པ་གཉིས་ཀྱི་མདུན་ནས་རིམ་བཞིན་ལྷ་བཅའ་ལུགས་ཀྱི་གཞུང་དང་ལག་ལེན་ཡོངས་རྫོགས་དཔྱིས་ཕྱིན་པ་བསླབས་ཤིང་མཁས་པ་གྱུར།

2017ལོའི་ཟླ་12པར་དག་པའི་ཞིང་ཁམས་ཞེས་པའི་ཐང་ག་འགྲེམ་སྟོན་དུ་ཞུགས་པ།

        སྤྱི་ལོ་1985ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་དགེ་རྒན་དུ་གདན་ཞུས་བྱས་ཤིང་། སློབ་མ་རྣམས་ལ་རི་མོ་དང་འབུར་བརྐོས། བཅའ་བཟོ་སོགས་སློབ་ཁྲིད་བྱེད་ཞོར་དུ། མཁས་དབང་ཐུབ་བསྟན་ཉི་མ་དང་དཔལ་སྤུངས་མཁན་ཆེན་དིལ་ཆུང་བློ་ཆོས། སྤྲུལ་སྐུ་རྡོར་ལོ། མཁན་ཆེན་པདྨ་ཚེ་དབང་སོགས་སྐབས་དེར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་མཁས་པའི་གཙུག་རྒྱན། གྲུབ་པའི་སྐྱེས་མཆོག་གནམ་གྱིས་ས་བཀབ་པ་ལྟ་བུ་གང་མང་བཞུགས་ཡོད་པ་དེ་དག་ལ་བསྟེན་ནས་སྤྱི་བོད་ཀྱི་རིག་གནས་དང་སྒོས་སུ་བཟོ་རིག་པའི་གཞུང་ལུགས་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་བསྐྱངས། སྤྱི་ལོ་1995ལོ་ནས་སྤྱི་ལོ་1996ལོའི་བར་ཁྲེན་ཏུའུ་མཛེས་རྩལ་སློབ་གླིང་དུ་རྒྱལ་ཕྱི་ནང་གི་སྲོལ་རྒྱུན་དང་དེང་རབས་རི་མོ་ལ་སློབ་སྦྱོང་གང་ལེགས་གནང་ནས་མཛེས་རྩལ་རིག་པའི་སྐོར་ལ་མིག་རྒྱ་ཇེ་ཡངས་ཕྱིན། ཁོང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ལ་ཕེབས་སྐབས་སྤྱི་གངས་ཅན་ལྗོངས་སུ་དེང་རབས་སློབ་གྲྭ་ལ་འཚམས་པའི་བཟོ་རིག་པའི་སློབ་དེབ་ཅིག་ཀྱང་མེད་པས། དཀའ་ཁག་དུ་མ་གདོང་གིས་བསུས་ནས་སློབ་དེབ་གསར་རྩོམ་དང་བསྡུ་སྒྲིག་ལ་རང་ནུས་ཡོད་རྒུ་ཕྱུང་། མི་འགྱངས་བར་རི་མོ་དང་ཡི་གེ་སྦྲགས་མ་ཅན་གྱི་སློབ་དེབ་གཉིས་སྔ་གཞུག་ཏུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པས། མདོ་དབུས་ཁམས་གསུམ་གྱི་བཟོ་རིག་པའི་སྡེ་ཁག་གིས་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། བོད་ཀྱི་རི་མོའི་སློབ་གྲྭ་དང་རི་མོ་སྦྱོང་མཁན་ཚོའི་སློབ་དེབ་ལྟ་བུར་གྱུར། དེ་ནས་སྤྱི་ལོ་2019ལོའི་བར་མི་ལོ་སོ་དྲུག་ཙམ་གྱི་རིང་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་བོད་ཀྱི་བཟོ་རིག་པ་ལས་རི་མོའི་སྐོར་གྱི་བྲིས་འབུར་རྐོས་གསུམ་སོགས་བཟོ་རྩལ་ཀུན་དང་། དེའི་རྒྱབ་ལྗོངས་ཀྱི་རིག་གནས་དང་གཞུང་ལུགས་ཐད་ལ་སློབ་ཁྲིད་ནན་ཏན་བྱས་ཤིང་། ད་བར་སློབ་མ་ཉིས་སྟོང་ལ་ཉེ་བ་ཙམ་གསོ་སྐྱོང་གནང་ཡོད།

2014ལོ་ནས་འགོ་རྩོམ་སྟེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་རིག་པའི་གནས་བཅུའི་ཐང་ག་འབྲི་སྐབས་སུ་ཕུལ་བྱུང་སློབ་མ་རྣམས་དང་ལྷན་དུ་སྒྲོན་པའི་འདྲ་པར།

        ཁོང་ལ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ལས་ཀརྨ་སྒར་བྲིས་རི་མོའི་རྒྱུན་འཛིན་པའི་ཚབ་མཚོན་རྒྱུད་འཛིན་པ་དང་། རྒྱལ་ཡོངས་ཀྱི་ལས་རིགས་སློབ་གྲྭའི་ལག་རྩལ་འགྲན་བསྡུར་ཆེན་མོའི་ཕུལ་བྱུང་མཛུབ་སྟོན་གྱི་དགེ་རྒན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་ཀྱི་རྐོས་རིས་ལག་རྩལ་ཟབ་སྦྱོང་གི་འཛུབ་སྟོན་དགེ་རྒན་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཛེས་རྩལ་རིག་པའི་སློབ་དཔོན་ཆེན་མོ། དཀར་མཛེས་ཁུལ་གངས་ལྗོངས་ཁམས་པའི་རིག་གནས་རྒྱུད་འཛིན་གྱི་ཚབ་མཚོན་པ་སོགས་ཀྱི་མཚན་སྙན་ཐོབ་ཡོད། ཁོང་གིས་ཡ་གླིང་ཐང་ག་རིག་གནས་ཀྱི་ཚོགས་གཙོ་གཞོན་པ་དང་སི་ཁྲོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་མཛེས་རྩལ་རི་མོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཐང་བླ་ཚེ་དབང་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས། གཞན་ཡང་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བོད་ཡིག་ཆེད་ལས་སློབ་ཁྲིད་ཞིབ་འཇུག་གྲོས་བསྡུར་ལྷན་ཚོགས་སྐབས་ལྔ་པ་དང་བོད་རིག་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རིག་གཞུང་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ། རྒྱལ་ཡོངས་ཐང་གའི་རིག་གཞུང་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ་སོགས་ལ་ཞུགས་པ་མ་ཟད། ད་དུང་ཀྲུང་ཧྭ་བོད་ཡིག་བཀའ་བསྟན་དཔེ་བསྡུར་མའི་མདུན་ཤོག་ཇུས་འགོད་དང་བར་བཅུག་རི་མོ་འབྲི་བཞེངས། རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་གེ་སར་སྟོང་ཐང་ཆེན་མོ་དང་ཤམ་བྷ་ལའི་གཏམ་རྒྱུད་ཀྱི་སྟོང་ཐང་ཆེན་མོའི་བློ་འདྲི་ཡུལ་དང་ཇུས་འགོད་པ། སྐྱ་རིས་འབྲི་མཁན་དང་བརྩིས་ལེན་མཁན་སོགས་ཀྱི་འགན་བཞེས།
        ཁོང་གིས་སྔ་ན་མེད་པའི་བོད་ཀྱི་རིག་གནས་བཅུའི་ཞལ་ཐང་འཆར་འགོད་དང་ལྷ་བཀོད། འབྲི་བཞེངས་མཛད་པ་མ་ཟད། ད་ལྟའི་བར་ཀརྨ་སྒར་བྲིས་ཀྱི་ཞལ་ཐང་སྤུས་དག་བརྒྱ་ལྷག་བྲིས་ཡོད་ལ། སྡེ་དགེ་པར་ཁང་དུ་གླིང་རྗེ་གེ་སར་རྒྱལ་པོའི་རི་མོའི་པར་ཤིང་གི་པར་རྩ་བྲིས་ཤིང་པར་དུ་བརྐོས་པ་སོགས་ཡི་གེ་དང་རི་མོའི་པར་ཤིང་འབོར་ཆེན་བརྐོས། གཞན་ཡང་སྡེ་དགེ་པར་ཁང་དང་སྡེ་དགེ་དགོན་ཆེན། དཔལ་སྤུངས་དགོན་པ། མཁར་མདོ་དགོན་པ། ཨེ་ཝཾ་དགོན་པ་སོགས་སུ་ཕེབས་ནས་གནས་བརྟན་བཅུ་དྲུག །ཉེ་སྲས་བརྒྱད་སོགས་ལྷ་སྐུ་གང་མང་བཅའ་བཟོ་གནང་བ་དང་། བརྩམས་ཆོས་གང་མང་ཞིག་ཧྲེན་ཀྲེན་ཅིན་ཞིའུ་ཀྲུང་ཧྭ་སྒྱུ་རྩལ་མཁར་གྲོང་སོགས་སུ་གཅེས་ཉར་བྱས་ཡོད་པས། རྒྱལ་ཕྱི་ནང་གི་སྒྱུ་རྩལ་པའི་གདེང་འཇོག་ཆེན་མོ་ཐོབ། དེ་ཡང་སྔ་གཞུག་ཏུ་རྒྱལ་ས་པེ་ཅིན་དང་། ཧྲེན་ཀྲེན། ཁྲེང་ཏུའུ་སོགས་རྒྱལ་ནང་གི་གྲོང་ཁྱེར་ཆེ་ཁག་ཏུ་ཞལ་ཐང་དང་འབུར་བརྐོས། བཅའ་བཟོའི་བརྩམས་ཆོས་གང་མང་འགྲེམ་སྟོན་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་གཟེངས་བསྟོད་བྱ་དགའ་དང་མཚན་སྙན་གྱི་རྟགས་མ་རབ་དང་རིམ་པ་གནང་། སློབ་གསེང་གི་དུས་ཚོད་བེད་སྤྱོད་ནས་མདོ་དབུས་ཁམས་གསུམ་དུ་རྟོག་ཞིབ་དང་འཆད་ཁྲིད་ལ་ཐེངས་མང་ཕེབས་ཤིང་། སྔ་གཞུག་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་དང་སྡེ་དགེ་དྷརྨ་ཀ་རའི་སློབ་གླིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཀརྨ་སྒར་བྲིས་རི་མོའི་ཟབ་སྦྱོང་འཛིན་གྲྭ་སོགས་སྤྱི་སྒེར་གཉིས་ཀྱི་ལས་རིག་སློབ་གྲྭ་དང་ཟབ་སྦྱོང་འཛིན་གྲྭ་རུ་སློབ་ཁྲིད་བྱེད་དུ་ཕེབས་ཤིང་། སློབ་མ་ཕུལ་དུ་བྱུང་བ་ཆར་རྗེས་ཀྱི་ཤ་མོ་ལྟར་རྡོལ།
        དང་ཐོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཕྱིན་སྐབས། མཁས་དབང་ཐུབ་བསྟན་ཉི་མ་མཆོག་གིས་ཁོང་ལ་ད་ལྟ་བོད་དུ་རི་མོ་འབྲི་ཤེས་མཁན་མི་ཉུང་བ་འདུག་ཀྱང་། རི་མོའི་ནང་དོན་དང་གཞུང་ལུགས་རྟོགས་མཁན་ཤིན་ཏུ་ཉུང་བས་མ་འོངས་པར་མུ་མཐུད་དུ་གཞུང་ལུགས་དང་ལག་ལེན་གཉིས་ཀ་ལ་ཤུགས་ཕྱུང་ན་ལེགས་གསུངས་པས། གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་ནས་ལྟོ་སྐྱ་གོས་ཧྲུལ་གྱིས་འབད་འབུངས་བྱས་ཤིང་མཁས་པའི་ཅོད་པན་ཐོགས། ཁོང་གིས་ཆུང་ནས་ད་བར་སློབ་སྦྱོང་དང་སློབ་ཁྲིད་ཀྱི་ཁྲོད་དུ་བློ་བསྐྱེད་བྱུང་བའི་ཉམས་མྱོང་དག་ཟིན་བྲིས་སུ་བཏབ་ནས། དུས་ཡུན་ངེས་ཅན་འགོར་རྗེས་ཡང་བསྐྱར་ལྟ་ཀློག་བྱེད་བཞིན་ཡོད་དེ། དེ་ནི་རང་ཉིད་ལྟ་བྱེད་ཀྱི་མེ་ལོང་དང་བླང་དོར་གསལ་བར་འབྱེད་པའི་ཤེས་རབ་རལ་གྲི་ལྟ་བུ་ཞིག་འདུག་པས་སློབ་མ་རྣམས་ལ་ཐབས་དེ་སྤྱོད་རྒྱུ་སྐུལ་བཞིན་ཡོད་གསུངས། གཞན་ཡང་སྔ་ན་མེད་པའི་བོད་ཀྱི་རི་མོའི་རྩ་ཚིག་མཛད་ནས། བློ་ལྡན་སློབ་བུ་རྣམས་ཀྱིས་རི་མོའི་མན་ངག་མཐའ་དག་ལས་སླ་མོའི་ངང་བློ་ལ་འཛིན་ཐུབ་པ་བྱས་ཡོད་དེ། དཔེར་ན་ཐིག་དེ་ཐོ་རིས་ནང་དུ་བསྡུ་བ་དང་། ཐོ་དེ་རི་མོའི་ནང་དུ་བསྡུ་བ། རི་མོའི་གནད་གསུམ་དང་མིག་གིས་ལྟ་སྟངས་བཞི། ལག་གི་འབྲི་ཐབས་བདུན། རི་མོ་ལ་མ་བུའི་དབྱེ་བ་འབྱེད་པ་སོགས་ཤིན་ཏུ་མང་ལ། ཁོང་གིས་རྩ་ཚིག་ནི་སྒོ་ལྕགས་འབྱེད་པའི་ལྡེའུ་མིག་ཡིན། རྩ་ཚིག་ཡག་པོ་མ་ཤེས་ན་འགྲེལ་བ་དེ་ལས་མི་ཤེས་པའི་གནས་ཚུལ་སོགས་གསུངས།
        ཁོང་གིས་མི་ཚེ་གཅིག་ལ་རི་མོ་འབྲི་བ་དང་འབུར་བརྐོས། བཅའ་བཟོ་སོགས་ཀྱི་ཉམས་མྱོང་མཐའ་ཡས་པ་ཞིག་བསགས་ཡོད་དེ། ལས་དང་པོ་བ་ཞིག་ལ་མཚོན་ན། དང་པོ་འབྱུང་བ་བཞིའི་སྐོར་གྱི་རི་མོ་འབྲི་བ་དང་། དེ་ནས་བྱ་བྱིའུ་སོགས་སྲོག་ཆགས་ཀྱི་སྐོར་དང་པ་ཏྲ་སོགས། མཐའ་མ་མིའི་གཟུགས་དང་ལྷ་སོགས་འབྲི་དགོས་ཚུལ་བཏོན། ཁོང་གིས་ཐུགས་ནན་མོའི་སྒོས་རང་རེ་བོད་ཀྱི་ལྷ་རིས་པ་རྣམས་ཀྱིས་བོད་རང་གི་ཁྱད་ཆོས་དེ་སྲུང་འཛིན་ཡང་དག་བྱ་དགོས་པ་དང་། སྔོན་བྱོན་མཁས་པ་རྣམས་ཀྱིས་རི་མོའི་ལེགས་ཆ་རྣམས་གཅིག་ཏུ་བསྡུས་ནས་ཡག་ཐོག་ཡག་བརྩེགས་མཛད་བཞིན་ཡོད་ཀྱང་། དེང་དུས་མཁས་པ་རློམ་པའི་ཡ་མ་ཟུང་རེ་འགས་རི་མོའི་ཞན་ཆ་མཐའ་དག་ཅིག་ཏུ་བསྡུས་པ་ལྟར་སྣང་བས། སྟག་མཆོང་ས་ཝ་མཆོང་། ཝ་ངན་མ་སྐེད་ཚིགས་བུད་ཅེས་པའི་དཔེ་ལྟར། རང་ལུགས་གཙིགས་སུ་འཛིན་པ་ལས་གང་བྱུང་དུ་ཉ་ཉུང་མཉམ་བསྲེས་བྱ་མི་རུང་། མ་འོངས་པ་བོད་ཀྱི་ལྷ་རིས་པ་དག་གིས་སྤྱི་བོད་ཀྱི་རི་མོའི་ཁྱད་ཆོས་དངོས་ལ་དབྱེ་ཞིབ་གསལ་པོ་བྱ་དགོས་ལ། སྒོས་སུ་རང་གི་ཁྱད་ཆོས་རྣམས་ལྷད་མ་འདྲེས་པ་རྒྱུད་འཛིན་གང་ལེགས་བྱས་ནས། ཁྱད་ཆོས་དེ་དག་གཞན་ལ་འབུར་དུ་ཐོན་པ་འཆད་ཐུབ་པ་བྱ་རྒྱུ་གལ་ཆེ་ཚུལ་གསུངས།
        མིག་སྔར་ཁོང་གིས《བཟོ་མཆོག་ལྟད་མོ་ཀུན་མཐོང》དང《བོད་ཀྱི་ཐང་གའི་རི་མོའི་རྨང་གཞིའི་རྩ་གནད་མཁོ་འདོན》ཞེས་པའི་སློབ་དེབ་གཉིས་རྩོམ་པར་མ་ཟད། བཟོ་རིག་པའི་རྒྱབ་ལྗོངས་དང་འབྲེལ་བའི་རིག་གཞུང་དཔྱད་རྩོམ་གང་མང་སྤེལ་ཡོད་ལ། མ་འོངས་པར་མུ་མཐུད་དུ་རི་མོའི་སློབ་དེབ་གསར་རྩོམ་དང་བསྡུ་སྒྲིག་ཐད་ཤུགས་ཕྱུང་རྒྱུ་དང་། སྔོན་གྱི་བརྩམས་རྣམས་ཕྱོགས་སྒྲིག་དང་རྗེས་སུ་ཁ་སྣོན་གང་ལེགས་གནང་འཆར་འདུག་ལ། ཞོར་དུ་སྣོད་ལྡན་སློབ་བུ་རྣམས་ལ་རང་གིས་མི་ཚེ་གཅིག་ལ་བསགས་པའི་ཉམས་མྱོང་རྨད་དུ་བྱུང་བ་དག་བུམ་པ་གོང་བྱོའི་ཚུལ་དུ་འཆད་སྤེལ་གནང་རྒྱུ་སོགས། མདོར་ན་ཇི་སྲིད་དབང་པོ་མ་ཉམས་ཀྱི་བར་དུ་བོད་ཀྱི་བཟོ་རིག་པ་ལ་དེ་སྲིད་དུ་སྲི་ཞུ་བསྒྲུབ་རྒྱུ་ཐུགས་ལ་བཅངས་ཤིང་། ནངས་སྔ་ལང་དང་དགོང་ཕྱི་ཉལ་གྱིས་འབད་འབུངས་གནང་དང་གནང་མུས་སུ་མཆིས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1