༄༅།། ཝུའུ་ཏའོ་ཙིས་ལག་རྩལ་བསླབས་པ།

པད་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-08



པད་མཚོས་བསྒྱུར།
        ཐང་རྒྱལ་རབས་ཀྱི་ཁའེ་ཡོན་ཁྲི་ལོའི་དུས་སྐབས་སུ། ཝུའུ་ཏའོ་ཙི་ཞེས་པའི་རི་མོ་པ་ཞིག་ཡོད་ལ། ཁོས་བྲིས་པའི་རི་མོར་སུས་ཀྱང་འགྲན་ཟླ་བྲལ་བ་ཞིག་ཡིན། བཤད་རྒྱུན་ལ་ཝུའུ་ཏའོ་ཙི་ཡིས་ལག་རྩལ་ཅུང་ཟད་བསླབ་འདོད་པས་རི་བོ་ཞི་ཧྲན་དུ་ལུའུ་པན་གཉིས་པ་ཞེས་མིང་དུ་གྲགས་པའི་ཤིང་བཟོ་ཞིག་ཡོད་པ་དེའི་མདུན་དུ་ལག་རྩལ་སློབ་པར་ཕྱིན།
        ཝུའུ་ཏའོ་ཙི་རི་བོ་ཞི་ཧྲན་གྱི་ལུའུ་པན་གཉིས་པར་འབོད་པའི་མདུན་དུ་སོང་སྟེ་ཡོང་དོན་གསལ་པོར་བཤད་པ་ན། ལུའུ་པན་གཉིས་པས“ཤིང་བཟོའི་ལག་རྩལ་སློབ་པར་དཀའ་སྡུག་མང་པོ་ཞིག་མྱོང་དགོས་པར་མ་ཟད། ད་རུང་ལུས་ཤུགས་ཀྱང་མང་པོ་འདོན་དགོས་པས་ཁྱོད་ཀྱིས་དཀའ་ངལ་དེ་དག་བཟོད་ཐུབ་བམ”ཞེས་དྲིས་པ་ན། ཝུའུ་ཏའོ་ཙི་ཡིས“བཟོད་ཐུབ།བཟོད་ཐུབ་ཁོ་ཐག་ཡིན”ཞེས་ལན་བཏབ་པས། ལུའུ་པན་གཉིས་པས་ཀྱང་ཁོ་ལ་ལག་རྩལ་འཁྲིད་རྒྱུ་ཁས་བླངས།
        ཝུའུ་ཏའོ་ཙི་ཡི་ལས་ཀ་དང་པོ་ནི་སོག་ལེ་འཐེན་རྒྱུ་དེ་ཡིན།སློབ་དཔོན་གྱིས་ཁོ་ལ་ཤིང་གི་མི་ཞིག་དང་མཉམ་དུ་འཐེན་དུ་བཅུག ཤིང་གི་མི་དེས་ལས་ཀ་གཞན་སྒྲུབ་མི་ཤེས་རུང་སོག་ལེ་འཐེན་ན་ཤིན་ཏུ་སྐྱེན་པོ་ཡོད། ཝུའུ་ཏའོ་ཙིས་ཉིན་བཅུ་ལྷག་ལ་སོག་ལེ་འཐེན་པས།ཐང་ཆད་དེ་སྐེད་པ་དང་དཔུང་བ་སོགས་ན་ནས་མ་བཟོད་པར་སློབ་དཔོན་གྱི་མདུན་དུ་སོང་ནས“སློབ་དཔོན།ཉིན་གང་པོར་སོག་ལེ་འཐེན་ན་སྙིང་པོོ་ཅི་ཡང་མེད་པས། ཁྱེད་ཀྱིས་ང་ལ་ལས་ཀ་གཞན་ཞིག་ཁྲིད་རོགས”ཞེས་བཤད།
        སློབ་དཔོན་གྱིས་སྨ་ར་དཀར་པོར་བྱིལ་བྱིལ་ཞིག་བྱས་རྗེས། “ཤིང་བཟོའི་ལས་ཀ་སློབ་ན་ཐོག་མར་སོག་ལེ་ཡག་པོ་ཞིག་འཐེན་ཤེས་དགོས། སོག་ལེ་ཡག་པོ་ཞིག་འཐེན་མ་ཤེས་ན་ལས་ཀ་གཞན་དག་ཇི་ལྟར་ལས་ཤེས་སམ”ཞེས་བཤད། ཝུའུ་ཏའོ་ཙིར་ཐབས་གཞན་མ་མཆིས་པས་ཕྱིར་ཡོང་ནས་ཤིང་གི་མི་དང་མཉམ་དུ་སོག་ལེ་ཆེན་པོ་དེ་མི་འཐེན་ག་མེད་བྱུང་། དེ་ལྟར་སོག་ལེ་འཐེན་ནས་སླར་ཡང་ཉིན་བཅུ་ཕྲག་ལྷག་འདས། ཝུའུ་ཏའོ་ཙི་སུན་སྣང་གིས་མ་བཟོད་པར་ཡང་བསྐྱར་སློབ་དཔོན་འཚོལ་དུ་སོང་མོད། སློབ་དཔོན་གྱིས་སྔར་བཞིན་ཁོ་ལ་སོག་ལེ་འཐེན་ཟེར་བ་ལས་གཞན་ཅི་ཡང་མ་ཁྲིད།དེ་བས་ཁོས་ལྐོག་ཏུ་ལམ་ཆས་དག་བསྡུ་གསོག་བརྒྱབ་ཅིང་སློབ་དཔོན་ལ་གསང་སྟེ་བོང་བུར་བཞོན་ནས་རི་ལས་བབས།
        ལམ་བར་དུ་ཝུའུ་ཏའོ་ཙིས་ལྕུག་པས་བོང་བུར་གཅར་ཞོར་དུ་སེམས་སུ་རང་ཉིད་ཕྱི་ལ་ལག་རྩལ་སློབ་ཏུ་ཡོང་བ་ཡིན་མོད། འོན་ཀྱང་སློབ་འདོད་པ་གཅིག་ཀྱང་མ་བསླབས་པར་ཕྱིར་ཕ་ཡུལ་ལ་འབྱོར་ཚེ་རྒན་པ་རྣམས་ལ་ཇི་ལྟར་རྩིས་སྤྲོད་དགོས་ཨང་སྙམ།
        ས་སྲོད་ཀྱི་དུས་སུ་ཝུའུ་ཏའོ་ཙི་རི་འདབས་ཀྱི་རྩྭ་ཁང་ཞིག་གི་ཉེ་འགྲམ་དུ་སླེབས། ས་རུབ་ལ་ཉེ་བས་ཁོས་སྤྱིལ་བུ་དེར་ཞག་གཅིག་ལ་གནས་ཚང་གཡར་དགོས་སྙམ་ནས་སྒོ་བརྡུངས་པ་ན།ར་སྐོར་ནང་ནས་རྒན་པ་སྨ་ར་དུང་ལྟར་དཀར་བ་ཞིག་ཐོན། ཁོས་མགོ་བོ་ཡར་བཀྱགས་ནས་མི་དེའི་གདོང་ལ་བལྟས་པ་ན་དངངས་སྐྲག་ཆེན་པོ་ཞིག་སྐྱེས།
        མ་གཞི་རྒན་པ་དེའི་སྨིན་མཚམས་སུ་ཤ་རྨེན་ནག་པོ་ཞིག་ཡོད་པ་མ་གཏོགས་གཟུགས་སྐྱེ་གཞི་རང་གི་སློབ་དཔོན་དང་ཨ་ན་མ་ན་ཡིན་པས་རེད། ཝུའུ་ཏའོ་ཙིས་རྒན་པ་དེར་རང་ཉིད་ལ་གནས་ཚང་ཞིག་གཡར་དགོས་ཚུལ་བཤད་པ་ན་རྒན་པ་དེས་ཁོ་རང་ར་སྐོར་ནང་དུ་སྣེ་ལེན་བྱས།སྐབས་དེར་ཏག་ཏག་སྟོན་མཇུག་ཏུ་ཁེལ་བས། ཝུའུ་ཏའོ་ཙི་ཡིས་ལྷས་རའི་ནང་ལུག་མིག་མེ་ཏོག་རྣམ་པར་བཞད་ཅིང་སྨྱུག་སྡོང་བསྟར་ཕྲེང་དུ་བསྒྲིགས་ལ། མེ་ཏོག་གི་དྲི་ཞིམ་ཐུལ་ཞིང་བྱ་བྱིའུའི་ཅ་ཅོ་སྒྲོག་བཞིན་པ་མཐོང་བའི་མོད་ལ། འདི་ནི་སྒྱུ་རྩལ་མཁན་གྱི་པིར་རྩེ་ལས་ཐོན་པའི་རི་མོ་ཞིག་དང་འདྲ་བར་མཛེས་ཤིང་ལྟ་ན་སྡུག་ཨང་སྙམ་བྱུང་། ཁང་ཁྱིམ་གྱི་དཀྱིལ་དབུས་སུ་རྒྱའི་བུད་མེད་ཀྱི་སྣང་བརྙན་བྲིས་པའི་རི་མོ་ཞིག་བཀལ་ཡོད་ལ།རི་མོའི་སྟེང་གི་བུད་མེད་ཀྱི་བཟོ་ལྟ་མཛེས་ཤིང་སྒེག་ཉམས་ལྡན་པས་ངག་རྒྱུན་ཁྲོད་ཀྱི་ཟླ་བའི་ལྷ་མོ་དང་འགྲན་ཆོག་ཆོག་རེད།
        རྒན་པ་དེས“སྐུ་མགྲོན་གྱིས་ལམ་བར་ནས་དཀའ་ལས་མྱངས་སོང་། ཇ་ཞིག་འཐུང་ནས་སྐོམ་པ་བསལ་ན་ག་འདྲ་རེད”ཅེས་ཝུའུ་ཏའོ་ཙིར་དྲིས།
        “ཕྲན་གྱིས་ཀྱང་ཇ་ཕོར་བ་གང་སློང་འདོད་ཡོད”ཅེས་ཝུའུ་ཏའོ་ཙིས་གུས་པ་དང་ལྡན་པའི་སྒོ་ནས་བཤད།
        རྒན་པས་རི་མོའི་སྟེང་དུ་མཛུབ་སྟོན་ཞིག་བྱས་པ་ན།རི་མོའི་སྟེང་གི་སྐྱེས་མ་དེ་ཚུར་ཐོན་བྱུང་ལ། ཅུང་མ་འགོར་བར་ཟས་རིགས་སྣ་ཚོགས་ཁྱེར་ནས་ཐོན་བྱུང་། རྒན་པས་ཡང་བསྐྱར་མཛུབ་སྟོན་ཞིག་བྱས་པ་ན། སྐྱེས་མ་དེ་ཕྱིར་རི་མོའི་སྟེང་སིམ་སོང་།
        ཝུའུ་ཏའོ་ཙི་ཡིས་ཁ་གདངས་ཤིང་མིག་བགྲད་ནས་ཟ་འཐུང་ཡང་བརྗེད་ལ། སེམས་སུ“ངས་ཀྱང་འཇོན་ནུས་འདི་འདྲ་ཞིག་བསླབས་ཐུབ་ཚེ། སྒོ་ཕྱིར་འོངས་ནས་སློབ་དཔོན་ཐེངས་གཅིག་བསྟེན་པ་ལའང་དོན་སྙིང་ལྡན”སྙམ། ཝུའུ་ཏའོ་ཙི་ཡིས“རྒན་པ་ལགས། རྗེས་རབས་པས་ཁྱེད་ཉིད་སློབ་དཔོན་ལ་བསྟེན་འདོད་པས་ཕྲན་སློབ་མར་ལེན་རོགས་ཞུ”ཞེས་བཤད།
        རྒན་རབས་པས་གདོང་ལ་འཛུམ་དང་བཅས་ཏེ“ང་རི་གྲོང་གི་རྒན་པ་ཞིག་ལ་འཇོན་ནུས་ཅི་ཞིག་ཡོད། སྐུ་མགྲོན་ཁྱེད་ཀྱིས་མཐོང་ཆེན་བྱས་དྲགས་སོང”ཞེས་བཤད།
        ཝུའུ་ཏའོ་ཙིས་པུས་མོ་ས་ལ་བཙུགས་ནས་ཞུ་བ་ཡང་ཡང་བྱས་ནས་བཤད་རྒྱུར“གལ་སྲིད་སློབ་དཔོན་གྱིས་ཕྲན་ཉིད་སློབ་མར་མི་ལེན་ན་ངས་འདི་ནས་ཚེ་གང་པོར་པུས་མོ་ས་ལ་བཙུགས་ནས་འདུག་རྒྱུ་ཡིན”ཞེས་བཤད།
        ཡིན་ནའང་རྒན་པ་རྐུབ་སྟེགས་སྟེང་ནས་ཕལ་ཆེར་གཉིད་དུ་ཡུར་བ་དང་འདྲ་བར།སློབ་དཔོན་ལ་བསྟེན་པའི་དོན་དག་དེར་སྣང་དོགས་ཅི་ཡང་མ་བྱས།
        ཝུའུ་ཏའོ་ཙི་ཡང་ཤིན་ཏུ་ཨུ་ཚུགས་ཆེ་བ་ཞིག་ཡིན་པས། ཏག་ཏག་ཉིན་ཞག་གསུམ་ལ་པུས་མོ་ས་ལ་བཙུགས་ནས་བསྡད། རྒན་པ་དེས་གླལ་སྒྱིང་ཞིིག་བྱས་པ་དང་མཉམ་དུ་གཉིད་ལས་སད། མིག་ཕྱེས་མ་ཐག་ཝུའུ་ཏའོ་ཙིས་ད་རུང་པུས་མོ་སར་བཙུགས་ཡོད་པ་མཐོང་བས་མྱུར་མོར་ཁོ་ཡར་འཐེན་ནས། “ཨ་ལ། ཁྱོད་ཀྱིས་ང་ལ་ལྟོས་དང་།ཅི་ཡིན་འདི་ཡིན་མེད་པར་དུས་ཡུན་འདི་འདྲ་རིང་པོ་ཞིག་ལ་གཉིད་སོང་། ཁྱོད་ཀྱིས་ད་རུང་འདི་ནས་པུས་མོ་བཙུགས་ནས་བསྡད་ཡོད་དམ། མགྱོགས་པོར་ཡར་ལོངས་དང”ཞེས་བཤད།
        དེ་ནས་ཝུའུ་ཏའོ་ཙིས་སློབ་དཔོན་གྱི་མདུན་ནས་ལོ་གསུམ་ལྷག་ལ་རི་མོ་སྦྱངས་རྗེས་བོང་བུར་བཞོན་ནས་ཕྱིར་ཡུལ་ལ་ལོག ཁྱིམ་མི་དག་གིས་ཝུའུ་ཏའོ་ཙི་ཡི་འཇོན་ནུས་དག་མཐོང་བས་སེམས་པ་རབ་ཏུ་སྤྲོ་བར་གྱུར།
        ཉིན་ཞིག ཝུའུ་ཏའོ་ཙིས་རི་མོ་འབྲི་སྐབས་པྲ་ཆལ་གྱི་བློ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། ཁོས་སེམས་སུ་རང་ཉིད་ཐོག་མར་རི་མགོར་སླེབས་ནས་ལག་རྩལ་སློབ་སྐབས། སློབ་དཔོན་ལུའུ་པན་གཉིས་པས་སོག་ལེ་འཐེན་དུ་བཅུག་པ་ལས་གཞན་ཅི་ཡང་མ་ཁྲིད་ལ། ད་ལྟ་རང་ཉིད་ཀྱིས་རི་མོ་འབྲི་ཤེས་པས། སློབ་དཔོན་ལ་འཕྲིན་ཞིག་བསྐུར་ཏེ་མགྲོན་ལ་འབོད་པ་དང་ཁོང་ལ་ཀུ་རེ་ཞིག་བརྩེས་ནས་ཡ་ལན་སྤྲོད་དགོས་སྙམ།
        དེར་བརྟེན། ཁོས་ལྐོག་ནས་མི་ཞིག་རི་བོ་ཞི་ཧྲན་དུ་མངགས་ནས་རང་ཉིད་ལ་ནད་གཞི་ལྕི་མོ་ཞིག་ཕོག་ཡོད་ལ། དང་ཐོག་སློབ་དཔོན་གྱི་མདུན་ནས་ལག་རྩལ་ཕྲན་ཙམ་བསླབས་མོད། འོན་ཀྱང་མཐར་ལག་རྩལ་སློབ་པ་ཕར་ཞོག ཐ་ན་ཁ་གྱེས་དུས་ཞལ་མཇལ་ཐེངས་གཅིག་ཀྱང་བྱེད་མ་ཐུབ་པས་འགྱོད་གདུང་ཆེན་པོ་སྐྱེས། ད་ནི་ཚེ་ཚད་ལ་ཐོན་པས་རྒན་དམ་པ་ལྷག་པར་དྲན། གལ་སྲིད་སློབ་དཔོན་གྱིས་དཀའ་ངལ་ལ་མི་འཛེམ་པར་དགེ་ཕྲུག་ལ་བལྟ་རུ་འོང་ཐུབ་ཚེ།དགེ་ཕྲུག་ཤི་ཡང་སློབ་དཔོན་དམ་པའི་བཀའ་དྲིན་སེམས་གཏིང་ལ་ཉར་ངེས་ཡིན་ཞེས་བཤད།
        ལུའུ་པན་གཉིས་པས་དེ་ནི་གཡོ་ཇུས་ཤིག་ཡིན་པ་མི་ཤེས་པས་འཕྲིན་སྐྱེལ་བའི་སྐད་ཆ་དེར་གསན་རྗེས། བསམ་པར་ཇི་ལྟར་བྱས་ཀྱང་དགེ་སློབ་ཐེངས་གཅིག་བྱས་པ་ཡིན་པས། ད་ནི་དགེ་ཕྲུག་གི་ཚེ་ཚད་ལ་ཉེ་བའི་སྐབས་འདིར། ཁོའི་སེམས་འདུན་འགྲུབ་པར་བྱེད་དགོས་བསམས་པས། འཕྲིན་སྐྱེལ་པ་དང་མཉམ་དུ་རི་ལས་བབས།
        ལུའུ་པན་གཉིས་པ་ཝུའུ་ཏའོ་ཙིའི་ཁྱིམ་གྱི་སྒོ་ཁར་སླེབས་པ་ན། ཁྱིམ་ནས་ངུ་སྐད་དང་སྐད་ཅོར་རྒྱག་པའི་སྐད། དུང་ཆེན་འབུད་པའི་སྒྲ་སོགས་གྲག་པ་ཐོས་པས་སེམས་སུ“བལྟས་ཡོང་ན་དགེ་ཕྲུག་འདས་སོང”སྙམ་ནས་ནང་དུ་འཛུལ་ནས་བལྟས་ཙ་ན། ལྷས་རའི་ནང་གདུང་ཁང་མཐོན་པོར་བཞེངས་ཡོད་ལ། རོལ་ཆ་འབུད་རྡུང་བྱེད་མཁན་ཚོ་གྲལ་ཤར་གཉིས་བྱས་ནས་རེས་མོས་ཀྱིས་འབུད་ཀྱིན་མཆིས། སློབ་དཔོན་དུར་སྒམ་མདུན་དུ་སོང་ནས། སེམས་སུ་ཚེ་འདིར་དགེ་སློབ་ཐེངས་གཅིག་བྱས་རུང་ཚེ་ཚད་ལ་སླེབས་དུས་ཆེས་མཐའ་མའི་སྐད་ཆ་ཚིག་གཅིག་ཀྱང་བཤད་ལོང་མ་བྱུང་བསམས་ནས་སེམས་སྡུག་ཚད་མེད་བྱས། ཁོས་དགེ་ཕྲུག་ལ་ཤོག་བུ་ཞིག་བསྲེག་བསམས་ནས་དུར་སྒམ་མདུན་དུ་སོང་བ་ན། བློ་ཡིད་ལས་འདས་པ་ཞིག་ལ་ཝུའུ་ཏའོ་ཙི་དུར་སྒམ་གྱི་རྒྱབ་ཕྱོགས་ནས་ཕྱིར་ཐོན་བྱུང་། སློབ་དཔོན་ལུའུ་པན་དངངས་སྐྲག་ཤིག་སྐྱེས་པ་དང་མཉམ་དུ་བྲེལ་འཚུབ་ཀྱིས “དགེ་ཕྲུག ཁྱོད་འདས་སོང་བ་མིན་ནམ”ཞེས་དྲིས།
        ཝུའུ་ཏའོ་ཙི་ཡིས་བློ་ཡིད་ཚིམ་པའི་ངང“སློབ་དཔོན། དགེ་ཕྲུག་ང་ཤི་མེད་ཡ། འདི་ཚང་མ་སློབ་དཔོན་ཁྱེད་ལ་ཀུ་རེ་ཞིག་བརྩེས་པ་ཙམ་ཡིན”ཞེས་ལན་བཏབ།
        “དེས་ན་ཁྱོད་ཀྱིས་མི་འདི་འདྲ་མང་པོ་ཞིག་བོས་ཏེ་དངོས་གནས་འདས་མཆོད་སྒྲུབ་པའི་རྣམ་པ་ཞིག་བསྟན་ནས་ཅི་བྱེད”ཅེས་ཁོང་ཁྲོའི་ངང་བཤད།

        “དྲང་མོར་བཤད་ན། ཁོ་ཚོ་སློབ་ཕྲུག་ངས་བྲིས་པའི་རི་མོ་འགའ་ཡིན་པ་ལས་མི་ངོ་མ་མིན”ཞེས་བཤད་རྗེས། ཝུའུ་ཏའོ་ཙིས་མཛུབ་སྟོན་ཞིག་བྱས་པ་ན་ཁང་པའི་གྱང་ངོས་སུ་བཀལ་ཡོད་པའི་མྱ་ངན་ཞུ་བའི་རི་མོ་དེ་ལས་གཞན་གདུང་ཁང་དང་རྔ་རྡུང་མཁན། དུར་སྒམ་སོགས་མི་སྣང་བར་གྱུར།        

        ལུའུ་པན་གཉིས་པས་རྣམ་པ་དེ་དག་མཐོང་ནས་གདོང་ཡང་སེར་པོར་གྱུར་ལ། སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་གོམ་སྟབས་ཆེན་པོས་སྒོ་ཆེན་གྱི་ཕྱོགས་སུ་སོང་། ཝུའུ་ཏའོ་ཙི་མགྱོགས་པོར་སོང་ནས་བཀག་ཀྱང་འགོག་མ་ཐུབ།

        ཝུའུ་ཏའོ་ཙི་ཡིས་སློབ་དཔོན་ལ་ཡ་ལན་བསློགས་སོང་སྙམ་སྟེ་སེམས་པ་ཧ་ཅང་དགའ་ཞིང་ཉིན་དེའི་དགོང་མོར་གཉིད་སྐྱིད་པོ་ཞིག་ལོག ཕྱི་ཉིན་ཞོགས་པར་ཁོས་སྒོ་ཕྱེ་བ་ན་སྒོའི་སྟེང་དུ་མི་ཞིག་ལྕེབས་ཡོད་པ་མཐོང་ནས་ཅུང་མིན་ན་སྐྲག་ནས་ཤི་སོང་། ཁོས་རྣམ་རིག་བསྒྲིམས་ནས་ཞིབ་ལྟ་ཞིག་བྱས་པ་ན་དེ་ནི་རང་གི་སློབ་དཔོན་ལུའུ་པན་གཉིས་པ་ཡིན་པ་ཤེས། ཁོའི་སེམས་སུ་སློབ་དཔོན་རང་གི་གཡོ་ཇུས་འོག་ཚུད་པས་ཕྱིར་རི་བོ་ཞི་ཧྲན་ལ་ལོག་པར་ངོ་ཚ་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་རང་སྲོག་བཅད་པ་ཡིན་པར་འདོད། ཝུའུ་ཏའོ་ཙི་འགྱོད་པ་ཆེན་པོ་སྐྱེས་ཤིང་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཞོན་རྟ་མྱུར་མོ་ཞིག་ལ་བཞོན་ནས་རི་བོ་ཞི་ཧྲན་ལ་དགེ་ཡུམ་ལ་འདས་བརྡ་གཏོང་བར་ཕྱིན།

        ཝུའུ་ཏའོ་ཙི་རི་བོ་ཞི་ཧྲན་ལ་འབྱོར་ནས་སློབ་དཔོན་གྱི་སྡོད་གནས་སུ་སོང་བ་ན་དགེ་ཡུམ་གྱིས་མགོ་བོ་བསྒུར་ནས་འཁེལ་འཐག་འཁེལ་བཞིན་པ་མཐོང་། ཝུའུ་ཏའོ་ཙི་མདུན་དུ་སོང་ནས་པུས་མོ་ས་ལ་བཙུགས་ཏེ་སྐད་གསང་མཐོན་པོས་ངུ་སྐད་བརྒྱབ།

        དགེ་ཡུམ་གྱིས་ཚུལ་དེ་མཐོང་འཕྲལ་བྲེལ་འཚུབ་ཀྱིས“བྱིས་པ་འདི་ད། ཁྱོད་ལ་ཅི་ཞིག་བྱུང་སོང”ཞེས་དྲིས།

        ཝུའུ་ཏའོ་ཙིས་དོན་དག་གི་བརྒྱུད་རིམ་མཐའ་དག་དགེ་ཡུམ་ལ་བཤད་པ་དང་། “ཚང་མ་ངའི་སྐྱོན་ཡིན། ང་རེ་ཞིག་རྨོངས་པར་གྱུར་ནས་སློབ་དཔོན་གནག་པ་རེད། དགེ་ཡུམ། ཁྱོད་ཀྱིས་ང་ལ་གཅར་རོགས”ཞེས་བཤད།

        དགེ་ཡུམ་གྱིས་ཁོས་བཤད་པ་དག་ལ་མཉན་རྗེས་རིམ་གྱིས་འཁེལ་འཐག་གི་མཚམས་བཞག་ནས་ཁང་པ་ནང་མའི་སྒོ་ལ་མཛུབ་མོས་སྟོན་བཞིན་ཝུའུ་ཏའོ་ཙི་ལ“དཔེ་སྲིད་རྒྱུ་མ་རེད། ཁྱོད་ཀྱི་སློབ་དཔོན་རྩ་བ་ནས་རི་ལས་མ་བབས། ཁྱོད་ཀྱིས་ལྟོས་དང་། འདིར་ཁང་པའི་ནང་ཇ་འཐུང་བཞིན་ཡོད”ཅེས་བཤད།

        ཝུའུ་ཏའོ་ཙིས་གསན་རྗེས། མྱུར་དུ་ཁང་པ་ནང་མའི་སྒོ་ཡོལ་ཡར་བཀྱགས་ནས་བལྟས་པ་ན། རང་གི་སློབ་དཔོན་ལུའུ་པན་གཉིས་པ་དེ་རྐུབ་སྟེགས་སྟེང་བསྡད་ནས་ཇ་འཐུང་བཞིན་མཆིས། ཁོས་ད་གཟོད་རང་ཁྱིམ་གྱི་སྒོ་ཁར་བཀལ་ཡོད་པ་དེ་ནི་སློབ་དཔོན་མ་ཡིན་པར་སློབ་དཔོན་གྱིས་ལས་པའི་ཤིང་གི་མི་ཡིན་པ་རྟོགས། ཁོ་ངོ་ཚ་ཞིང་འགྱོད་པ་སྐྱེས་ནས་མྱུར་མོར་སློབ་དཔོན་གྱི་མདུན་དུ་སོང་ནས་འགྱོད་ཕྱག་བཙལ།

        ལུའུ་པན་གཉིས་པས“ཁྱོད་ཀྱིས་ཅི་ཡང་བཤད་མི་དགོས།ད་ཕྱིར་ཕེབས་དང”ཞེས་བཤད།

        ཝུའུ་ཏའོ་ཙིས་མྱུར་དུ་དགོངས་དག་ཞུས་ནས“ཚང་མ་དགེ་ཕྲུག་ང་ཁོག་རྒྱ་དོག་ལ་ངང་ཐུང་ཡིན་པའི་རྐྱེན་ཡིན། སློབ་དཔོན་ལགས། ཁྱེད་ཀྱིས་ཕྲན་ཆུང་ང་ལ་གཅར་རྡུང་བྱས་ཆོག་ལ་སྡིགས་མོ་བྱས་ཀྱང་ཆོག དགེ་ཕྲུག་གིས་ཁྱེད་ཉིད་སླར་ཡང་སློབ་དཔོན་ལ་བསྟེན་ནས་ལག་རྩལ་སློབ་འདོད”ཅེས་བཤད།

        ལུའུ་པན་གཉིས་པས་གསན་རྗེས་མགོ་བོ་ཅུང་ལྡེམ་ཙམ་བྱས་ནས་འདི་ལྟར་བཤད། “ཁྱོད་ཀྱི་རི་མོ་རི་འདབས་ཀྱི་རྒན་པ་དེ་ལས་བསླབས་པ་ཡིན་ནམ། ཁོ་རང་ངའི་གཅུང་པོ་ཡིན། ཁྱོད་ལ་ལྷན་སྐྱེས་ནས་རི་མོ་འབྲི་བའི་ནུས་པ་ཆེན་པོ་ཞིག་ཡོད་པས། ངའི་གཅུང་པོའི་གམ་དུ་སོང་ནས་རི་མོ་འབྲི་སྦྱོང་སློབས་དང་།དོན་དག་འདི་དག་ཚང་མ་ཁོས་ཤེས་ཡོད་པས་ཁྱོད་ལ་ལེ་བདའ་མི་བྱེད། ”

        ཝུའུ་ཏའོ་ཙིས་ལུའུ་པན་གཉིས་པས་དེ་ལྟར་བཤད་པ་ཐོས་རྗེས། ཤིང་བཟོའི་ལག་རྩལ་སློབ་པའི་བློ་མེད་པར་བཟོས་ནས། ཐེངས་གཉིས་པར་རི་འདབས་སུ་སོང་ནས་སླར་ཡང་སློབ་དཔོན་རྒན་པ་དེ་དང་ལྷན་དུ་ལོ་བཅུ་ལ་རི་མོ་འབྲི་སྦྱོང་བསླབས། ཐེངས་དེར་ཁོས་སློབ་དཔོན་གྱི་འཇོན་ནུས་མཐའ་དག་བསླབས་པ་དང་། ངག་རྒྱུན་ལ་ཁོ་རི་ནས་ཕྱིར་ལོག་རྗེས། ཁོས་བྲིས་པའི་སྲོག་ལྡན་དངོས་པོ་དག་གསོན་ཐུབ་ཅེས་གྲགས། རྗེས་སུ། མི་རྣམས་ཀྱིས་ཁོང་ལ“སྒྱུ་རྩལ་གྱི་ལྷ་ཆེན་པོ”ཞེས་འབོད། །


                                   བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1