༄༅། །བདུད་འདུལ།

ཚུལ་ཁྲིམས་བཟང་པོས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-08


ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདུད་འདུལ་ལགས་ཀྱི་གནས་ཚུལ་རགས་བཀོད།
ཚུལ་ཁྲིམས་བཟང་པོས་བྲིས།

        ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདུད་འདུལ་ལགས་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་སྟེ་སྤྱི་ལོ་1962ལོར་ཁམས་སྡེ་དགེ་དཔལ་སྤུངས་སུ་སྐྱེས། ཆུང་དུས་སློབ་ཆུང་དུ་འགྲོ་ཞོར་ཕ་ཡབ་ཡོན་ཏན་ཕུན་ཚོགས་འཁྲིས་སུ་བོད་ཡིག་འབྲི་ཀློག་ནས་གསོ་རིག་གཞུང་ལུགས་ལག་ལེན་བར་གྱི་བོད་རིག་པའི་ཤེས་བྱ་གྲངས་མང་བསླབས། ལོ་ན་ཅུང་ནར་སོན་སྐབས་ཡུལ་དེའི་རིག་པའི་གནས་སྤྱིའི་མཁས་དབང་ཆེན་པོ་ཐང་བླ་ཚེ་དབང་དང་སྐར་འབྱུང་རྩིས་ཀྱི་རིག་པར་མངའ་དབང་འབྱོར་བའི་སྐྱབས་ཆེ་ཕན་བདེ་ཟུང་གི་མདུན་དུ་བརྡ་སྤྲོད་སི་ཏུའི་འགྲེལ་ཆེན་དང་སྙན་དངགས་མེ་ལོང་རྩ་འགྲེལ་དཔེ་བརྗོད་བཅས། སྤྱོད་འཇུག་རྩ་འགྲེལ་དང་གྲུབ་མཐའི་དཔེ་ཚོགས། དཀར་ནག་རྩིས་རིག་དང་མིང་གི་མངོན་བརྗོད། ལོ་རྒྱུས་དེབ་ཐེར་སོགས་ལ་སློབ་སྦྱོང་ཚར་གྲངས་བྱས་པས་ཆོས་ལུགས་རིག་གནས་ལོ་རྒྱུས་སྤྱི་ལ་ཤེས་ཚད་མི་དམན་པར་ཐོབ། དེ་ནས་རྒྱལ་ཁབ་ལས་དོན་ལ་ཞུགས་པའི་ཐོག་མར་སློབ་ཆུང་དགེ་རྒན་དང་བོད་སྨན་པའི་བྱ་བ་ཟུང་དུ་འབྲེལ་ནས་གནས་པའི་སྐབས་དེར། བོད་ཀྱི་མཁས་དབང་ཆེན་པོ་དམུ་དགེ་བསམ་གཏན་མདུན་དུ་རྗེ་རང་ཉིད་ཀྱིས་མཛད་པའི་སུམ་རྟགས་དང་སྙན་ངག །ཚད་མ་བཅས་ཆ་ཚང་ཞུས་པ་དང་། ཁྲོ་རུ་མཁན་ཆེན་ཚེ་རྣམ་ཞལ་སྔ་ནས་དངུལ་ཆུ་བཙོ་བཀྲུའི་ལྕགས་ཁམས་ཐལ་བཟོ་དང་རིན་ཆེན་རིགས་ཀྱི་སྦྱོར་སྡེ་བཅས་ཀྱི་ལག་ལེན་བྱ་ཚུལ། གསོ་རིག་རྒྱུད་བཞིའི་ཁྲིད་ལུང་སྦྲགས་མ་སོགས་ལེགས་པར་ཐོབ་པས་རིག་གཞུང་ལག་ལེན་སྤྱི་བྱེར་ཀུན་ལ་རྒྱུས་མངའ་སྔར་བས་ཇེ་ཆེར་སོང་བ་དང་། ཁྱད་པར་བོད་ཀྱི་གསོ་རིག་གཞུང་ལུགས་ལག་ལེན་ཀུན་ལ་མི་ཚེ་ཧྲིལ་པོར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྔ་ཕྱིར་ཡུལ་སྡེའི་མཉམ་འབྲེལ་སྨན་ཁང་གི་སྨན་པ་རྐང་རྗེན་མ་དང་། སྡེ་དགེ་རྫོང་བོད་སྨན་ཁང་། དཀར་མཛེས་ཁུལ་བོད་སྨན་ཁང་། ལྷོ་ནུབ་མི་རིགས་སློབ་གྲྭའི་སྨན་རིག་གླིང་བཅས་སུ་བྱ་བ་མང་ཙམ་བསྒྲུབས་ཤིང་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ།

        ལོ་ན་བཅུ་གཉིས་ཙམ་ནས་སོ་ལྔའི་བར་གྱི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རང་ཉིད་ཀྱི་ཕ་ཡབ་དང་འབྲལ་བ་མེད་པར་གསོ་རིག་གཞུང་ལག་ལེན་གཉིས་ཀར་ཐོས་བསམ་དོན་གཉེར་ལྷུར་ལེན་བྱས་པ་དང་། སྡེ་དགེ་རྫོང་བོད་སྨན་ཁང་དུ་མི་ཕམ་སྨན་ཡིག་དང་རིན་གཏེར་སྨན་ཡིག་ཕྱོགས་སྒྲིག་སོགས་ཀྱི་གསོ་རིག་གནའ་དཔེ་ཕྱོགས་སྒྲིག །ཁྱད་པར་མཚུར་ལུགས་རྩིས་གཞི་ལ་རྒྱ་རྩིས་ཀྱིས་ཟུར་རྒྱན་པའི་དཔལ་སྤུངས་ལོ་ཐོ་ལྟར་གྱི་ལོ་ཐོ་འགྲེམས་སྤེལ་བྱས་པ་དང་། བསྡོམས་དེབ་བརྒྱད་ཅན་གྱི་སྡེ་དགེ་པར་ཁང་དཀར་ཆག་ཞིབ་རྒྱས་རྩོམ་སྒྲིག་བྱ་བའི་གཙོ་སྒྲིག་པའི་ལས་འགན་འཛིན་པས། ངེས་པ་དོན་གྱི་མཁས་པའི་དབང་པོ་སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་མཆོག་གི་ཞལ་བཀོད་ལྟར་དཀར་ཆག་གི་མིང་དང་གོ་རིམ། སྒྲིག་སྟངས་གསལ་བཤད་སོགས་ལག་བསྟར་ཞིབ་ཆར་བགྱིས་པ་དང་། ཁྱད་པར་སྔ་འགྱུར་རྙིང་མའི་ཟབ་གཏེར་རྒྱ་མཚོ་མན་ངག་རིན་ཆེན་གཏེར་གྱི་མཛོད་ཆེན་གྱི་དཀར་ཆག་ས་བཅད། གཏེར་ཆེན་བརྒྱ་རྩའི་རྣམ་ཐར། ནང་དོན་རགས་བསྡུས་བཅས་ཚད་ལྡན་གནད་སྨིན་བཀོད། སྡེ་དགེ་རྫོང་སྲིད་གཞུང་དང་རོགས་སྐྱོར་ཚོགས་པའི་ཨ་དཀོན་རིན་པོ་ཆེའི་ཐུགས་ཁུར་གཟིགས་སྐྱོར་འོག་གསར་དུ་བཙུགས་པའི་བོད་སྨན་སློབ་གྲྭའི་སློབ་མ་བརྒྱ་ཕྲག་ཉེ་བ་གསོ་སྐྱོང་དང་སློབ་མཐར་ལེགས་པར་ཕྱིན། དེང་གི་སྡེ་དགེ་རྫོང་བོད་སྨན་ཁང་གི་རྐང་འཛིན་སྨན་པ་ཕལ་ཆེར་ཡང་སློབ་གྲྭ་འདི་ཉིད་ལས་བྱུང་བ་ཤ་སྟག་ཡིན་པས་ཕན་པ་རྒྱ་ཆེར་ཐོན།
        ལོ་ན་སོ་དྲུག་ནས་ལྔ་བཅུའི་བར་གྱི་ལོ་བཅོ་ལྔའི་རིང་ལ་སྔ་རྗེས་སུ་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་དང་། དཀར་མཛེས་ཁུལ་འཕྲོད་བསྟེན་ཅུས། དཀར་མཛེས་ཁུལ་བོད་སྨན་ཁང་བཅས་སུ་ལས་དོན་བསྒྲུབས། སྡེ་དགེ་རྫོང་དུ་འཕྲོད་བསྟེན་སྡེ་ཁག་གི་ལས་དོན་གཙོར་བཟུང་གིས་རྫོང་བོད་སྨན་མཐུན་ཚོགས་ཀྱི་ཚོགས་གཙོའི་ལས་འགན་ཁུར། རྫོང་བོད་སྨན་ཁང་དང་རྫོང་སར་བོད་སྨན་ཁང་། ར་སྐོར་བོད་སྨན་ཁང་། ཨ་ཁྲིའི་བོད་སྨན་ཁང་གིས་གཙོས་པའི་བོད་སྨན་ཁང་དང་བོད་སྨན་པ་མང་དག་ཅིག་ལ་གོང་རིམ་གྱི་རྒྱབ་སྐྱོར་དང་། ཕན་ཚུན་རོགས་ཕན་བཅས་མདོར་ན་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་བོད་སྨན་ཡར་རྒྱས་གཏོང་རྒྱུའི་འཕྱུར་རླབས་གསར་སྤྲོས་ཀྱི་གོ་སྐབས་བཟང་པོ་བསྐྲུན། ཁུལ་འཕྲོད་བསྟེན་ལས་ཁུངས་སུ་སྡོད་སྐབས་ཁུལ་བོད་སྨན་ཁང་རྒྱ་བསྐྱེད་གཏོང་རྒྱུ་དང་བོད་སྨན་གཞི་རྒྱ་ཅུང་ཆེ་བའི་རྫོང་སོ་སོའི་སྨན་རྫས་སྦྱོར་བཟོ་ཁང་ཚན་རིག་དང་མཐུན་པའི་ཚད་ལྡན་ཅན་དུ་བསྒྱུར་བར་ཆེད་ལས་དང་མཐུན་པའི་བྱ་བ་གང་ལེགས་བསྒྲུབས། ཁུལ་བོད་སྨན་ཁང་དུ་བོད་སྨན་འབུམ་རམས་པའི་མཚན་ཐོབ་བཞེས། ཟུར་ལུགས་བོད་སྨན་ཞེས་པ་དང་གླིང་སྨན་བཀྲ་ཤིས་འབུམ་གྱི་ཞལ་ཤེས་སྐོར་བཅས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྣམ་གྲངས་ཚན་པ་རྒྱ་བོད་སྐད་གཉིས་ཐོག་ནས་པར་བསྐྲུན་འགྲེམས་སྤེལ་ཡོངས་རྫོགས་གྲུབ། ལོ་ནར་མའི་བོད་སྨན་སྦྱོང་བརྡར་འཛིན་གྲྭར་སློབ་ཁྲིད་དང་ཞབས་ཞུ་སོགས་ཀྱི་ལས་འགན་གང་མང་བསྒྲུབས། དེ་ལྟ་སྔ་རྗེས་སུ་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་དུ་རྫོང་དཔོན་གཞོན་པ་དང་། ཁུལ་འཕྲོད་བསྟེན་ཅུས་སུ་ཅུས་ཀྲང་གཞོན་པ། ཁུལ་བོད་སྨན་ཁང་དུ་ཡོན་ཀྲང་གཞོན་པ་བཅས་ཀྱི་གོ་ཐོབ་བཞེས་པ་དང་། རྫོང་དང་ཁུལ་བཅས་རིམ་པ་ཁག་གི་སྲིད་གྲོས་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལོ་ངོ་ཉི་ཤུ་ལྷག་རིང་བྱས། དེའི་བར་ལ་ཁུལ་དང་ཞིང་ཆེན་ཏང་ཨུའི་སློབ་གྲྭ་དང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གྲྭ་སོགས་སུ་སློབ་སྦྱོང་ཐེངས་མང་སོང་།
        སྤྱི་ལོ་2013ལོ་ནས་ད་ལྟའི་བར་གྱི་ལོ་ངོ་བརྒྱད་རིང་ལ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་བོད་སྨན་ཆེད་ལས་སློབ་མ་དང་བོད་རིག་པའི་དངོས་གཞི་ཞིབ་འཇུག་བཅས་ཀྱི་སློབ་མ་ལ་སློབ་ཁྲིད་དང་སློབ་གྲྭའི་སྤྱི་འགྲོས་ལྟར་ཚན་རིག་ཞིབ་འཇུག་གི་བྱ་བའི་ཁུར་ཡང་བཞེས། སྔ་རྗེས་སུ་སློབ་ཁྲིད་བྱ་ཡུལ་གྱི་སློབ་མ་སྟོང་ལ་ཉེ་བ་དང་ཁྱད་པར་གསོ་རིག་སློབ་མ་ཉིས་བརྒྱ་ལྷག་ལ་ཞིང་ཆེན་ལྗོངས་ལྔའི་གཅིག་གྱུར་གྱི་བོད་ཡིག་སློབ་དེབ་བེད་སྤྱོད་བཏང་བས་སྦྱངས་འབྲས་ཕུལ་ཕྱིན་ཐོབ། རྣམ་གྲངས་ཚན་པ་ཐད་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་སི་ཁྲོན་ཟུར་ལུགས་བོད་སྨན་ཞེས་པ་དང་། རྒྱལ་ཁབ་ཀྲུང་ལུགས་དོ་དམ་ཅུས་ཀྱི་ཀྲུང་ཧྭ་གསོ་རིག་གནའ་དཔེ་བསྡུ་སྒྲིག་སོགས་ཀྱི་ལས་འགན་བསྒྲུབས་དང་སྒྲུབ་བཞིན་པར་མཆིས། གཞན་པའི་རྣམ་གྲངས་ཀྱི་བྱ་བ་དང་རིག་རྩལ་བགྲོ་གླེང་ཚོགས་ཞུགས་ཀྱང་མི་ཉུང་བ་བྱས་ཡོད་དེ། དཔེར་ན་རྒྱལ་ནང་དུ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་སྨན་དཔྱད་གསོ་ཐབས་ལག་ལེན་བཅོ་བརྒྱད་དང་། མཚོ་སྔོན་བོད་སྨན་ཞིབ་འཇུག་ཁང་དང་བོད་ལྗོངས་སྨན་རྩིས་ཁང་བཅས་ཀྱི་བོད་སྨན་མིང་ཚིག་རྒྱ་བོད་ཤན་སྦྱར་མའི་ཚིག་མཛོད་ཀྱི་རྩོམ་སྒྲིག་བྱ་བ། མཚོ་སྔོན་ཞིང་ཆེན་བོད་སྨན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་སློབ་དེབ་ཞུ་དག་གཏན་འབེབས་ཀྱི་ཚོགས་འདུ་སོགས་དང་། ཕྱི་རྒྱལ་ཡོ་རོབ་སི་ཕན་རྒྱལ་ཁབ་སོགས་སུ་བོད་ཀྱི་གསོ་རིག་འཆད་ཁྲིད་བགྲོ་གླེང་དུ་མར་ཞུགས་མྱོང་ཡོད།

        དཔྱད་རྩོམ་དང་ཆེད་རྩོམ་ལ་རང་ལོ་ཉི་ཤུ་པའི་ན་གཞོན་སྐབས་གངས་དཀར་རི་བོའི་དུས་དེབ་ཏུ་སྙན་རྩོམ་ཅོ་ཀའི་དྲུག་འགྱུར་ཞེས་པའི་རྩོམ་ཐུང་བཀོད་ནས་ད་བར་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་སྒེར་དང་མཉམ་འབྲེལ་གྱི་རྩོམ་ཡིག་དུས་དེབ་ཁག་ཏུ་བཅུ་ཕྲག་ཁ་ཤས་སྤེལ་ཡོད་ལ། དེ་བཞིན་ཆེད་རྩོམ་ཡང་དེབ་གྲངས་བཅུ་ཕྲག་བརྒལ་བར་པར་བསྐྲུན་འགྲེམས་སྤེལ་གནང་། དེ་ལས་ཆེས་གལ་འགངས་སམ་རིན་ཐང་ཆེ་བ། དཀའ་ཚེགས་ཆེ་བའི་རྩོམ་དེབ་ནི་ཁོང་གིས་ལོ་མང་རིང་ལས་ཞོར་དུ་རྩོམ་འབྲིའི་བྱ་བར་ཞུགས་པའི《གསོ་རིག་ཚིག་མཛོད་ཡོངས་འདུའི་དགའ་ཚལ》ཉིད་ཡིན་པ་དང་། དེ་སྔ་པར་སྐྲུན་འགྲེམས་སྤེལ་ཐེངས་གཉིས་བྱས་པས་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཐོབ་པར་མ་ཟད། ཀྲུང་གོའི་བོད་ཀྱི་རིག་གནས་ཚིག་མཛོད་ལས་གསོ་རིག་ཆེད་ཚན་དུ་བེད་སྤྱོད་བཏང་བའི་གྲངས་ཚད་ཀྱང་མི་ཉུང་བར་ཟིན་པས་གྲུབ་འབྲས་མངོན་གསལ་ཐོན། གསོ་རིག་ཚིག་མཛོད་སྤྱིའི་ནང་དོན་ལ་རྩ་བའི་ཁག་བཅུ་འདུས་ཡོད་པ་སྟེ། དང་པོ་གོ་དཀའ་བའམ་ཐུན་མིན་གྱི་ཐ་སྙད་སྤྱིའི་འགྲེལ་བཤད་སྐོར། གཉིས་པ་དཔལ་ལྡན་རྒྱུད་བཞིའི་ཚིག་འབྲུ་གོ་དཀའ་བ་དང་ཁྱད་པར་ཚིག་རྐང་ཁག་གཅིག་ལ་དམིགས་སུ་གསལ་འགྲེལ་བྱས་པའི་སྐོར། གསུམ་པ་ལུས་ཁམས་རིག་པའི་སྐོར། བཞི་པ་ནད་ཁམས་རིག་པའི་སྐོར། ལྔ་པ་སྨན་རྫས་རིག་པའི་སྐོར། དྲུག་པ་སྨན་རྫས་བསྡུ་སྦྱོར་སྐོར། བདུན་པ་གསོ་རིག་མཁས་དབང་གི་རྣམ་ཐར་སྐོར། བརྒྱད་པ་གསོ་རིག་བསྟན་བཅོས་ཁག་གི་མཚན་དང་ནང་དོན་རགས་བསྡུས་སྐོར། དགུ་པ་དེང་དུས་དར་ཁྱབ་ཆེ་བའམ་གསོ་དཀའ་བའི་ནད་རིགས་ཁ་ཤས་གསར་དུ་བསྣན་པའི་སྐོར། བཅུ་པ་སེམས་ཁམས་རིག་པས་ནད་བཅོས་བྱ་ཚུལ་སྐོར་བཅས་སོ། །ཁོང་གིས་ཚིག་མཛོད་འདི་པར་བསྐྲུན་རྗེས་སུ་ཁ་སྐོང་ལེགས་བཅོས་བྱས་དང་བྱེད་མུས་ཀྱི་ཐུགས་འདུན་འདུག་ལ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་གིས་ཀྱང་སླར་ཡང་པར་དུ་བསྐྲུན་རྒྱུའི་ཞལ་བཞེས་ལེགས་པར་ཐོབ་པས། དུས་ཡུན་མི་རིང་བར་འབྲེལ་ཡོད་ཀློག་མཁན་རྣམ་པའི་སྤྱན་སྔར་བསྐྱར་དུ་ལེགས་འབུལ་ཐུབ་ན་སྙམ་པའི་རེ་བ་དམ་པོར་བཅངས་བཞིན་མཆིས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1