བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་200ལྷག་ཙམ་གྱི་འཐུང་ཆུའི་དཀའ་ངལ་ཐག་གཅོད་ཐུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 12-09



          དེ་སྔོན་དགུན་དུས་སུ་སླེབས་སྐབས། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་མི་ལོག་གྲོང་ཚོའི་གྲོང་མི་ཇོ་རྡོས་ཉིན་ལྟར་ཆུ་ཡུར་ནས་ཆུ་ལེན་པར་ཐེངས་གསུམ་བཞི་ཙམ་སྐྱོད་དགོས་ཀྱི་ཡོད། མི་དང་ནོར་ལུག་གིས་འཐུང་བའི་ཆུ་གཅིག་པ་ཡིན་པ་མ་ཟད། སྐབས་འགར་ཆུ་མང་ཆེ་བ་ནོར་ལུག་གིས་བཏུངས་ནས་མིའི་འཐུང་ཆུར་དཀའ་ངལ་འཕྲད་ཀྱི་ཡོད། “ཉེ་བའི་ལོ་ཤས་རིང་ཆུ་ཀ་ལ་ཁྲིད་པས་ཆུ་ལེན་པར་སྐྱོད་དགོས་ཀྱི་མི་འདུག་ལ་འཐུང་ཆུ་ཡང་གཙང་མ་འདུག”ཅེས་ཇོ་རྡོར་གྱིས་བཤད། ཇོ་རྡོར་གྱིས་ཁང་པའི་ཕྱི་ནང་གི་ཆུ་ཀ་ལའི་གཅུས་སྒོ་ནས་ཆུ་གློད་པས། དྭངས་ཤིང་གཙང་བའི་ཆུ་ཤག་སྒྲ་དང་བཅས་དོན་པས་ཁོང་གི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།
          གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70སོང་རིང་ཏང་དང་སྲིད་གཞུང་གིས་བོད་ལྗོངས་ཀྱི་ཞིང་འབྲོག་པའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་ཆེད་སྔ་རྗེས་སུ“སྐྱེད་མའི་ཁྲོན་པ”སོགས་གཅིག་སྡུད་ཆུ་མཁོ་འདོན་གྱི་ལས་གྲྭ་ལག་བསྟར་བྱས་པ་རེད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་མཐའ་ཚད་ལས་འགན་དང་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཡོད། མིག་སྔའི་བར་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་སྤྱིར་ན་ཐག་གཅོད་ཐུབ་ནས་ཞིང་འབྲོག་མང་ཚོགས་ཁྲི་200ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
          ད་ཆ་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་མང་ཆེ་བར་ཆུ་ཀ་ལ་ཁྲིད་ཡོད་པས། གཅུས་སྒོ་ནས་ཆུ་གློད་ཚེ་དྭངས་ཤིང་གཙང་བའི་ཆུ་འཐུང་རྒྱུ་ཡོད་སྟབས། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་པ་མ་ཟད། གྲོང་གསེབ་ཀྱི་ངལ་ནུས་ལ་སྔར་བས་བཅིངས་འགྲོལ་ཐོབ་སྟེ་གཞོན་ནུ་དང་དར་མའི་ངལ་རྩོལ་ནུས་ཤུགས་མང་པོ་ཆུ་འཚོལ་བ་དང་ཆུ་དབོར་བ་སོགས་ལ་སྤྱོད་མི་དགོས་པར་གྲོང་གསེབ་དར་རྒྱས་དང་ཕྱུག་འགྱུར་གྱི་ཚ་རླབས་ལ་ཞུགས་ཐུབ་ཡོད།
          བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་གྲོང་མི་ལྷག་པས་ཁྱིམ་ཚང་མགྲོན་ཁང་གཉེར་ནས་ལོ་13ཕྱིན་ཡོད། ཁོང་གིས་གསར་འགོད་པར་སྔོན་ཆད་ཆ་རྐྱེན་ཡག་པོ་མེད་པའི་དབང་གིས་ཡུལ་སྐོར་དུ་ཡོང་མཁན་མང་ཤོས་སུའང་ཉིན་གཅིག་ལས་སྡོད་ཀྱི་མེད། ན་ནིང་སྡོད་ཁང་གསར་པ་བརྒྱབ་པ་དང་། ཆུ་ཀ་ལ་ཁྲིད་པ། གསང་སྤྱོད་བརྒྱབ་པ་བཅས་བྱས་པས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང་ཞེས་བཤད། ཁོང་གིས“གྲོང་ཚོར་ཆུ་བཤལ་གཏོང་བའི་གསང་སྤྱོད་བརྒྱབ་པའི་དུད་ཚང་ཁ་ཤས་ཡོད་པ་དང་གསང་སྤྱོད་དེ་དག་གཙང་ལ་དྲི་ངན་མེད་པས་དངོས་གནས་ཡག་པོ་འདུག གྲོང་གསེབ་ཏུ་ཡང་གྲོང་ཁྱེར་ལྟར་ཆུ་བཤལ་གཏོང་བའི་གསང་སྤྱོད་ཡོད་པ་བསམ་ཡུལ་ལས་འདས་སོང”ཞེས་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1