གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༠༩ཉིན།

ཕུའུ་ཅིང་དང་པེ་ཏེན་གཉིས་བརྙན་ལམ་ནས་ཐུག་འཕྲད་བྱས།


   ཟླ་12ཚེས་7ཉིན། ཨ་རིའི་ཙུང་ཐུང་པེ་ཏེན་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གཉིས་ཚེས་7ཉིན་བརྙན་ལམ་ནས་ཐུག་འཕྲད་བྱས་ཏེ་ཡུག་རེན་གྱི་དུས་བབ་དང་དེ་བཞིན་ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་གནད་དོན་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད།  
   ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་པས་མཁོ་འདོན་བྱས་པའི་གནས་ཚུལ་ལ་གཞིགས་ན། ཉིན་དེའི་བརྙན་ལམ་ཐུག་འཕྲད་དུས་ཡུན་ཆུ་ཚོད་གཉིས་ཙམ་བྱས་ཡོད། ཕོ་བྲང་དཀར་པོས་ཐུག་འཕྲད་བྱས་རྗེས་གསལ་བསྒྲགས་སྤེལ་དོན། པེ་ཏེན་གྱིས་ཨ་རི་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཨུ་རུ་སུ་ཡིས་ཨུ་རུ་སུ་དང་ཡུག་རེན་གྱི་མཐའ་མཚམས་ས་ཁུལ་དུ་དམག་དོན་བཀོད་སྒྲིག་ལ“སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད”པ་དང་། གལ་ཏེ་ཨུ་རུ་སུ་ཕྱོགས་ཀྱིས་དམག་དོན་རིམ་སྤོར་བྱ་སྤྱོད་སྤེལ་ཚེ། ཨ་རི་དང་དེའི་མནའ་གྲོགས་ཚོའི“སྟོབས་ཤུགས་ཆེན་པོའི”དཔལ་འབྱོར་བཀག་སྡོམ་དང་ཁ་གཏད་འཇལ་ཐབས་གཞན་དག་ལག་བསྟར་བྱེད་ངེས་ཡིན་པ་བསྟན་ཞིང་། པེ་ཏེན་གྱིས་ཨ་རི་ཡིས་ཡུག་རེན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བསྐྱར་བཤད་བྱས་པ་མ་ཟད། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་བཏང་ནས་ཕྱི་འབྲེལ་གྱི་རྣམ་པའི་ཐོག་ནས་ཡུག་རེན་གྱི་གནད་དོན་ཐག་གཅོད་སླར་གསོ་བྱ་རྒྱུའི་འབོད་སྐུལ་ཡང་བྱས་ཡོད། 
   གསལ་བསྒྲགས་ནང་པེ་ཏེན་དང་ཕུའུ་ཅིང་གིས་ད་དུང་ད་ལོའི་ཟླ་7པར་སུའེ་ཙེར་གྱི་ཇེ་ནེ་ཝར་ཨ་རི་དང་ཨུ་རུ་སུའི་འཐབ་ཇུས་བརྟན་ལྷིང་གི་སྐད་ཆ་ཤོད་རེས་དང་དེ་བཞིན་ཕྱོགས་གཉིས་པོས་བཙན་འཕྲོག་མཉེན་ཆས་ལ་ཕར་རྒོལ་བྱེད་པའི་ཐད་སྐད་ཆ་ཤོད་རེས་བྱས་ཚུལ་ལ་གྲོས་བསྡུར་བྱས་པ་མ་ཟད། དབྱི་རན་གྱི་ཉིང་རྡུལ་གནད་དོན་སོགས་ས་ཁུལ་ལས་དོན་ཐད་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་འབྲེལ་གཏུག་བྱེད་ཚུལ་ཡང་གྲོས་བསྡུར་བྱས་ཡོད་པ་བརྗོད། 
   གཞན་ཡང་། ཚེས་7ཉིན་ཁེ་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཕུའུ་ཅིང་དང་པེ་ཏེན་གྱིས་བརྙན་ལམ་ནས་ཐུག་འཕྲད་བྱེད་སྐབས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱི་ཇེ་ནེ་ཝའི་གྲོས་མོལ་གྲུབ་འབྲས་ལག་བསྟར་བྱས་ཚུལ་དང་། ཕྱོགས་གཉིས་པོའི་འབྲེལ་བ། དེ་བཞིན་ཡུག་རེན་གྱི་དུས་བབ་དང་། དབྱི་རན་གྱི་ཉིང་རྡུལ་གནད་དོན། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་སོགས་ཀྱི་ཐད་དུ་སྤེལ་རེས་བྱས་ནས་ཡུག་རེན་གྱི་ཉམས་ཉེན་དང་དེ་བཞིན་མེན་སི་ཁེའི་གྲོས་ཆོད་ལག་བསྟར་བྱས་ཚུལ་སོགས་གཙོར་བྱས་ནས་གྲོས་བསྡུར་བྱས་ཡོད་པ་བརྗོད། 
   གནས་འཕྲིན་དེའི་ནང་དུ་ཕུའུ་ཅིང་གིས་ཡུག་རེན་ཤར་རྒྱུད་ཀྱི་དུས་བབ་ཇེ་སྡུག་ཏུ་གྱུར་བའི་འགན་འཁྲི་དེ་ཨུ་རུ་སུར་དཀྲི་རྒྱུ་མེད། བྱང་ཆིངས་ཀྱིས་ཡུག་རེན་གྱི་མངའ་ཁོངས་དབང་དུ་བསྡུ་རྩིས་བྱས་པ་མ་ཟད། ད་དུང་དམག་དོན་སྟོབས་ཤུགས་རྒྱུན་ཆད་མེད་པར་ཨུ་རུ་སུའི་མཐའ་མཚམས་ཀྱི་ཉེ་འགྲམ་དུ་རྒྱ་སྐྱེད་གཏོང་བཞིན་ཡོད་པས་རེད། བྱང་ཆིངས་ཀྱིས་རིམ་གྱིས་ཤར་དུ་རྒྱ་བསྐྱེད་པ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ལ་ཚུར་རྒོལ་རང་བཞིན་གྱི་གོ་མཚོན་མ་ལག་བཀོད་སྒྲིག་བྱ་རྒྱུར་བཀག་འགོག་བྱེད་ཆེད། ཨུ་རུ་སུས་བློས་འགེལ་ཆོག་པའི་བཅའ་ཁྲིམས་ཀྱི་འགན་ལེན་ཐོབ་པའི་རེ་བ་བྱས་ཡོད་ཟེར།
   ཕུའུ་ཅིང་གིས་བསྟན་དོན། མིག་སྔར་ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་པོའི་མཉམ་ལས་དེ་བློ་ལ་འབབ་པ་ཞིག་བྱུང་མེད་པ་དེ། གཙོ་བོ་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་ཚོགས་པས་ལས་དོན་སྤེལ་བར་དཀའ་ངལ་མང་པོ་འཕྲད་པ་ལས་མཚོན་ཡོད་ཅིང་། དེ་དག་ཚང་མ་ནི་ཨ་རི་ཕྱོགས་གཅིག་གིས་བཟོས་པ་རེད། ཨུ་རུ་སུ་ཕྱོགས་ཀྱིས་ཕྱི་འབྲེལ་ཚོགས་པའི་རྒྱུན་གཏན་འཁོར་སྐྱོད་ལ་ཚོད་འཛིན་མེད་པར་བཟོ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཏེ། དེ་ནི་ཕྱོགས་གཉིས་པོའི་འབྲེལ་བའི་ཕྱོགས་གཞན་དག་རྒྱུན་ལྡན་ཅན་དུ་འགྱུར་བར་ཕན་པ་ཡོད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1