༄༅།། ཁ་རས་མ་གྱོན་གོང་ངེས་པར་དུ་གཡུག་གཡུག་བྱེད་དགོས་སམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས སྤེལ་དུས། 12-10



          ཉེ་ཆར་ཁ་རས་སྟེང་དུ་སྐྲན་ནད་སློང་བའི་དངོས་པོ་ལུས་ཡོད་པས། “མ་གྱོན་སྔོན་ལ་གཡུག་གཡུག་བྱེད་དགོས་”ཞེས་པའི་བརྙན་ཐུང་ཞིག་ལ་དོ་སྣང་རྒྱ་ཆེན་པོ་བྱུང་ཡོད། འོ་ན་ཁ་རས་སྟེང་དུ་ལུས་པའི་དངོས་པོ་དོན་དངོས་སུ་ཅི་ཞིག་ཡིན་ནམ། ད་དུང་མུ་མཐུད་དུ་བློ་བདེ་པོས་ཁ་རས་གྱོན་ཆོག་གམ་ཞེ་ན། ཆེད་མཁས་པའི་གསུང་ལ་གསན་རོགས།
          ཁ་རས་མ་གྱོན་གོང་གཡུག་གཡུག་བྱེད་དགོས་སམ་ཞེ་ན། ཆེད་མཁས་པས་དེར་དོན་སྙིང་ཆེན་པོ་མེད་པ་བསྟན་འདུག
          བརྙན་མཐོང་ཁྲོད་དུ་གང་ཐུབ་ཅི་ཐུབ་ཀྱིས་བསྐོར་དབྱང་ཁ་ཝན་མི་རྔུབ་པ་བྱ་ཆེད། ཡང་དག་པའི་ཁ་རས་གྱོན་སྟངས་ནི་ཁ་རས་ཕྱི་ཐུམ་ནས་བླངས་རྗེས་ཁ་རས་བར་སྣང་དུ་གཡུག་གཡུག་ཕྲན་ཙམ་བྱས་ཏེ། གང་ཐུབ་ཅི་ཐུབ་ཀྱིས་བསྐོར་དབྱང་ཁ་ཝན་ཡལ་དུ་འཇུག་དགོས་ཞེས་བཤད་ཡོད། བཤད་སྟངས་དེར་ཚན་རིག་གི་གཞི་འཛིན་ས་ཅི་ཞིག་ཡོད་དམ་ཞེ་ན།
          ཆེད་མཁས་པས་མིག་སྔར་ཁྲོམ་རའི་སྟེང་རྒྱུག་པའི་ཁ་རས་མང་ཆེ་བར་བསྐོར་དབྱང་ཁ་ཝན་གྱི་དུག་སེལ་དང་འབུ་ཕྲ་གསོད་ཐབས་སྤྱད་ཡོད། རྒྱུ་མཚན་ནི་དེའི་ཕན་ནུས་ཆེས་ལེགས་པ་ཡིན། དུས་མཚུངས་སུ་བསྐོར་དབྱང་ཁ་ཝན་ནི་སྐྲན་ནད་སློང་བའི་དངོས་པོ་ཞིག་ཡིན་ནའང་མི་ལུས་སུ་ཞུགས་ཚད་ཚད་ལས་བརྒལ་ན་ད་གཟོད་སྐྲན་སློང་ཉེན་ཁ་མངོན་གསལ་ཇེ་ཆེར་འགྲོ་བ་ཡིན་ཞེས་གསུངས་འདུག

          པེ་ཅིང་གྲོང་ཁྱེར་སྨན་བཅོས་སྒྲིག་ཆས་ཞིབ་བཤེར་ཞིབ་འཇུག་ཁང་གི་སྨན་སྤྱོད་སྐྱེ་དངོས་འགོག་སྲུང་ཐོན་རྫས་ཚད་ལྡན་ཅན་གྱི་ལག་རྩལ་ཁོངས་སྒྲིལ་ཚན་པའི་དྲུང་ཡིག་ཆེན་མོ་བ་ཡེ་ཝེ་ཧྭ་ཡིས། སྐྲན་སློང་དངོས་པོ་ཞིག་ཡིན་པའི་ཆ་ནས་ཉིན་གཅིག་གི་ཐུག་རེག་བྱུང་ཚད་ཧའོ་ཁེ་4ལས་བརྒལ་མེད་ཚེ་བདེ་འཇགས་ཡིན། ཁ་རས་སོ་སོའི་ཁེ་ལྕི་ལ་དམིགས་ན་མི་རྣམས་ཀྱིས་ཉིན་རེར་ཐུག་རེག་བྱེད་པའི་ཁ་རས་གྱོན་ཚད་ཆེ་ཤོས་ནི་ཧའོ་ཁེ་4ལས་ཆེས་ཆེར་དམའ་བ་ཡོད། གལ་ཏེ་ཁ་རས་དེ་རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་དང་མཐུན་པ་ཡིན་ཚེ་དེ་གྱོན་ན་ཤིན་ཏུ་བདེ་འཇགས་ཡིན་ཞེས་གསུངས་ཡོད་པ་རེད།
          ཆེད་མཁས་པས་ཁ་རས་ཐོན་སྐྱེད་བྱེད་པ་ནས་ཕྱིར་འཚོང་བྱེད་པའི་བར་ཧ་ལམ་ཟླ་བ་གཅིག་ཙམ་གྱི་དུས་ཚོད་དགོས་ཀྱི་ཡོད་ཅིང་། བཟོ་གྲྭ་ནས་ཐོན་སྐབས་རྒྱལ་ཁབ་དང་ལས་རིགས་ཀྱི་ཚད་གཞི་དང་མཐུན་གྱི་ཡོད། དེ་མ་ཟད་བསྐོར་དབྱང་ཁ་ཝན་ནི་ཧ་ཅང་ཡལ་སླ་བས། གྲོང་མིས་བེད་སྤྱོད་བྱེད་སྐབས་སྟེང་དུ་ལྷག་ལུས་བྱུང་ནས་བདེ་ཐང་ལ་གནོད་པའི་རང་བཞིན་ཤིན་ཏུ་ཆུང་། ཁ་རས་མ་གྱོན་གོང་གཡུག་གཡུག་བྱེད་པ་ལ་དོན་སྙིང་དེ་ཙམ་མེད་ཅེས་གསུངས་འདུག

          ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁ་རས་ཀྱི་བསྐོར་དབྱང་ཁ་ཝན་ཚད་ལས་བརྒལ་བའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་བསྟན།
          ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་བཀག་ལྟར་ཁྲོམ་རའི་སྟེང་གི་ཁ་རས་ལ་འཐེན་བཤེར་བྱེད་ཀྱི་ཡོད་པ་དང་། མིག་སྔའི་བར་དུ་བསྐོར་དབྱང་ཁ་ཝན་ཚད་ལས་བརྒལ་བའི་གནད་དོན་ཤེས་རྟོགས་བྱུང་མེད་པ་རེད།
          ཆེད་མཁས་པས་ཏོག་གསར་རིམས་ནད་རྒྱུན་རྣམ་ཅན་སྔོན་འགོག་ཚོད་འཛིན་གྱི་སྐབས་འདིར། ཡང་དག་ཚད་ལྡན་གྱིས་ཁ་རས་གྱོན་པ་ནི་སྔར་བཞིན་ནུས་ལྡན་གྱིས་ནད་དུག་ཁྱབ་མཆེད་བཀག་འགོག་བྱེད་པའི་བྱེད་ཐབས་ལེགས་པོ་ཞིག་ཡིན། གལ་ཏེ་སྤྱི་པའི་འདུ་གནས་སུ་འབགས་བསླད་དངོས་པོར་ཐུག་རེག་བྱུང་བའམ། ཡང་ན་ཁ་རས་གྱོན་པའི་གོ་རིམ་ཁྲོད་དུ་བཟའ་བཅའ་དང་ཕྱི་ཐོན་དངོས་པོས་འབགས་བསླད་བཟོས་ཚེ། ཡང་དག་པའི་བྱེད་ཐབས་ལྟར་དོར་ནས། ཡང་བསྐྱར་གྱོན་པའམ་བེད་སྤྱོད་བྱེད་མི་རུང་ཞེས་བསྟན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1