ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-13





ཟླ་12ཚེས་8ནས་10ཉིན་བར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།
     ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་8ནས་10ཉིན་བར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་རེད།
     ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། 2021ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2022ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ལི་ཁེ་ཆང་གི་གསུང་བཤད་ནང་སང་ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
     ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ། ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ལ་དོ་ནན་གྱིས་ཁ་གཏད་གཅོག་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པར་གོམ་སྟབས་གསར་པ་སྤོས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་བཅས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་བརྩམས་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་གོ་ལ་ཧྲིལ་པོའི་མདུན་གྲལ་གྱི་གནས་བབ་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་མགྱོགས་མྱུར་སྟོབས་ཆེར་སོང་བ། ཐོན་ལས་འཁོར་འབྲེལ་གྱི་མཉེན་ཤུགས་ཆེ་རུ་ཕྱིན་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ། དམངས་འཚོ་འགན་ལེན་ནུས་ལྡན་བྱུང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་བཅས་བྱས་ཡོད། ཐོབ་པའི་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད།
     ཚོགས་འདུའི་ཐོག་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་དུས་མཚུངས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དགོས་མཁོ་ཆུང་དུ་འགྲོ་བ་དང་། མཁོ་སྤྲོད་ལ་རྡབ་རྡེག་ཕོག་པ། སྔོན་དཔག་ཉམས་ཞན་དུ་འགྲོ་བ་བཅས་ཀྱི་གནོན་ཤུགས་གསུམ་འཕྲད་པ་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས། དུས་རབས་ཀྱི་རིམས་ནད་ཀྱི་རྡབ་རྡེག་འོག ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་འཕེལ་འགྱུར་འགྲོ་བཞིན་པ་དང་ཕྱི་རོལ་གྱི་ཁོར་ཡུག་དེ་བས་རྙོག་འཛིང་ཆེ་ཞིང་ཛ་དྲག་ལ་ངེས་མེད་དུ་འགྱུར་བཞིན་ཡོད། ང་ཚོས་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་དགོས་ལ་ཡིད་ཆེས་ཀྱང་བརྟན་པོ་དགོས། རང་རྒྱལ་གྱི་དཔལ་འབྱོར་མཉེན་ཤུགས་ཆེ་བས་དུས་ཡུན་རིང་པོའི་ནང་ལེགས་པའི་ཕྱོགས་སུ་སྐྱོད་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ང་ཚོས་རང་ཉིད་ཀྱི་ལས་དོན་བློ་བརྟན་འགྱུར་མེད་ངང་ཡག་པོ་བསྒྲུབས་ནས་དཔལ་འབྱོར་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་བསྡུར་བ། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་གཏིང་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ལག་ལེན་ཁྲོད་ང་ཚོས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་གསོག་འཇོག་ཐུབ་ཡོད། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་འགྲན་སློང་ཆེན་པོར་བབ་བརླིང་ངང་ཁ་གཏད་འཇལ་ནས་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་དགོས་པ་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་དང་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཏང་གི་གཞི་རྩའི་ལམ་ཕྱོགས་ཀྱི་བླང་བྱ་ཡིན་པས། ཏང་ཡོངས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ལག་ལེན་མཐར་ཕྱིན་བསྟར་ནས་དཔལ་འབྱོར་གྱི་སྤུས་ཚད་བརྟན་པོའི་ངང་གོང་མཐོར་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་དགོས་པ། ངེས་པར་དུ་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས་སྲིད་ཇུས་ལེགས་སྒྲིག་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་དུས་ཚོད་དང་ཚད་གཞི་ཕན་འབྲས་གསུམ་སྟངས་འཛིན་ཡག་པོ་བྱས་ནས་སྔོན་ལ་ཚུགས་ཐུབ་པ་དང་རྗེས་སུ་བརྒལ་ཐུབ་པ་དང་། དོ་དོ་ནན་ནན་གྱིས་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སང་ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་རེད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། བརྟན་ལྷིང་དང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་ཅིག་དང་། རྒྱལ་ཁབ་བདེ་ཞིང་འབངས་རྣམས་སྐྱིད་པའི་སྤྱི་ཚོགས་ཁོར་ཡུག་ཅིག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་བཅས་རྒྱུན་འཁྱོངས་བྱེད་དགོས། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་འཛུགས་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་འཛུགས་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། གཞི་ཆེའི་དཔལ་འབྱོར་སྤྱི་ཡོངས་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་པ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་ཁོངས་སུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སང་ལོའི་དཔལ་འབྱོར་ལས་དོན་བརྟན་པོ་ཡོང་རྒྱུ་ཨང་དང་པོར་འཇོག་པ་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གཞི་ཆེའི་དཔལ་འབྱོར་བརྟན་པོ་ཡོང་བའི་འགན་འཁྲི་འཁུར་དགོས་པ་དང་ཕྱོགས་ཁག་གིས་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་ཧུར་ཐག་བཏོན་ཏེ་སྲིད་ཇུས་ཀྱི་ནུས་པ་འོས་འཚམ་གྱིས་སྔོན་དུ་འཇོག་དགོས།
     གཅིག་ནས་གཞི་ཆེའི་སྲིད་ཇུས་བརྟན་པོ་དང་ཕན་ནུས་ལྡན་པ་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་པའི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་བཏང་ནས་གནད་སྨིན་དང་རྒྱུན་མཐུད་ཆོག་པར་སྔར་བས་དོ་སྣང་བྱེད་དགོས། ནོར་སྲིད་ཀྱི་གཏོང་སྒོའི་ཤུགས་ཚད་འགན་ལེན་བྱས་ནས་གཏོང་སྒོའི་མྱུར་ཚད་མགྱོགས་སུ་གཏོང་དགོས། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གསར་པ་ལག་བསྟར་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་། བཟོ་སྐྲུན་ལས་རིགས། ཉེན་སེལ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འོས་འཚམ་དང་ཚད་བརྒལ་གྱིས་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་དགོས། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་གིས་འཚོ་བ་སྐྱེལ་རྒྱུ་མཐའ་འཁྱོངས་བྱེད་དགོས། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་ནན་དུ་གཏོང་དགོས། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གསར་སྣོན་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། བརྟན་པའི་དངུལ་ལོར་སྲིད་ཇུས་བབ་བསྟུན་དང་ཚད་རན་པོས་སྤྱོད་པ་དང་། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། དངུལ་རྩའི་སྒྲིག་གཞིས་དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། ཚན་རྩལ་གསར་གཏོད། ལྗང་མདོག་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྣེ་ཁྲིད་བྱེད་དགོས། ནོར་སྲིད་ཀྱི་སྲིད་ཇུས་དང་དངུལ་ལོར་གྱི་སྲིད་ཇུས་མཐུན་སྦྱོར་མཉམ་འགུལ་བྱས་ནས་དུས་འཁོར་ལས་བརྒལ་བ་དང་ལྡོག་པའི་གཞི་ཆེའི་སྙོམས་སྒྲིག་སྲིད་ཇུས་ཟུང་འབྲེལ་དམ་ཟབ་བྱེད་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས།
     གཉིས་ནས་གཞི་ཆུང་སྲིད་ཇུས་ཀྱིས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱེད་དགོས། ཁྲོམ་རའི་བྱེད་པོའི་ཡིད་ཆེས་ཆེ་རུ་གཏོང་བ་དང་། དྲང་གཞག་འགྲན་རྩོད་ཀྱི་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པར་ཤུགས་སྣོན་རྒྱག་པ། དྲང་གཞག་གི་ལྟ་འདོམས་ལ་བརྟེན་ནས་དྲང་གཞག་གི་འགྲན་རྩོད་འགན་ལེན་བྱེད་དགོས། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་མཉམ་དུ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། གན་རྒྱའི་བསམ་པར་ཤུགས་སྣོན་བརྒྱབ་ནས་རྐང་བཙུགས་ནས་རྩིས་དངུལ་འགྱངས་ཆད་དང་བུན་གཡོལ་གྱི་བྱེད་སྤྱོད་ལ་བཅོས་སྐྱོང་ནུས་ལྡན་བྱེད་དགོས།
     གསུམ་ནས་གྲུབ་ཆའི་སྲིད་ཇུས་ཀྱིས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བདེ་བླག་ཡོང་བར་ཤུགས་སྣོན་རྒྱག་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་བདེ་བླག་ཡོང་བ་གཙོ་གནད་དུ་འཛིན་པ་དང་། མཁོ་སྤྲོད་ཀྱི་གཅུན་སྡོམ་འགག་གནད་ལས་སྒྲོལ་རྒྱུ་གཙོ་གནད་དུ་འཛིན་པ། ཐོན་སྐྱེད་དང་བགོ་འགྲེམས། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཤར་བགྲོད་ཐུབ་པ་གཙོ་གནད་དུ་འཛིན་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་ནུས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་ལས་གྲྭའི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་འགོ་བཙུགས་ནས“ཆེད་ལས་དང་། ཞིབ་ཚགས། ཁྱད་ལྡན། དཔེ་གསར”བཅས་ཀྱི་ཁེ་ལས་འབོར་ཆེན་ཞིག་ཐོན་རྒྱུར་སྐུལ་མ་གཏོང་དགོས། ཕྱི་ནང་འབྲེལ་མཐུད་དང་བདེ་འཇགས་ནུས་ཆེའི་ཟོག་འགྲེམས་དྲ་བ་གང་མགྱོགས་ཆགས་པར་བྱེད་དགོས། གྲངས་འཛིན་ཅན་གྱི་སྒྱུར་བཀོད་མགྱོགས་སུ་བཏང་ནས་སྲོལ་རྒྱུན་ཐོན་ལས་ཀྱི་རིམ་སྤོར་ལ་སྐུལ་སྤེལ་གཏོང་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་འཚོང་རྒྱུ་དམིགས་ཡུལ་མིན་པའི་ངེས་གནས་མཐའ་འཁྱོངས་བྱེད་པ་དང་། སྔོན་དཔག་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱེད་པ། བོགས་ཉོ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཡུན་རིང་བོགས་གཏོང་ཁང་པའི་ཁྲོམ་ར་འཕེལ་རྒྱས་མགྱོགས་སུ་གཏོང་བ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཚོང་སྒྱུར་ཁང་པའི་ཁྲོམ་རས་ཁང་པ་ཉོ་མཁན་གྱི་ལུགས་མཐུན་གྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བར་རྒྱབ་སྐྱོར་བྱེད་པ། གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ས་ཁང་ཐོན་ལས་ལེགས་ཕྱོགས་འཁོར་རྒྱུག་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
     བཞི་ནས་ཚན་རྩལ་གྱི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ཀྱི་ཇུས་གཞི་ལག་བསྟར་བྱས་ཏེ་རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱེད་དགོས། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྱར་སྒྲིག་བྱེད་པ། ཚན་ཞིབ་ཁང་གི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་ནས་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་གཏིང་ཟབ་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་འཐུས་ཚང་དང་ལེགས་སྒྱུར་བྱས་ཏེ། ཚན་ཞིབ་ཀྱི་སྤྱོད་ཚུལ་ཏན་ཏིག་ཆགས་པར་བྱེད་དགོས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་མུ་མཐུད་སྤེལ་དགོས།
     ལྔ་ནས་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས། གཙོ་རྒྱུ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་དང་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ཚོད་ལྟར་དམ་འཛིན་ཡག་པོ་བྱེད་པ་དང་། མ་རྐང་འཛིན་ཤོག་འགྲེམས་སྤེལ་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ཀྱི་ལས་འགན་ལེགས་སྒྲུབ་བྱེད་པ། གློག་དྲ་དང་ལྕགས་ལམ་སོགས་རང་བྱུང་སྒེར་སྡེམ་ལས་རིགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། ས་གནས་ཀྱི་སྒྱུར་བཅོས་ཧུར་སེམས་སྐོང་འཐེན་བྱས་ནས་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་པ་དང་རང་འགུལ་གྱིས་སྒྱུར་བཅོས་བྱེད་པར་སྐུལ་ལྕག་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། ཕྱི་རྒྱལ་གྱི་མ་རྩ་བཏང་བའི་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་གྲོལ་ཀུང་སི་དེ་བས་མང་བས་མ་འཇོག་བྱ་རྒྱུར་ཡིད་དབང་འགུག་པ། ཕྱི་རྒྱལ་གྱིས་མ་རྩ་བཏང་བའི་རྣམ་གྲངས་གལ་ཆེན་དོན་འཁྱོལ་གང་མགྱོགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
     དྲུག་ནས་ས་ཁོངས་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། བྱང་ཤར་ས་ཁུལ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་དགོས།
     བདུན་ནས་སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་དགོས། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་སྲུང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རྒྱུན་སྡོད་ས་ཆར་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་སྟབས་བསྟུན་ལས་ཞུགས་དང་། ངལ་རྩོལ་མི་སྤྱོད། སྤྱི་ཚོགས་འགན་སྲུང་བཅས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་ཀྱིས་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བུ་བཙའི་སྲིད་ཇུས་གསར་པ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་དགོས།
     ཚོགས་འདུའི་ཐོག་འབོད་སྐུལ་བྱས་དོན། ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཡག་པོ་སྤྱོད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1