༄༅། །ཟུང་ཆུའི་ཡུལ་ལུང་གི་ཆོས་ལུགས་ལོ་རྒྱུས་དང་འབྲེལ་བའི་གཏམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-06


          དང་པོ། ཡུལ་ལུང་འདི་ལ་ཟིང་ཆུ་དང་ཟོང་ཆུ། སུམ་པ་ཟུང་ཆུ་ཤར་ཁོག་བཅས་ཀྱི་མིང་ཐོགས་ཚུལ་ལ་གནད་བསྡུས་དཔྱད་པ།

           ཟིང་ཆུ་ཞེས་པའི་ཐ་སྙད་དེ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡུལ་ལུང་འདིའི་མིང་ཐོགས་ཚུལ་ལ། ཟིང་ནི་བོན་གྱི་ཡིག་རྙིང་གྲགས་ཅན་གསང་སྔགས་མ་རྒྱུད་ལས། འོག་མིན་དབྱིངས་ནས་ཟིང་དུ་བབས་པའི་ཟིང་ཆུ་ཞེས་གསུངས་ཡོད་ལ། དེ་མ་ཟད་མི་ལོ་སུམ་སྟོང་སུམ་བརྒྱ་ལྷག་གི་ཡར་སྔོན་དུ་བྱོན་པའི་བོན་གྱི་རིག་འཛིན་ཆེན་པོ་རྒྱ་བོན་ཟིང་བ་མཐུ་ཆེན་ཞེས་གྲགས་པ་དེ་ཉིད་ཡུལ་ལུང་འདིར་ཕེབས་ཏེ་གཡུང་དྲུང་བོན་གྱི་བསྟན་པ་དར་སྤེལ་གྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་དེ། 《གནས་ཆེན་ཤར་གྱི་དུང་རི་དཀར་པོའི་དཀར་ཆག》ལས། རྒྱ་བོན་ཆེན་པོ་ཟིང་བ་མཐུ་ཆེན་(སྤྱི་ལོ་སྔོན་གྱི་དུས་རབས་ཉེར་གཉིས།)ད་བར་དུ་ཧ་ལམ་ལོ་སྟོང་གསུམ་དང་སུམ་བརྒྱའི་ལོ་རྒྱུས་ཡོད་པ་འདིས་དུང་རི་ས་ཁུལ་དུ་བོན་པོའི་སྐྱེ་འཁྲུངས་དར་རྒྱས། འགྱུར་ལྡོག་གི་རྒྱུད་རིམ་མཚོན་ཐུབ་པ་མ་ཟད་གཞན་བརྒྱུད་ནས་གནའ་སྔ་མོའི་ཚོ་ཁག་མང་པོ་དང་མི་ཚོགས་ནི་དུང་རི་ས་ཁུལ་དུ་སྐྱེ་འཁྲུངས་འཕོ་འགྱུར་དང་མཉམ་འདྲེས་ཀྱི་ གནས་ཚུལ་མཚོན་ཐུབ་པའོ། །ཞེས་གསུངས་འདུག་པ་དང་། ཁྱད་པར་དུ་ཟིང་བ་མཐུ་ཆེན་ཁོང་གིས་མ་རྒྱུད་ཀྱི་གནས་ཆེན་ཉེར་ལྔའི་ནང་ཚན་རྒྱ་ནག་མཁའ་འགྲོའི་འུག་གདོང་གནས་ཆེན་བྱང་བྱ་དུར་གྱི་མདུན་ཞོལ་ནས་འོག་མིན་དབྱིངས་ནས་ཟིང་དུ་བབས་པའི་ཆུ་མིག་ཞིག་གཏེར་ཆུར་དྲངས་ཏེ་དེང་གི་དུས་སུའང་གཏེར་ཆུ་དེ་ལ་ཆུ་སྙིང་དཀར་མོའམ་གནམ་འོག་གི་གཏེར་ཆུ་དང་པོ་ཞེས་གྲགས། རིག་འཛིན་ཟིང་བ་མཐུ་ཆེན་གྱིས་གཏེར་ཆུ་དྲངས་པ་ནས་བཟུང་ཡུལ་ལུང་འདི་ལ་ཟིང་ཆུ་ཞེས་གྲགས་པ་དང་། དེ་མ་ཟད་ཟིང་ཆུ་ཞེས་པའི་ཐ་སྙད་དེ་ཡང་རྒྱ་བོན་ཟིང་བ་མཐུ་ཆེན་གྱིས་གཏེར་ཆུ་མ་དྲངས་པའི་ཡར་སྔོན་ནས་བྱུང་ཡོད་དེ། གསང་སྔགས་མ་རྒྱུད་ཀྱི་གཞུང་འདི་ཉིད་སྟོན་པ་འཆི་མེད་གཙུག་ཕུད་དང་ལྷ་ཀླུ་མི་གསུམ་གྱི་གཤེན་ཆེན་དུས་ནས་ཡོད་པ་དང་། ཁྱད་པར་དུ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་གསང་སྔགས་མ་རྒྱུད་རྒྱུད་གསུམ་གྱི་གཞུང་དེ་ཉིད་སྒྲུབ་པ་ཉམས་ལེན་མཛད་དེ་གྲུབ་པའི་རྟགས་སྣ་ཚོགས་བྱུང་བའི་ལོ་རྒྱུས་ཀྱང་གསལ་ཡོད། གང་ལྟར་ཡང་གསང་སྔགས་མ་རྒྱུད་ཀྱི་གཞུང་འདི་ཉིད་བྱུང་ནས་མི་ལོ་བཞི་སྟོང་ལྷག་ཕྱིན་པར་བོན་གྱི་ ལོ་རྒྱུས་རྣམས་སུ་གསལ་ལོ།  །གཞན་ཡང་བོན་གྱི་ཡིག་རྙིང་ལྡོང་སྒོམ་བསྟན་པ་ལྷུན་གྲུབ་སོགས་ཀྱི་རྣམ་ཐར་ལས་ཟིང་ཆུ་ཞེས་གསལ་ཡོད་ལ། དེ་མ་ཟད་རྒྱ་བོན་ཟིང་བ་མཐུ་ཆེན་གྱི་གཏེར་ཆུ་འདི་རྒྱ་སྐད་ལ་རྨི ན་ཅང་(岷江)ཟེར་བའི་ཆུ་ཆེན་འདི་ཉིད་ཀྱི་ཆུ་འགོར་ཆགས་ཡོད།

            ཟོང་ཆུ་ཞེས་པའི་ཐ་སྙད་དེའི་ཐད་ལ། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བྲིས་པའི་ཁོང་རང་ཉིད་ཀྱི་ལོ་རྒྱུས་ལས། ངའི་སྐྱེས་ཡུལ་ནི་ཨ་མདོའི་ལྷོ་ཤར་དུ་ཡོད་པའི་ཡུལ་སྐད་དུ་ཤར་ཁོག་ཟེར་བ་དང་དབུས་གཙང་དུ་ཟུང་ཆར་འབོད་པ་དེ་ཡིན། སྔོན་སྤྱི་ལོ་དུས་རབས་བདུན་པའི་མགོ་ནས་བཟུང་སྟེ་དགུ་བའི་དཀྱིལ་བར་དུ་བྱུང་བའི་བོད་བཙན་པོའི་རྒྱལ་ཁབ་དུས་སུ་ཡུལ་དེ་ལ་ཟོང་ཆུ་ཞེས་གྲགས། དེར་བརྟེན་ས་ཁུལ་དེ་ནི་བོད་ཀྱི་ལྷོ་ཤར་མཐའ་མཚམས་ཀྱི་ས་ཁུལ་གནད་ཅན་ཞིག་ཡིན་པར་མ་ཟད་བཙན་པོའི་དུས་སྐབས་སུ་དེར་རྒྱུན་འཇགས་སུ་སྡོད་པའི་མཐའ་མཚམས་སྲུང་དམག་གི་ལས་ཁུངས་དང་དམག་སྒར་ཡང་ཡོད་པར་ངེས། ཡུལ་ཟུང་ཆུའི་བྱང་ངོས་སུ་འཕན་ཆུ་ཞེས་པའམ་བོག་ཟོ་རུ་ཡང་འབོད་པ་དེ་ཡོད། ཡུལ་མིང་ཟུང་ཆུ་དང་འཕན་ཆུ་གཉིས་བསྡུས་ནས་མིང་བཏགས་པ་རྒྱའི་མཁར་སོང་ཕན་(Songpan)ཞེས་པ་དེ་ཟུང་ཆུ་ལུང་འདབས་སུ་ལུང་པ་གཉིས་ཀྱི་འདུས་མདོར་ཆགས་ཡོད། མཁར་དེར་བོད་རྒྱ་གཉིས་དུས་རབས་ནས་དུས་རབས་བར་དམག་འཐབ་བྱེད་མྱོང་ཡོད། དེ་བཞིན་བོད་རྒྱ་གཉིས་བར་ཚོང་ལས་དང་རིག་གནས་བརྗེ་ལེན་བྱེད་སའི་ས་ཚིགས་ཤིག་ཀྱང་ཡིན། ཞེས་གསུངས་པར་ལྟར། ཡུལ་ལུང་འདི་ཉིད་ལ་བོད་བཙན་པོའི་དུས་རབས་སམ་མི་ལོ་ཆིག་སྟོང་ལྷག་གི་ཡར་སྔོན་ནས་ཟོང་ཆུ་ཞེས་པའི་མིང་འབོད་བཞིན་ཡོད་པའང་གོང་གི་ཡིག་ཆ་ལ་བལྟས་ན་རང་བཞིན་གྱིས་ཧ་གོ་ཡོང་གི་འདུག་ལ། ཟོང་ཞེས་པའི་དོན་ཡང་དེ་སྔར་བཙན་པོའི་ དུས་རབས་ནས་བཟུང་བོད་རྒྱ་མི་རིགས་འདི་གཉིས་ཡུལ་ལུང་འདིར་ཚོང་ལས་སྣ་ཚོགས་རྒྱག་སའི་གནས་དང་། ཚོང་ཟོང་བྲིན་སའི་གནས་གལ་ཆེའམ་གཙོ་བོར་ཆགས་པའི་རྐྱེན་གྱིས་ཟོང་ཞེས་ཆགས་པའི་ལོ་རྒྱུས་ཀྱང་གསལ། སུམ་པ་ཞེས་པའི་ཐ་སྙད་དེ་ཡང་། དེ་སྔའི་གནའ་བོའི་བོད་ཀྱི་ལོ་རྒྱུས་སུ་གསལ་བ་ལྟར། ཞང་ཞུང་གི་དུས་རབས་སམ་རྒྱལ་རབས་ཀྱི་སྐབས་སུ་ཞང་ཞུང་དེ་ལ་སྒོ་ཕུག་བར་གསུམ་དུ་ཕྱེ་བཞིན་ཡོད་ཅིང་། སྒོ་བ་ལ་ཡང་སྒོ་ཕུག་བར་གསུམ་དུ་དབྱེ་ལ། དེ་ཡང་གནའ་དེང་གི་ཞང་བོད་ལོ་རྒྱུས་སྨྲ་བ་ཕལ་ཆེ་བས། ཞང་ཞུང་སྒོ་བའི་སྒོ་བ་ཡི་ཁྱབ་ཁོངས་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ཁྱུང་བོ་སྟེང་ཆེན་གྱི་རི་བོ་རྩེ་དྲུག་གི་ཁོར་ཡུག་ཙམ་ཁོངས་སུ་འདུས་པ་འདོད་མོད་ཀྱང་། རང་ཉིད་ཀྱིས་བསམ་ཚུལ་ལམ་དཔྱད་པ་ལ་ཞང་ཞུང་སྒོ་བའི་སྒོ་བ་ནི་སྟོད་གླང་གི་གྱིམ་ཤོད་ཁྱུང་བོ་རི་བོ་རྩེ་དྲུག་ནས་མདོ་སྨད་ཁམས་སུམ་པའམ་ཟིང་ཆུའི་བར་ལ་སྒོ་བའི་སྒོ་བ་ཡི་ཁོངས་སུ་འདུས་པ་འདོད་དེ། དེང་གི་ཆ་ལ་མཚོན་ན་དཀར་མཛེས་ཁུལ་རོང་བྲག་རྫོང་དང་བརྒྱད་ཟིལ་རྫོང་། རྔ་བ་ཁུལ་གྱི་བཙན་ལྷ་རྫོང་།འབར་ཁམས་རྫོང་། ཟིང་ཆུའམ་སུམ་པ་རྫོང་སོགས་ཀྱང་སྒོ་བའི་ཁོངས་སུ་འདུས་པ་སྟེ། ད་ཆ་ལ་ཡང་གོང་གི་ཡུལ་དེ་དག་ཏུ་ཞང་ཞུང་གི་གནའ་རྫས་སྣ་ཚོགས་དང་དེ་འབྲེལ་གྱི་ཡིག་རིགས་ཡོད་པ། གཞན་ཡང་ཁོང་ཚོའི་སྐད་ཆ་ལ་ཡང་ཞང་ཞུང་གི་སྐད་མང་པོ་ཡོད་ཅིང་། ད་དུང་ས་མིང་ངམ་ཡུལ་མིང་། སྡེ་མིང་སོགས་ལ་ཡང་ཞང་ཞུང་གི་མིང་བརྡ་ཅན་སོགས་མང་པོ་ཡོད། དཔེར་ན་ཡུལ་ལུང་འདི་ཡི་ཁོངས་གཏོགས་ཀྱི་ཞང་ངུ་ཞེས་པའི་ལུང་སྡེ་ཞིག་ཡོད་ལ་ དེའི་མིང་ཐོགས་ཚུལ་ཐད་ཀྱི་བཤད་སྒྲོས་ལ་བོད་བཙན་པོ་སྐབས་སུ་ཞང་ཞུང་གི་མངའ་ཁོངས་བོད་དུ་དབང་བསྡུས་སྐབས་ཞང་ཞུང་བ་མང་བོ་ཞིག་མངའ་རིས་སོགས་སུ་ཆགས་མ་ཐུབ་པ་ངུ་ཞོར་ལ་ཟིང་ཆུའམ་སུམ་པར་བྲོས་བྱོལ་དུ་ཡོང་ནས་དེར་ས་ཆགས་པའི་ཞང་ངུ་ཞེས་ཐོགས་པ་དང་། གཞན་ཞང་ཞུང་ཞེས་པ་དེ་དབུ་མེད་འབྲི་སྐབས་སུ་སྐུང་ཡིག་ལ་ཞངུང་འབྲི་བ་ལ་རྗེས་སུ་ཞང་ངུ་ཞེས་བྲིས་པ་སོགས་ཀྱི་ཐད་ལ་ད་ལྟ་ཡང་ཞང་ངུ་ཁོག་གི་རྒན་རབས་རྣམས་ཀྱི་བཤད་སྲོལ་ཡོད་ལ། དེ་མ་ཟད། ཞང་ཞུང་ནས་ཁྱེར་ཡོང་བའི་མཁར་གཞུང་སོགས་ད་ལྟའང་ཡོད་ལ། མཁར་གཞུང་སོགས་གནའ་རྫས་དེ་དག་ནི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཡིན་ལ་ད་བར་དུ་ལོ་ངོ་ཆིག་སྟོང་ལྷག་སོང་ཡོད། རྒྱུ་མཚན་དེ་དག་ལ་བལྟས་ན་ཡུལ་ལུང་འདི་ལ་སུམ་པ་ཞེས་པའི་མིང་ཆགས་ཡོད་པར་རང་བཞིན་གྱིས་ཧ་གོ་ཡོང་གི་འདུག མདོར་ན་ཞང་ཞུང་སྒོ་བའི་སྒོ་བ་ཡི་ཁྱབ་ཁོངས་ལ་སྟོད་གླང་གི་གྱིམ་ཤོད་ནས་སྨད་སུམ་པའི་བར་ལ་འདུས་ཡོད། དེ་བཞིན་དུ་རྒྱ་སྐད་ལ་སུང་འཕན་ཞེས་པའི་དོན་ལ་ཡང་རྒྱ་ཡིག་ལོ་རྒྱུས་རྣམས་སུ་རྒྱས་བཤད་ཡོད་ པ་རྣམས་འདིར་དམིགས་བསལ་བྲིས་མེད། ཤར་ཁོག་ཞེས་པའི་ཐ་སྙད་དེ་ཡི་ཐད་ལ། ཡུལ་ལུང་འདི་ལ་ཤར་ཁོག་ཞེས་འབོད་ཀྱི་ཡོད་ལ། དེའི་རྒྱུ་མཚན་ཀྱང་རིག་འཛིན་ཆེན་པོ་སྐྱང་འཕགས་ཀྱིས་ཤར་གཉན་དུང་རི་ཆེན་པོའི་གནས་སྒོ་ཕྱེས་པ་ནས་བཟུང་ཤར་དུང་རིའི་ཉེ་འདབ་ཕྱོགས་ལ་ཤར་ཁོག་དང་དེར་གནས་པའི་མི་རྣམས་ལ་ཤར་པ་ཞེས་འབོད་བཞིན་ཡོད། ཟུང་ཆུ་ཞེས་པའི་ཐ་སྙད་དེ་རིག་གསར་གྱི་རྗེས་སུ་བྱུང་བའི་ ཡུལ་ལུང་འདིའི་མིང་ཐོགས་ཚུལ་ལ། དེ་ཡང་ཡུལ་ལུང་འདིའི་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་རྣམས་ལ་ཞིབ་འཇུག་སོགས་བགྱིས་ཚེ། ལོ་རབས་ལྔ་བཅུ་བའི་སྔོན་ལ་ཡུལ་ལུང་འདིའི་མིང་ལ་ཟུང་ཆུ་ཞེས་འབོད་སྲོལ་དང་འབྲི་སྲོལ་མེད། འོན་ཀྱང་ལོ་རབས་ལྔ་བཅུ་པའི་རྗེས་ནས་ཡུལ་ལུང་འདི་ལ་ཟུང་ཆུ་ཞེས་གྲགས་པ་དང་། དེ་ལྟ་འདོགས་དགོས་པའི་རྒྱུ་མཚན་ཡང་བོན་གྱི་རིག་འཛིན་རྒྱ་བོན་ཟིང་བ་མཐུ་ཆེན་གྱི་གཏེར་ཆུ་གཙོས་པའི་ལྕང་ལམ་ཕྱོགས་ནས་མར་ཡོང་བའི་ཆུ་དང་ལྡོང་སྤེལ་ཕྱོགས་ནས་མར་ཡོང་བའི་ཆུ་གཉིས་གཙོ་ཚང་དགོན་གྲོང་བརྡལ་ནས་ལྷན་དུ་འདུས་ཏེ་མར་ཟུང་ཆུའི་རྫོང་མཁར་ཕྱོགས་ལ་ཡོང་བའི་རྐྱེན་གྱིས་ཟུང་ཆུ་ཞེས་མིང་ཐོགས་ཡོད་པ་རེད། དེང་སྲིད་གཞུང་ནས་བོད་ཡིག་འབྲི་སྐབས་སུ་གཅིག་གྱུར་ལ་ཟུང་ཆུ་ཞེས་འབྲི་བཞིན་ཡོད་པ་རེད།

           གཉིས་པ། ཟིང་ཆུ་ཁོག་ལ་ཆོས་ལུགས་དང་རིག་གནས་དར་ཚུལ། རིས་མེད་ཀྱི་སྐྱེས་ཆེན་བྱོན་ཚུལ་སོགས་ལ་གནད་བསྡུས་དཔྱད་པ།

           དེ་ཡང་ཡུལ་ལུང་གང་དང་གང་ལ་ལྟོས་ན་ཡང་། མིའི་རིགས་བྱུང་བ་ནས་བཟུང་མི་དེ་དག་གི་རང་སོ་སོའི་ནུས་ཚོད་དང་བསྟུན་ནས་བྱུང་བའི་རིག་གནས་དང་གོམས་སྲོལ། ཡུལ་ལུགས་བཅས་རིམ་དང་རིམ་བཞིན་དུ་འབྱུང་གི་ཡོད་པ་རེད། ཟིང་ཆུ་ཁོག་ལ་མཚོན་ན་ཡང་དེ་ལས་མ་འདས། ཡུལ་ལུང་འདི་ལ་ཡང་དང་ཐོག་གཡུང་དྲུང་བོན་གྱི་བསྟན་པ་དར་བ་དང་དེ་ནས་རིམ་བཞིན་དུ་རྙིང་མ་བ་ས་སྐྱ་དགེ་ལུགས་སོགས་ཀྱི་ཆོས་ལུགས་དར་བ་སྟེ། དེ་ཡང་ཐོག་མར་ཡུལ་ལུང་འདིར་གདོད་མའི་བོན་དར་བ་དང་། དེ་ནས་རྒྱ་བོན་ཟིང་བ་མཐུ་ཆེན་མཆོག་ཡུལ་ལུང་འདིར་ཕེབས་ཏེ་གཡུང་དྲུང་བོན་གྱི་བསྟན་པར་དར་སྤེལ་དང་འཛིན་སྐྱོང་གི་འཕྲིན་ལས་བསྐྱངས་པ་དང་། ཁྱད་པར་དུ་ཁོང་གིས་གནས་ཆེན་བྱང་བྱ་དུར་གྱི་མདུན་ཞོལ་ནས་གཏེར་ཆུ་དྲངས་པ་དང་། དེ་བཞིན་ཁོང་གནས་ཆེན་བྱང་བྱ་དུར་ལ་བཞུགས་ཏེ་སྔགས་རྫོགས་ཀྱི་སྒྲུབ་པ་ཉམས་ལེན་མཛད་དེ་གྲུབ་པའི་རྟགས་སྣ་ཚོགས་བསྟན་པ་སོགས་ཀྱི་ལོ་རྒྱུས་ཀྱང་ཡོད་ལ། དེ་ནས་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་སུའང་བླ་ཆེན་དྲན་པ་ནམ་མཁའ་དང་། ལོ་ཆེན་བཻ་རོ་ཙ་ན་སོགས་ཕེབས་ཏེ་བསྟན་འགྲོའི་དོན་མཛད་ཅིང་གནས་ཆེན་ཤར་དུང་རི་དང་བྱང་བྱ་དུར་སོགས་སུ་སྒྲུབ་པ་ཉམས་ལེན་མཛད། དེང་སང་ཡང་ཁོང་རྣམས་ཀྱི་སྒྲུབ་ཕུག་དང་བཀའ་རྟགས་ཀྱི་ཞབས་རྗེས་སོགས་ཡོད་ལ། ད་རུང་རྒྱ་ནག་མཁའ་འགྲོ་འུག་གདོང་དང་བྲག་གཡུང་དྲུང་ཁ་སོགས་སུ་ཞང་བོད་ཀྱི་རིག་འཛིན་གོང་མ་དུ་མའི་ཕྱག་ཞབས་ཀྱི་རྗེས་དང་ཡིག་འབྲུ་གཡུང་དྲུང་གི་རི་མོ་སོགས་ཀྱི་བདེན་རྟགས་ཀྱང་མཆིས། དུས་རབས་བཅུ་གཅིག་པའི་ཡས་མས་སུ་བྱོན་པའི་བོན་གྱི་མདོ་སྨད་འཕགས་པ་རྣམ་གསུམ་སྟེ། གཙོ་འཕགས་ཟླ་བ་རྒྱལ་མཚན་དང་། སྣང་ཞིག་དོ་འཕགས་ཆེན་པོ། སྐྱང་འཕགས་ཉི་མ་འོད་ཟེར་བཅས་ཡུལ་ལུང་འདིར་ཕེབས་ཏེ་གཙོ་འཕགས་ཀྱི་གདན་ས་གཙོ་ཚང་སྨིན་གྲོལ་བསྟན་རྒྱས་གླིང་དང་། དོ་འཕགས་ཀྱི་གདན་ས་སྣང་ཞིག་དངུལ་སྐུ་དགོན་དང་སྣང་ཞིག་ལྕགས་མདུད་དགོན། སྐྱང་འཕགས་ཀྱི་གདན་ས་སྐྱང་ཚང་དགོན་དང་རིན་སྤུངས་དགོན་སོགས་འཕགས་པ་རྣམ་གསུམ་གྱི་གདན་ས་དུ་མ་ཞིག་སྔ་ཕྱི་རིམ་བཞིན་ཕྱག་བཏབ་མཛད་པ་དང་། དེ་ནས་དེང་གི་བར་དུ་མདོ་སྨད་འཕགས་པ་རྣམ་གསུམ་གྱི་གདན་ས་ཁག་བརྒྱུད་འཛིན་དང་། དར་རྒྱས་སུ་འབྱུང་བཞིན་ཡོད་པ་དང་། འཕགས་པ་རྣམ་གསུམ་གྱི་གདུང་རྒྱུད་ཡང་དེང་གི་བར་ལ་འཁྲུལ་མེད་དུ་བཞུགས་ཡོད། ཁྱད་པར་དུ་སྐྱང་འཕགས་ཉི་མ་འོད་ཟེར་མཆོག་རང་ལོ་སོ་གསུམ་ཐོག་ཏུ་(སྤྱི་ལོ་1158ལོར)མ་རྒྱུད་ཀྱི་གནས་ཆེན་ཤར་གཉན་དུང་རི་དཀར་པོ་གནས་སྒོ་ཕྱེས་པ་དང་། དེ་ནས་མ་རྒྱུད་གནས་ཆེན་ཉེར་ལྔའི་ནང་ཚན་བྱང་བྱ་དུར་གནས་སྒོ་ཕྱེས་པ་སོགས་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་ཏེ་ཡུལ་ལུང་འདི་ལ་རྒྱལ་བ་གཉིས་པ་ལྟ་བུའི་འཕྲིན་ལས་མཛད། དེའི་རྗེས་སུ་སདྟོ་གླང་གི་གྱིམ་ཤོད་ནས་ཁྱུང་ཚ་རིན་ཆེན་རྒྱལ་མཚན་མཆོག་ཡུལ་ལུང་འདིར་ཕེབས་ཏེ་(བོད་རབ་བྱུང་དྲུག་པའི་ས་རྟ་ལོར་སྤྱི་ལོ་1378ལོར།)དགའ་མལ་དགོན་ཕྱག་བཏབས་ཏེ་ཁྱུང་ཚའི་གདན་ས་ཐོག་མར་ཆགས་པ་དང་། ཁྱུང་ཚ་ཁོང་ཤར་གཉན་དུང་རིར་བཞུགས་ཏེ་སྒྲུབ་པ་ཉམས་ལེན་མཛད་ཞོར་དུ་ཤར་གཉན་དུང་རི་དགོན་སོགས་ཕྱག་བཏབ་མཛད། དེ་ནས་ཁོང་གི་གདུང་རྒྱུད་ཁག་གསུམ་ཏེ་ཁྱུང་ཚ་ཚང་དང་། བྲ ག་རྒན་ཚང་། དུང་རི་ཚང་བཅས་བརྒྱུད་པ་དེ་རྣམས་དེང་གི་དུས་ན་ཡང་ཆད་མེད་དུ་ཡོད། དེ་ནས་སྟོན་པ་གཤེན་རབ་མི་བོ་ཆེའི་ཐུགས་ཀྱི་རྟེན་མཆོག་ཀོང་པོ་བོན་རི་(བོད་ལྗོངས་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་ཁོངས་སུ་ཡོད།)ཆེན་མོ་གནས་སྒོ་ཕྱེ་མཁན་རྟོགས་ལྡན་རི་བ་འབྲུག་གསས་མཆོག་དེང་གི་ཟིང་ཆུ་གཙོ་ཚང་དགོན་གྲོང་རྡལ་སྣང་ཞིག་དངུལ་སྐུ་དགོན་པའི་ལྷ་སྡེ་འབྲུག་འཁྱུད་གྲོང་སྡེར་སྐུ་འཁྲུངས་ཏེ་སྣང་ཞིག་དངུལ་སྐུ་དགོན་སོགས་ཟིང་ཆུ་ཁོག་གི་དགོན་སྡེ་དུ་མར་འཆད་ཉན་ སྒོམ་སྒྲུབ་སོགས་མཛད་པ་དང་། ཁྱད་པར་དུ་ཁོང་ཀོང་པོར་ཕེབས་ཏེ་གཡུང་དྲུང་བོན་གྱི་དད་ལྡན་འབུམ་ཕྲག་དུ་མའི་དད་རྟེན་གནས་མཆོག་ཀོང་པོའི་བོན་རིའི་གནས་སྒོ་ཕྱེས་པ་དང་། སྐུ་ཚེ་སྨད་ལ་གནས་དེར་སྒྲུབ་པ་ཉམས་ལེན་ཁོ་ནར་མཛད་དེ་བཞུགས། ལྡོང་སྒོམ་བསྟན་པ་ལྷུན་གྲུབ་མཆོག་ཡང་འབྲུག་འཁྱུད་གྲོང་ཚོར་སྐུ་འཁྲུངས་ཏེ་ཁོང་བོན་གྱི་མདོ་སྔགས་སེམས་གསུམ་ལས་གཙོ་བོ་སེམས་སྡེའམ་རྫོགས་ཆེན་གྱི་བོན་ལ་ཉམས་ལེན་རྐྱང་དེད་མཛད་པ་དང་ཁོང་ནི་བོན་གྱི་རྫོགས་ཆེན་གྱི་བླ་བརྒྱུད་ཁག་ལས་གལ་ཆེན་དུ་ཆགས་ཡོད། ཁྱད་པར་དུ་ཁོང་ཀོང་ཡུལ་དུ་ཕེབས་ཏེ་གནས་ཆེན་བོན་རིའི་ཉེ་འདབས་སུ་བོན་གྱི་དགོན་སྡེ་གྲགས་ཅན་སྟག་རྩེ་རི་ཁྲོད་ཅེས་པར་ཕྱག་བཏབ་སོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། སྣང་སྟོན་ཆེན་པོ་སྐྱབས་མགོན་ཟླ་བ་རྒྱལ་མཚན་མཆོག་ཟུང་ཆུའི་སྣང་ཞིག་དོ་འཕགས་ཆེན་པོའི་གདུང་ལས་མེ་འབྲུག་ལོ་(སྤྱི་ལོ་1796ལོར།)སྐུ་འཁྲུངས་ཏེ་ཡུལ་ལུང་འདིའི་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་དབང་ལུང་མང་དུ་གསན། དེ་ནས་དབུས་གཙང་དུ་ཕེབས་ཏེ་སྨན་རིར་བཞུགས་ནས་མཁན་ཆེན་བསོད་ནམས་བློ་གྲོས་མཆོག་གི་མདུན་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ལ་འཆད་ཉན་སྒོམ་སྒྲུབ་མཛད་ཅིང་། དགུང་གྲངས་ཉེར་ལྔའི་ཐོག་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས། ཤིང་རྟ་ལོ་(སྤྱི་ལོ་1834ལོར།)བོན་གྱི་གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་ཕྱག་བཏབ་མཛད་དེ་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་མཁའ་ལ་བསྒྲེངས། མཐར་དགུང་གྲངས་རེ་དྲུག་སྟེང་(སྤྱི་ལོ་1862ལོར།)སྐུ་ཞི་བར་གཤེགས། སྨན་རིའི་ཁྲི་འཛིན་ཉེར་བཞི་བ་སྐུ་མདུན་བསོད་ནམས་ཕུན་ཚོགས་མཆོག་ཟིང་ཆུའི་ཧ་སྨིན་གྲོང་ཚོའི་རྨེའུ་ཚང་དུ་སྐུ་འཁྲུངས་པ་དང་། སྐུ་ན་ཆེར་སོན་ནས་སྨན་རིར་ཕེབས་ཏེ་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་མཆོག་དང་སྐྱབས་མགོན་ཟླ་བ་རྒྱལ་མཚན་མཆོག་རྣམ་གཉིས་ཀྱི་མདུན་ནས་དབང་ལུང་ཞུས་ཤིང་སྒྲུབ་པ་ཉམས་ལེན་མཛད། ཤིང་ཡོས་ལོ་སྤྱི་ལོ་1855ལོར་སྨན་རིའི་གསེར་ཁྲིར་ཕེབས། མཐར་སྐུ་ཚེ་མཐར་ཕྱིན་ནས་བསྟན་འགྲོའི་དོན་རླབས་ཆེན་བསྐྱངས་ནས་སྐུ་མྱ་ངན་ལས་འདས། དེ་བཞིན་ཡུལ་ལུང་འདིར་བྱོན་པའི་མཁའ་ཡག་ངག་དབང་རྣམ་རྒྱལ་མཆོག་གིས་དགའ་མལ་དགོན་དུ་བཤད་གྲྭ་དང་སྒྲུབ་གྲྭ་སོགས་གསར་ཚུགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ་དང་། ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་མཆོག་གིས་སྐྱང་ཚང་དགོན་དུ་བཤད་གྲྭ་དང་སྒྲུབ་གྲྭ་བསྐྱར་གསོའི་མཛད་འཕྲིན་བསྐྱངས་པ་དང་། རིན་སྤུངས་དགོན་གྱི་མཁན་ཆེན་ཤེས་རབ་ཡེ་ཤེས་མཆོག་གིས་ཡུལ་ལུང་འདི་ཡི་རྫོང་མཁར་སོགས་ནས་རྒྱ་བོད་འཁྲུག་རྩོད་ཆེན་པོ་བྱུང་སྐབས་སུ་ཞི་མཐུན་གྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་པས་རྒྱ་ནག་གོང་མས་མཁན་ཆེན་ཁོང་ལ་གཟེངས་རྟགས་ཀྱི་ཐམ་ག་དང་བཀའ་ཤོག ལེགས་སྐྱེས་ལ་གསེར་དངུལ་རིགས་མང་པོ་གནང་བ་མ་ཟད། རིན་སྤུངས་དགོན་ལ་རྒྱ་ནག་ཧྭ་ཤང་གི་འབག་སོགས་གནང་བར་བཞིན་གཞན་དག་གི་དགོན་པ་ལ་མེད་པའི་རྒྱ་ནག་ཧྭ་ཤང་གི་འཆམ་རྒྱག་སྲོལ་ཡང་དུས་དེ་ནས་བྱུང་བ་དང་། ཁྱད་པར་དུ་མཁན་ཆེན་ཁོང་ལ་རྫོང་མཁར་དུ་གཟིམ་ཁང་སོགས་གཟེངས་སྐྱེས་སྣ་ཚོགས་གནང་བའི་ལོ་རྒྱུས་ཡོད། དེ་ནས་རིན་སྤུངས་ཨ་ལགས་ཤེས་རབ་རྣམ་རྒྱལ་མཆོག་གིས་ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་བཀའ་དགོངས་བཞིན་རང་དགོན་དུ་བཤད་གྲྭ་དང་སྒྲུབ་གྲྭ་བཅས་གསར་ཚུགས་གནང་སྟེ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཀྱང་དུ་མར་བྱོན། དེ་ནས་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ཏེ་ཏང་གི་སྲིད་ཇུས་ཡང་དག་ཆོས་དད་རང་མོས་རང་དབང་གནང་བ་དང་བསྟུན། རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ལོ་(སྤྱི་ལོ་1982ལོ།)ལོ་ལ་ཟུང་ཆུ་རྫོང་ཏང་ཨུའུ་མི་དམངས་སྲིད་གཞུང་གིས་རོགས་རམ་དང་རྒྱབ་སྐྱོར་གང་མང་གནང་བ་དང་། དེ་བཞིན་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་གྱི་བླ་གྲྭ་སྐྱ་སེར་སྟོང་ཕྲག་དུ་མས་ཞབས་འདེགས་འོག་དང་། དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་མཁན་ཆེན་ཤེས་རབ་མཐར་ཕྱིན་དང་དཔོན་སློབ་ཁྲི་རབས་དང་པོ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐུགས་འགན་རྒྱ་ཆེར་བཞེས་ཐོག་དགའ་མལ་དགོན་ཆེན་དུ་བཤད་གྲྭ་དང་སྒྲུབ་གྲྭ་ཟུང་འབྲེལ་གྱི་བསྟན་པ་རྒྱ་ཆེར་སྤེལ་ཏེ་དེང་གི་དུས་ལ་ཡང་བཤད་གྲྭ་དང་སྒྲུབ་གྲྭའི་བསྟན་པ་དར་རྒྱས་སུ་བྱུང་མུར་གནས་ཡོད། དེ་བཞིན་དུ་ཡུལ་ལུང་འདིར་དགའ་ལྡན་གསེར་ཁྲི་ཁྲི་རབས་གྱ་གཅིག་པ་ངག་དབང་ནོར་བུ་མཆོག་ཟུང་ཆུར་སྐུ་འཁྲུངས་ཤིང་། བགྲང་བྱ་ལྔའི་རིང་གསེར་ཁྲི་བསྐྱངས། རབ་བྱུང་བཅོ་ལྔ་བའི་ལྕགས་འབྲུག་སྤྱི་ལོ་1880ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས་པ་དང་། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་ཟུང་ཆུ་དམུ་དགེར་སྐུ་འཁྲུངས་ཏེ་ཨ་མདོ་བླ་བྲང་སོགས་སུ་ཕེབས་ནས་གཞུང་ལུགས་ཀུན་ལ་མཁས་པའི་གོ་འཕང་བརྙེས་ཤིང་། ཁོང་གིས་ལོ་རབས་བརྒྱད་ཅུའི་སྐབས་སོགས་སུ་བོད་མི་རིགས་སྤྱི་ལ་ཕན་པའི་རིག་གནས་ཀྱི་བྱ་བཞག་རླབས་ཆེན་བསྐྱངས་པ་དང་། ཁོང་གིས་གསོ་སྐྱོང་གནང་བའི་མཁས་དབང་དུ་མ་ཞིག་དེང་གི་དུས་སུའང་བཞུགས་ཏེ་བོད་མི་རིགས་ཀྱི་རིག་གནས་ཐད་ལ་ཞབས་ཕྱི་ཞུ་དང་ཞུ་བཞིན་པ་འདིར་དམིགས་བསལ་སྨྲོས་མ་དགོས་པ་རེད། དེ་ལྟར་ཟུང་ཆུའི་ཡུལ་ལུང་འདི་ལ་སྔོན་མི་ལོ་སྟོང་ཕྲག་གསུམ་གྱི་ཡར་སྔོན་ནས་དེང་གི་བར་ལ་ཡང་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ལ་མཁྱེན་རབ་ཀྱི་རྩལ་རྫོགས་ཤིང་། འཆད་རྩོད་རྩོམ་གསུམ་གྱི་བྱ་བཞག་རྒྱ་མཚོ་ལས་གཏིང་ཟབ་པ། བསྟན་དང་འགྲོ་བའི་ཕན་བདེའི་མཛད་འཕྲིན་ཉི་འོད་ལས་གཟི་བྱིན་ཆེ་བ། མི་རིགས་དང་མི་རིགས་ལ་ཞབས་འདེགས་ཀྱི་མཛད་བཟང་ཇི་སྲིད་འཁོར་བ་མ་སྟོང་བར་དུ་དེ་སྲིད་མི་ནུབ་པ་སོགས་ཀྱི་མཛད་པ་བདག་གིར་བཞེས་པའི་སྐྱེས་ཆེན་ནམ་མཁའི་སྐར་ཚོགས་ལྟར་དུ་བྱོན་ཡོད་པའི་ལོ་རྒྱུས་ཀྱི་དེབ་ཐེར་མཐའ་ཡས་པ་ཡོད། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་དར་རིམ་ལ་ཡང་། ཐོག་མར་གཡུང་དྲུང་བོན་དར་བ་དང་དེ་ནས་བན་དེའི་ཆོས་དར། དེ་ལ་ཡང་རྙིང་མ་བ་དང་ས་སྐྱ་བ། དགེ་ལུགས་པ་བཅས་རིམ་བཞིན་དུ་དར་འཕེལ་བྱུང་བ་དང་། ད་ཆ་ལ་མཚོན་ན་ཡང་ཟུང་ཆུའི་ཡུལ་ལུང་འདི་ལ་བོད་བརྒྱུད་ནང་བསྟན་གྱི་རིས་མེད་དགོན་སྡེ་བཅུ་དགུ་དང་། ཁ་ཆེ་ཆོས་ལུགས་ཀྱི་མཆོད་ཁང་བཅུ་གཅིག རྒྱའི་ཆོས་ལུགས་ཏོའུ་ཆོའི་ལྷ་ཁང་གཅིག་བཅས་ཁྱོན་བོད་བརྒྱུད་ནང་བསྟན་གྱི་རིས་མེད་དགོན་པ་དང་ཁ་ཆེའི་མཆོད་ཁང་སོགས་སོ་གཅིག་ཡོད་ལ། དེ་དག་གི་ད་ཆར་ཆོས་དད་རང་མོས་ཀྱི་སྒོ་ནས་ཕྱིའི་འཛུགས་སྐྲུན་དང་ནང་གི་ཆོས་ལུགས་སོ་སོའི་ཉམས་ལེན་དང་མཛད་སྒོ་སོགས་འཕེལ་རྒྱས་ཡག་པོ་བྱུང་ཡོད་པ་རེད།

          གསུམ་པ། ཟིང་ཆུ་ཁོག་ལ་ལོ་རྒྱུས་དང་ལྡན་པའི་གནས་རི་གང་ཡོད་ལ་གནད་བསྡུས་དཔྱད་པ།

           དེ་ཡང་ཟུང་ཆུའི་ཡུལ་ལུང་གནས་འདི་ལ་མཚོན་ན་ཡང་གནའ་བོའི་ལོ་རྒྱུས་དང་ལྡན་པའི་གནས་ཆེན་དང་ཡུལ་ལྷའི་གནས་ བདག་གི་གནས་རི་མང་བོ་ཞིག་ཡོད་དེ། བོན་གྱི་གསང་སྔགས་མ་རྒྱུད་ཀྱི་གནས་ཆེན་བྱང་བྱ་དུར་དང་གནས་ཆེན་ཉེར་ལྔའི་ནང་ཚན་རྒྱ་ནག་གོང་མ་མཁའ་འགྲོ་འུག་གདོང་འདི་ཡང་གོང་ཞུས་ལྟར་དུ་མི་ལོ་སུམ་སྟོང་ལྷག་གི་ཡར་སྔོན་ནས་མ་རྒྱུད་གཞུང་དུ་ཁ་གསལ་དུ་བསྟན་འདུག་ལ། ཁྱད་པར་དུ་རྒྱ་བོན་ཟིང་བ་མཐུ་ཆེན་གྱིས་ཆུ་སྙིང་དཀར་མོ་གཏེར་ཆུ་དྲངས་པ་ནས་བཟུང་གནས་ཆེན་བྱང་བྱ་དུར་ལ་གྲུབ་ཆེན་ཁོང་ཉིད་གཙོས་པའི་བོན་གྱི་རིག་འཛིན་གོང་མ་གྲངས་མང་ཞིག་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་གནས་དེར་བཞུགས་ཏེ་བྱིན་རླབས་ཀྱི་ཚན་ཁ་དེར་རློབས་པ་དང་། ཡང་ཁྱད་ལ་རིག་འཛིན་སྐྱང་འཕགས་ཆེན་པོ་མཆོག་གིས་གནས་ཆེན་འདི་ཉིད་གནས་སྒོ་ཕྱེས་པ་ནས་བཟུང་ཡུལ་ལུང་འདིར་བཞུགས་པའི་བོན་བན་རིས་མེད་ཀྱི་དད་ལྡན་ཁྲི་མ་འབུམ་གྱི་དད་ལྡན་དམངས་ཚོགས་རྣམས་ལོ་རེ་ནས་ལོ་རེ། ཉིན་རེ་ནས་ཉིན་རེ་ནས་སྐོར་བ་སོགས་འགྲོ་མཁན་མང་ལ། དེ་བཞིན་མི་ལོ་ཆིག་སྟོང་ལྷག་གི་ཡར་སྔོན་དུ་ཕེབས་པའི་བོད་ཀྱི་བླ་ཆེན་དྲན་པ་ནམ་མཁའ་དང་ལོ་ཆེན་བཻ་རོ་ཙ་ན་གཙོས་པའི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་ཁག་མ་རྒྱུད་ཀྱི་གནས་ཆེན་ཤར་གཉན་དུང་རི་དང་མཛེས་ལྗོངས་གསེར་མཚོ་སོགས་ལ་ཕེབས་ཏེ་སྒྲུབ་པ་ཉམས་ལེན་གནང་སྟེ་གནས་དེ་ལ་བྱིན་གྱིས་རློབས་པ་དང་། ཁོང་རྣམས་ཀྱིས་མ་འོངས་པར་ཡུལ་ལུང་འདི་ཉིད་གཙོས་པའི་འཛམ་གླིང་ཡུལ་གྲུ་ཀུན་ལ་ཞི་བདེའི་དཔལ་ལ་སྤྱོད་ཅིང་བདེ་སྐྱིད་ཀྱི་འཚོ་བ་རོལ་པའི་བསྔོ་སྨོན་གནང་བའི་འཕྲིན་ལས་བཅས་རྒྱ་ཆེར་བསྐྱངས། དེ་ཕྱིར་ཕན་འབྲས་དེ་དག་ལ་བསྟེན་ནས་དེང་གི་དུས་སུའང་འཛམ་གླིང་གི་མི་སྣ་ཉིན་རེར་ཁྲི་མ་འབུམ་སོགས་གནས་ཆེན་ཤར་གཉན་དུང་རི་དང་མཛེས་ལྗོངས་གསེར་མཚོ་གཙོས་པའི་ཡུལ་ལུང་འདི་ལ་གཟིགས་སྐོར་དུ་ཕེབས་པ་འདི་ཡང་། སྤྱིར་སྔོན་བྱོན་རིག་འཛིན་གོང་མ་རྣམས་ཀྱི་བཀའ་དྲིན་དང་ཁྱད་པར་དུ་ཡུལ་ལུང་འདིར་གནས་ཀྱི་མི་སེར་རྣམས་ཀྱི་དད་མོས་ཀྱིས་བདག་སྐྱོང་དང་འཁོར་ཡུག་འདི་ཉིད་སྲུང་སྐྱོབ་སོགས་གནང་བའི་ཕན་འབྲས་ལས་བྱུང་བ་རེད།

            དེ་བཞིན་དུ་ཟུང་ཆུའི་ཡུལ་ལུང་འདི་ལ་མཚོན་ན་ཡང་དགོན་པ་རེ་ལ་རྒྱབ་རིའི་གནས་རི་རེ་ཡོད་པ་སྟེ། དཔེར་ན་དགའ་མལ་དགོན་ཆེན་དང་དགའ་མལ་དགོན་གཉིས་ཀྱི་རྒྱབ་རིའི་གནས་རི་ལ་བྱང་བྱ་དུར་དང་གནས་ཆེན་མཁའ་འགྲོ་འུག་གདོང་། སྣང་ཞིག་དགོན་ལ་གནས་བདག་སྟག་པོ། སྐྱ ང་ཚང་དགོན་ལ་གནས་བདག་བདུད་གཞོམ། རིན་སྤུངས་དགོན་ལ་ཤར་གཉན་དུང་རི་དང་གནས་བདག་ཁྱུང་རྒོད། སྐྱིད་འཛོམས་དགོན་ལ་ཀུ་ཡུག་བྲག་རྒན། གཙོ་ཚང་དགོན་ལ་བར་རོང་གནས་བདག་རྒོད་པོ་སྤུན་གསུམ།ལྕགས་མདུད་དགོན་ལ་གནས་བདག་ཨ་གླིང་བྲག་དཀར་སོགས་ཡོད་པ་ལྟར་དུ་དགོན་པ་ཀུན་ལ་དེ་འདྲ་རེ་ཡོད་ལ། གནས་བདག་དེ་དག་ཀྱང་སྔོན་རིག་འཛིན་གོང་མ་རྣམས་ཀྱི་མདུན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་དོན། ཁྱད་པར་དུ་དགོན་པ་དེའི་བསྟན་པའི་ལས་དོན་གང་ལ་ཡང་སྡོང་གྲོགས་ཀྱི་འཕྲིན་ལས་མཛད་ཅིང་སྔོན་ཆད་ཀྱི་བཀའ་ཆད་ལྟར་དམ་ཚིག་ལས་མི་འདའ་བ་སོགས་ཀྱི་བསྟན་འགྲོའི་ལས་ལ་སྡོང་གྲོགས་སྣ་ཚོགས་མཛད་བཞིན་ཡོད་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1