གཙོ་ངོས།>> རྩོམ་རིག>>སྒྲུང་གཏམ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༡༧ཉིན།

༄༅།།འདི་ཧ་ཅང་བཟང་། (གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།)

 གནའ་སྔ་མོར།   རྒྱལ་བོ་ཞིག་གིས་ཤེས་རབ་ལྡན་པའི་རྒན་པོ་ཞིག་ཕོ་བྲང་དུ་གདན་དྲངས་ནས་རྒྱལ་བོའི་དབུ་བླར་བསྐོས།  རྒན་པོ་དེ་ནི་དཀའ་སྡུག་གི་དོན་དག་ཅི་ལ་འཕྲད་ཀྱང་།   འདི་ཧ་ཅང་བཟང་།   འདི་དོན་དག་དགའ་ཞིག་རེད་ཅེས་སྨྲ་བར་དགའ་ཞིང་དེ་ནི་ཁོའི་གོམས་གཤིས་དང་རྒྱུན་ལྡན་གྱི་བཤད་ལུགས་ཞིག་ཏུ་ཆགས་ཡོད།  

       ཉིན་ཞིག    རྒྱལ་བོས་སེམས་ཆུང་མ་བྱས་པར་གྲི་ཆུང་ཞིག་གིས་རང་གི་མཛུབ་ཆུང་གཏུབས་པ་དང་།  ན་ཟུག་བཟོད་མ་ཐུབ་པར་དབུ་བླ་རྒན་པོར་དེར་ན་ཟུག་འཇོམས་པའི་ཐབས་ཤེས་ཅི་ཡོད་ཅེས་དྲིས་པ་ན།   རྒན་པོས་ཅི་མི་སྙམ་པར་རྒྱལ་བོ་ལ།   ཁྱོད་ཀྱིས་འདི་ཧ་ཅང་བཟང་།  འདི་དོན་དག་དགའ་ཞིག་རེད་ཅེས་སྐད་ཆེན་པོས་བཤད་ན་ན་ཟུག་ཇེ་ཡང་དུ་འགྲོ་ཐུབ་ཅེས་ལན་བཏབ། 

     རྒྱལ་བོས་སྐད་ཆ་དེ་གོ་རྗེས་ཁོང་ཁྲོ་རབ་ཏུ་ལངས་ནས།    ངའི་མཛུབ་ཆུང་གཏུབས་ན་ཡང་ཁྱོད་ཀྱིས་ད་རུང་འདི་ནི་དོན་དག་དགའ་ཞིག་རེད་ཅེས་སྨྲ་བར་སྤོབས།    ངས་ད་ལྟ་རྒན་པོ་ཁྱོད་རང་བཙོན་དུ་འཇུག་རྒྱུ་ཡིན།  ད་ཁྱོད་ཀྱིས་འདི་ནི་དོན་དག་དགའ་ཞིག་རེད་ཟེར་ཐུབ་མིན་ལ་བལྟའོ་ཟེར་ཞིང་ཐག་བཅད།   སྲུང་དམག་གིས་རྒན་པོ་དེ་བཙོན་ཁང་དུ་བསྐྱལ་བ་དང་མ་བསམ་ས་ནས་རྒན་པོ་དེས་སྔར་བཞིན་འདི་ཧ་ཅང་བཟང་།   འདི་དོན་དག་དགའ་ཞིག་རེད་ཅེས་སྨྲ་བཞིན་འདུག 

        ཡུན་རིང་མ་འགོར་བའི་ཉིན་ཞིིག་ལ།  རྒྱལ་བོ་དང་བློན་ཆེན་རྣམས་རི་ལ་རི་དྭགས་རྔོན་པར་སོང་།    སྟབས་མ་ལེགས་པར་རི་དེ་ན་འཚོ་ཞིང་གནས་པའི་གནས་བོའི་མི་རིགས་ཤིག་གི་ཡུལ་མི་ཚོས་ཁོ་ཚོ་འཛིན་བཟུང་བྱས་ཤིང་དམར་མཆོད་བྱེད་པའི་གྲ་སྒྲིག་བྱས།   ཡིན་ན་ཡང་ས་ཆ་དེར་ལག་རྡུམ་དང་མཛུབ་གུ་ཆད་པ་སོགས་དབང་བོ་ཆ་ཚང་མིན་པའི་མི་ནི་དམར་མཆོད་བྱེད་མི་རུང་བའི་གོམས་སྲོལ་ཡོད་པས་རྒྱལ་བོ་དེ་ཕྱིར་གློད་པ་རེད།  

     རྒྱལ་བོ་དེ་རང་གི་ཕོ་བྲང་དུ་ཐོན་རྗེས།   དབུ་བླ་རྒན་པོ་དེ་བཙོན་གྲོལ་བཏང་བ་མ་ཟད་བྱ་དགའ་ཡང་སྤྲད་ནས་ངའི་མཛུབ་གུ་གཅིག་གཏུབས་བྱུང་བ་དེ་ནི་དོན་དག་དགའ་ཞིག་ཡིན་པ་ར་སྤྲོད་བྱུང་སོང་ཟེར།   དེས་ན་ཁྱོད་རང་བཙོན་ཁང་དུ་དུས་ཡུན་རིང་བོར་བཙོན་འཇུག་བྱུང་བ་འདི་ཡང་དོན་དག་དགའ་ཞིག་ཡིན་ནམ་ཞེས་དྲིས་པ་ན།    རྒན་པོས་དེ་ལོས་ཡིན།   གལ་ཏེ་ང་རང་བཙོན་ཁང་དུ་མེད་པར་རྒྱལ་བོ་ཁྱེད་དང་མཉམ་དུ་རི་དྭགས་རྔོན་པར་སོང་བ་ཡིན་ན་ང་ཡང་དམར་མཆོད་བྱས་ཚར་བ་རེད་ཟེར་བཞིན་དགད་བྱུང་།   

 རྒྱུན་ལྡན་འཚོ་བའི་ཁྲོད་བདེ་སྐྱིད་དང་ཆག་སྒོ་གཉིས་ལ་མཐའ་གཅིག་གི་དབྱེ་མཚམས་འབྱེད་རྒྱུ་མེད།   དོན་དག་ཅི་ཞིག་ཡིན་རུང་བཟང་ངན་ཕྱོགས་གཉིས་ཀྱི་གྲུབ་ཆ་འཛོམས་ཡོད།    སྤྲོ་སྣང་གི་སེམས་ཁམས་དང་མིག་རྒྱང་ཡོད་ན་སྤྲིན་ནག་པོའི་རྗེས་ནའང་དྲོད་འཇམ་གྱི་ཉི་འོད་ཡོད་པ་དང་འདྲ་བར་དོན་དག་དགའ་ཞིག་འགྲུབ་ཐུབ་པའོ།།  


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1