གསའ་རྨས་མ་ཞིག་སྲུང་སྐྱོབ་ལྟེ་གནས་སུ་བསྐྱལ་ནས་སྨན་བཅོས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-17




         ཉེ་ཆར། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ལྷ་ཤུལ་གྲོང་རྡལ་པད་མ་གྲོང་ཚོའི་སྐྱེ་ཁམས་བདག་སྐྱོང་བས་རི་སྐོར་རྒྱག་པའི་ལམ་བར་དུ་རྨས་སྐྱོན་ཕོག་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གསའ་ཞིག་རྙེད་པ་དང་། གསའ་ཡི་རྐང་པ་གཉིས་ཀར་རྨ་ཁ་ཡོད་པ་མ་ཟད་ལངས་ཐུབ་ཀྱི་མེད། མིག་སྔར་རྨས་སྐྱོན་ཕོག་པའི་གསའ་དེ་མཚོ་སྔོན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་སུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།
         མཚོ་སྔོན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱིས་རྒྱུན་སྲོལ་ལྟར་གསའ་དེའི་མིང་ལ“ལིང་རུའེ་ཞུའེ”ཞེས་བཏགས། ཤེས་རྟོགས་བྱུང་བར་གཞིགས་ན། “ལིང་རུའེ་ཞུའེ”ནི་ནར་སོན་པའི་གསའ་མོ་ཞིག་ཡིན་པ་དང་། དུས་ཡུན་ཆུ་ཚོད་བཞི་ལྷག་ཙམ་གྱི་བརྟག་དཔྱད་དང་ཐོག་མའི་སྨན་བཅོས་བྱས་རྗེས། མིག་སྔར་གསའ་དེ་ལོ་བཞི་ཙམ་ཡིན་པ་དང་། གཡོན་ཕྱོགས་ཀྱི་མཆེ་བ་གོང་འོག་གཉིས་ཀ་ཆག་པ་དང་བརྡར་ཟད་ཐེབས་ཡོད། སོའི་རྐང་ཁོག་ཕྱིར་མངོན་འདུག གཟུགས་པོའི་རིང་ཚད་ལ་ལི་སྨི93དང་། གཟུགས་པོའི་ལྗིད་ཚད་ལ་སྟོང་ཁེ22.7ཡོད་པ་དང་གཅིན་པ་བཏང་ཚར་རྗེས་ལྗིད་ཚད་སྟོང་ཁེ21.2ཡིན་པས། དེ་རྒྱུན་གཏན་གྱི་ནར་སོན་པའི་གསའ་དང་བསྡུར་ན་གཟུགས་པོའི་ལྗིད་ཚད་ཅུང་དམའ་བ་རེད། རྐང་པ་གཡོན་པའི་ཚིགས་ཕུད་པ་དང་རྩ་རྒྱུས་སྐྱོན་ཡོད་པ་འདྲ་ལ། རུས་ཚིགས་འགུལ་སྐྱོད་ཀྱི་ཚད་རྒྱུན་ལྡན་མིན་པས། དུས་ཡུན་རིང་པོར་ལངས་མི་ཐུབ་པ་དང་། སུག་པ་རྗེས་མ་གཉིས་ཀྱི་ཤ་གནད་འཁུམ་ཚད་ཚབས་ཆེ།
         མིག་སྔར་མཚོ་སྔོན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལྟེ་གནས་ཀྱི་ཆེད་ལས་ཚོགས་པས“ལིང་རུའེ་ཞུའེ”ལ་སྨན་བཅོས་བྱེད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1