བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་བྱམས་པ་བརྩོན་འགྲུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-10


           བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་རྒན་བྱམས་པ་བརྩོན་འགྲུས་ཀྱིས། བོད་ལྷམ་དང་བོད་ཤོག་སོགས་ལག་ཤེས་བཟོ་ལས་རྒྱུན་འཛིན་བྱས་པ་ནས་ཕན་བདེ་སློབ་གྲྭ་བཙུགས་པའི་བར་དུ། ཁོ་རང་ལ་ཕྱིར་དྲན་བྱ་རིན་ལྡན་པའི་ངོ་མཚར་བའི་མི་ཚེའི་གཏམ་རྒྱུད་ཞིག་ཡོད།

            དུས་རབས་སྔོན་མའི་ལོ་རབས་80བའི་ནང་། བྱམས་པ་བརྩོན་འགྲུས་ནི་ལྷ་སའི་ལྷམ་བཟོ་གྲྭ་ཞིག་གི་འགོ་འཛིན་གཞོན་པ་ཡིན། བོད་ལྷམ་བཟོ་སྐྲུན་གྱི་བརྒྱུད་རིམ་ཆ་ཚང་ལག་ཤེས་ལ་བརྟེན་བཞིན་ཡོད་ལ། ལས་བགོས་ཞིབ་ཚགས་ལྡན་ཞིང་། སྤུས་ཀའི་ཐད་ནས་བླང་བྱ་ནན་མོ་དང་ཆེ་ཆུང་གི་ཚད་གཞི་མངོན་གསལ་ལྡན། ཁོང་གིས་གསར་གཏོད་ཀྱི་རྒྱུ་ཆ་བོད་ལྷམ་བཟོ་སྐྲུན་ཁྲོད་དུ་འདྲེན་ཅི་ཐུབ་བྱས། ཚོང་རའི་ནང་དུ་བོད་ལྷམ་གསར་བ་མཐོང་ཚེ། མྱུར་ཏུ་ཉོས་ཏེ་ཞིབ་ཚགས་ཀྱིས་ཞིབ་འཇུག་བྱས་ཏེ། མཇུག་མཐར་བོད་ལྷམ་གསར་བ་བཟོ་སྐྲུན་བྱས་པ་རེད།

          1990ལོར། བྱམས་པ་བརྩོན་འགྲུས་ཀྱིས་རང་མི་རིགས་ལག་ཤེས་བཟོ་རྩལ་མྱུར་སྐྱོབ་བྱས། སྐབས་དེར། ཁོང་གིས་མི་ཁྲིད་ནས་ལོ་རྒྱུས་ཐོག་བོད་ཤོག་ཐོན་སྐྱེད་ས་གནས་གཙོ་བོ་དག་དང་། གཞན་པའི་ཕྱོགས་གང་སར་སོང་སྟེ། ལག་ཤེས་པ་རྒན་པར་བཅར་འདྲི་བྱས་ནས། ཁོ་ཚོའི་ངག་ཐོག་ནས་བརྒྱུད་པའི་ལག་ཤེས་དེ་དག་ཟིན་འགོད་བྱས། དུས་སྐབས་དེའི་རིང་དུ། ཁོང་གིས་བཅར་འདྲི་བྱས་པའི་ལག་ཤེས་ཅན་རྒན་པ་འགའ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཚེ་ལས་འདས་པས། བོད་ཤོག་ཐོན་སྐྱེད་ལག་ཤེས་མྱུར་སྐྱོབ་དང་སྔོག་འདོན་གྱི་ལས་ཀ་ནི་ཁ་ཚ་དགོས་གཏུག་ཞིག་ཏུ་གྱུར། 1993ལོར། བྱམས་པ་བརྩོན་འགྲུས་ཀྱིས་མ་དངུལ་བཏང་སྟེ། ལག་ཤེས་ཅན་རྒན་པ་སྐོར་ཞིག་ལྷ་སར་གདན་དྲངས་ནས། མཉམ་གཅིག་ཏུ་ཞིབ་འཇུག་གྲོས་མོལ་གནང་རྗེས། མཇུག་མཐར་ཐོན་སྐྱེད་ལག་ཤེས་ཀྱི་བརྒྱུད་རིམ་ཆ་ཚང་བསྡུ་སྒྲིག་བྱ་ཐུབ་པ་བྱུང་། 2006ལོར། བོད་ཤོག་ཐོན་སྐྱེད་ལག་རྩལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ཁྲོད་བཀོད་པ་རེད།

         1993ལོར་བྱམས་པ་འཕྲིན་ལས་ཀྱིས་རང་ཉིད་ཀྱི་ལས་རིགས་གསར་གཏོད་བྱས་ཏེ་གསོག་པའི་དམངས་སྒོར་ཁྲི་40ལྷག་མ་རྩར་བཏང་སྟེ། བོད་ལྗོངས་སུ་དབང་བོ་སྐྱོན་ཅན་གྱི་གཞོན་ནུ་དང་དྭ་ཕྲུག་གསོ་སྐྱོང་སློབ་གྲྭ་ཐོག་མ་སྟེ། ལྷ་སའི་ཚའེ་ཆོན་ཕན་བདེ་དམིགས་བསལ་སློབ་གྲྭ་གསར་འཛུགས་བྱས།

          ཁོང་གིས་ལོ་20ལྷག་ལ་འབད་བརྩོན་བྱས་པ་བརྒྱུད། ལྷ་སའི་ཚའེ་ཆོན་དམིགས་བསལ་སློབ་གྲྭས་སྔ་རྗེས་སུ་སློབ་མ་312ལ་རོགས་སྐྱོར་བྱས་ཤིང་། སློབ་མཐར་ཕྱིན་ནས་ཡོང་འབབ་འཚོལ་བཞིན་པའི་རི་མོ་བ་15ཡོད། འཚེམ་དྲུབ་ལས་རིགས་གཉེར་བཞིན་པའི་མི 28ཡོད། རྒྱ་བོད་སྐད་རིགས་གཉིས་ཀྱི་ཡུལ་སྐོར་སྣེ་ཤན་དང་ཡིག་སྒྱུར་བྱེད་བཞིན་པའི་མི 14བཅས་ཡོད་པ་རེད།

          ད་ལྟ་ཁོང་གིས་བོད་ལྗོངས་ཀྱི་བོད་ལྷམ་བཟོ་སྐྲུན་ལག་རྩལ་སྐོར་གྱི་དཔེ་དེབ་ཅིག་འབྲི་བཞིན་ཡོད་པ་དང་། དབང་བོ་སྐྱོན་ཅན་གྱི་བྱིས་པ་ཚོར་རོགས་བྱ་རྒྱུའི་ལས་ཀ་ད་དུང་མུ་མཐུད་དུ་བསྒྲུབ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1