གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༢༠ཉིན།

བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་ཡིས་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བཅུ་དྲུག་ཉིན་ཨུ་རུ་སི་ཡིས་འགུལ་སྐྱོད་སྤེལ་ཏེ་ཝུའུ་ཁི་ལན་དང་དེའི་མཐའ་འཁོར་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་བ་དང་། ཨུ་རུ་སི་གྲོས་མོལ་ལ་ཞུགས་པར་ཡང་བསྐྱར་གདན་ཞུ་བྱས་པར་མ་ཟད། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས། 
        སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཉིན་དེར་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས། ཁོས་དེའི་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་དེའི་ཉེ་འཁོར་ས་ཁུལ་གྱི་དམག་དོན་གཅིག་བསྡུས་བྱ་སྤྱོད་ལ་གྲོས་བསྡུར་བྱས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་ཀྱང་། བྱ་སྤྱོད་དེ་ནི་ཨུ་རུ་སིར་འཇིགས་སྐུལ་བྱེད་པ་མིན་པའི་ཚུལ་བསྟན། 
        སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཨུ་རུ་སི་ཡིས་འགུལ་སྐྱོད་སྤེལ་ཏེ་མིག་སྔའི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བར་གྲོས་མོལ་བྱེད་རྩིས་ཡོད་པ་དང་། ཨུ་རུ་སི་བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་ལས་འཛིན་ལྷན་ཚོགས་སུ་ལོག་པར་ཡང་བསྐྱར་གདན་ཞུ་བྱས། 
        སི་ཐའོ་ཨར་ཐིན་པེ་ཀི་ཡིས་ད་རུང་བསྟན་དོན། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་ཐུབ་མིན་གྱི་ཆོད་དོན་དེ་ཝུའུ་ཁི་ལན་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འདོན་དགོས་ཟེར། 
        ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་བ་ཉེ་སྔོན་ཇེ་སྡུག་ཏུ་སོང་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་དམག་དོན་མི་སྣ་དང་སྒྲིག་ཆས་མང་བོ་བཀོད་སྒྲིག་བྱས་ཡོད། ཨ་མེ་རི་ཁ་དང་ཝུའུ་ཁི་ལན། བྱང་ཆིངས་རྩ་འཛུགས་བཅས་ཀྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་མཐའ་མཚམས་དང་ཉེ་བའི་ས་ཁུལ་དུ་དམག་དཔུང་གཅིག་བསྡུས་བྱས་ཏེ་དཔུང་འཇུག་བྱེད་པའི་སྣང་ཚུལ་ཡོད་པའི་ཚུལ་བསྟན། ཨུ་རུ་སི་ཡིས་དོན་དེ་ཁས་ལེན་མ་བྱས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་བྱ་འགུལ་ལས་ཨུ་རུ་སིའི་མཐའ་མཚམས་བདེ་འཇགས་ལ་འཇིགས་ཉེན་བཟོས་ཡོད་པས། ཨུ་རུ་སི་ཡིས་རང་གི་མངའ་ཁོངས་སུ་དམག་དཔུང་རྩ་འཛུགས་བྱས་ནས་མངའ་ཁོངས་ལ་སྲུང་སྐྱོབ་བྱེད་པའི་དབང་ཆ་ཡོད་པ་ནན་བཤད་བྱས། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1