གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

རྟ་མགྲིན་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༢༢ཉིན།

༄༅།། ཚིག་ཕྲད་“ཏ་”ཡི་འཇུག་ཚུལ་དང་འཕེལ་འགྱུར་སྐོར་གྱི་ཐོག་མའི་དཔྱད་གླེང་།


 རྟ་མགྲིན་རྒྱལ།
[ནང་དོན་གནད་བསྡུས།] ཚིག་ཕྲད་“ཏ་”ནི་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་པོའི་ཁྱབ་ཁོངས་སུ་སྤྱོད་མུས་ཤིག་ཡིན་ནའང་། ད་ཕན་བརྡ་སྤྲོད་ཞིབ་འཇུག་པ་རྣམས་ཀྱིས་དེ་ཙམ་དོ་སྣང་མེད་པར་སྣང་བས། དཔྱད་རྩོམ་འདིར་དུས་རབས་༡༢ནས་༡༨བར་གྱི་རྣམ་ཐར་སོགས་ཡིག་ཆ་ཁག་བདུན་ལྷག་གཞིར་བཟུང་ཞིང་། ད་ལྟའི་ཡུལ་སྐད་དང་ཡང་ཟུང་དུ་འབྲེལ་ཏེ། ཚིག་ཕྲད་“ཏ་”དང་དེའི་རྣམ་པ་གཞན་དག་གི་སྐོར་ལ་དབྱེ་ཞིབ་བྱས་པ་དང་། སྐད་ཡིག་འཕེལ་འགྱུར་གྱི་ཁྲོད་དུ་དེའི་དོན་གྱི་འཇུག་ཚུལ་བརྡ་སྤྲོད་ཅན་དུ་ཇི་ལྟར་འགྱུར་ལུགས་སོགས་ལ་རགས་ཙམ་དཔྱད་གླེང་བྱས་ཡོད།
[བརྡ་ཆད་གཙོ་བོ།] ཚིག་ཕྲད། “ཏ་”སྒྲ་སོགས། འཕེལ་འགྱུར། འཇུག་ཚུལ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]H214[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)02-033-16  
        གླེང་སློང་བ།
        སུམ་རྟགས་ཀྱི་རྩ་བ་དང་དགོངས་འགྲེལ་ཁག་ལས་བྱུང་བའི་ཚིག་ཕྲད་ཀྱི་རྣམ་གཞག་ལ་བོད་ཀྱི་དེང་རབས་བརྡ་སྤྲོད་སྨྲ་བ་ཆོས་རྒྱས་བཤད་མཛད་ཡོད་ཀྱང་། སྲོལ་རྒྱུན་བརྡ་སྤྲོད་ཀྱི་བསྟན་བཅོས་སུ་མ་ཚུད་ཅིང་ཡུལ་སྐད་ཀྱི་རྗེས་ཤུལ་གསལ་བའི་དུས་རབས་རིམ་བྱུང་གི་བརྩམས་ཆོས་སུ་བྱུང་བའི་ཚིག་ཕྲད་རེ་ཟུང་གི་སྐོར་ལ་དོ་སྣང་ཧ་ཅང་ཉུང་བས། སྔོན་གྱི་ཡིག་ཚང་ཁྲོད་ཀྱི་ཚིག་ཕྲད་དང་འབྲེལ་བའི་གནད་དོན་ལ་དེང་རབས་སྐད་བརྡ་རིག་པའི་རིགས་ལམ་ནས་སྔོག་འདོན་དང་ཞིབ་འཇུག་བྱ་རྒྱུར་ད་དུང་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད། དེས་ན་ཡུལ་སྐད་ཐུན་མོང་དུ་མཆིས་པའི་མིང་བརྡ་ཚིག་ཕྲད་སོགས་ཀྱི་ཁུངས་བཙལ་ནས་བླང་དོར་གྱིས་སྐད་དང་ཡི་གེ་གཉིས་གཞི་གཅིག་ཏུ་དབབ་པར་འབད་རྒྱུ་ནི་དེང་རབས་བོད་སྐད་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་སྔོན་འགྲོ་མེད་དུ་མི་རུང་བར་མཐོང་བས། འདིར་ཚིག་ཕྲད་”ཏ་”ཡི་སྐོར་ལ་ཆེད་དུ་རྩོམ་ཐུང་འདི་འབྲི་བའི་བགྱི་བ་ལྷུར་བླངས་པ་ཡིན།   ཚིག་ཕྲད་”ཏ་”ནི་དུས་དེང་སང་ཡང་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་ཁྱབ་ཁོངས་སུ་སྤྱོད་མུས་སུ་མཆིས་ནའང་། མིག་སྔར་ཁོ་བོའི་ལག་ཏུ་སོན་པའི་དཔྱད་ཡིག་ལྟར་ན། བོད་རང་གི་བརྡ་སྤྲོད་ཞིབ་འཇུག་པས་འདི་ལ་ཕལ་ཆེར་དོ་སྣང་བྱུང་མེད་ཅེས་བརྗོད་ཆོག① དེ་བཞིན་ཕྲད་འདི་ལྟ་བུར་ཡིག་ཚང་དུ་འབྲི་ལུགས་ལྔ་ཙམ་བྱུང་ནའང་། དེང་རབས་སྐད་ཀྱི་གཞི་རྟེན་དུ་གྱུར་བའི་མིང་མཛོད་དག་ཡིག་ཁག་ཏུའང་འཇུག་ཚུལ་འདི་འདྲ་ཡོད་ལུགས་འགྲེལ་བཤད་མཛད་མེད་ཅིང་། སྲོལ་རྒྱུན་གྱི་ཤན་མཐུག་པའི་བསྟན་བཅོས་ཀྱི་སྐད་ལ་བལྟོས་ཏེ་ཚིག་ཕྲད་འདི་འབྱུང་སྲིད་པའི་བོད་མིའི་དེང་རབས་སྒྲུང་གཏམ་ཁག་ཏུའང་མཐོང་དཀོན་པ་ཞིག་ཡིན། གཤམ་དུ་ཁོ་བོས་ཚིག་ཕྲད་འདིའི་འཕྲེད་ཕྱོགས་དང་།  ལོ་རྒྱུས།  འབྱུང་ཁུངས་བཅས་ཕྱོགས་གསུམ་ནས་དཔྱད་གླེང་ཞུ་བར་བྱ་བ་ལ།  
 དང་པོ། འཕྲེད་ཕྱོགས་ཀྱི་དབྱེ་ཞིབ།   
        ཚིག་ཕྲད་”ཏ་”འདི་ད་ལྟའི་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལ་ཐུན་མོང་དུ་མཆིས་ནའང་། འདིའི་འཇུག་ཚུལ་རང་རྐྱ་བ་ཞིག་ཏུ་ངོས་བཟུང་སྟེ་ལོགས་སུ་འབྱེད་གནང་མཁན་སྔ་གྲས་ནི་ཧུའུ་ཐན་སོགས་ཡིན་པ་དང་། དེ་རྗེས་སུམ་བྷ་དོན་གྲུབ་ཚེ་རིང་གིས་དཔེར་བརྗོད་གཅིག་དང་ཆུས་ཨའེ་ཐང་(翟霭堂)གིས་ཀྱང་དཔེར་བརྗོད་གཅིག་དྲངས་ཡོད་མོད། དེ་རྣམས་ནི་དབུས་གཙང་སྐད་ཀྱི་དཔེ་ཤ་སྟག་ཡིན། དཔེར་ན།   
        ༡ “ང་ཆོའི་ཕ་ཡུལ་ལ་ཐོག་རྩེགས་ཅན་གྱི་ཁང་པ་ཡོའོ་ད་ཡོའོ་རེད། ཡིན་ནའི་མཐོ་པོ་འདི་འདྲས་རང་ཡོའོ་མ་རེད”②   
        ༢ “དེ་རིང་གི་ཟློས་གར་ལྟད་མོ་ད་ཆེན་པོ་བྱུང་། ཡིན་ནའི་ལེའུ་ཉུང་དྲགས་ཤག”(གོང་མཚུངས་)  
        ༣ “ངས་ཤེས་དང་ཤེས་ཀྱི་རྦད་དེ་ཡིན་ནས་གསལ་པོ་ཤེས་གི་མི་འདུག”③  
        ༤ “ཉི་གདུགས་ཡོད་ད་ཡོད་དེ་(ཀྱང་)འཁྱེར་རྒྱུ་བརྗེད་ཤག”④ལྟ་བུའོ།  
        དེས་ན་ཧུའུ་ཐན་གྱིས་ཁྱོན་དཔེར་བརྗོད་ལྔ་དྲངས་ཤིང་།རྒྱ་ཡིག་གི་“་་་་་་倒是་་་་་་”ཞེས་པ་དང་དོད་མཚུངས་པར་བཞག་ཡོད་པ་དང་། ཆུས་ཨའེ་ཐང་གིས་འདྲ་མཉམ་ཚིག་སྦྲགས་(并立复句)ནང་གི་སྔ་ཕྱི་མི་མཐུན་པའི་དཔེར་བཞག་སྟེ། རྒྱ་ཡིག་གི་འགྱུར་དུ་“是”ཞེས་པའི་དོད་དུ་བཞག་ཡོད། དེ་ལྟར་ནའང་ཁོང་རྣམ་གཉིས་ནས་ཚིག་གི་གྲུབ་ཚུལ་ཐད་ཞིབ་ཕྲའི་དབྱེ་ཞིབ་གང་ཡང་བྱས་མེད། གོང་ཞུས་དཔེར་བརྗོད་དག་ལས་ཚིག་ཕྲད་”ཏ་”ཡི་རིགས་འདྲའི་སྒྲ་ཡི་འཇུག་ཚུལ་ལ་དཔེར་བརྗོད་༡ ༣ ༤པ་ལྟར “ A+ད་(དང་) + A་་་་་་ཡིན་ནའི”དང་“ A + ད་(དང་) + A་་་་་་དེ” ཡི་རིགས་གཅིག་དང་།  དཔེར་བརྗོད་༢པ་ལྟར།“་་་་་་ད་་་་་་ཡིན་ནའི”ཡི་རིགས་གཅིག་བཅས་རིགས་གཉིས་མཐོང་ཐུབ་ལ། དཔེར་བརྗོད་ཐམས་ཅད་ཀྱི་མཚུངས་ཆོས་ནི་སྔ་མར་ཚིག་ཕྲད་དང་ཕྱི་མར་“ཡིན་ནའི”དང་“དེ”ཡི་ལམ་ནས་ཚིག་སྔ་ཕྱི་གཉིས་མི་མཐུན་པའི་འབྲེལ་བ་གྲུབ་ཚུལ་བསྟན་ཡོད། དེ་ཡང་“ A +ད་(དང་) + A་་་་་་ཡིན་ནའི”ཡི་ཚིག་གི་གྲུབ་ཚུལ་རྣམ་པར། དཔེར་བརྗོད་༡ལས་སྤྱིར་ཐོག་རྩེག་ཅན་གྱི་ཁང་པའི་རིགས་ནི་མཐོ་བའི་རང་བཞིན་ཅན་ཞིག་ཡིན་པར་བསྟན་མོད། ཚིག་ཕྲད་སྔ་མ་ད་བྱུང་བའི་སྟོབས་ཀྱིས་རང་ཤུགས་སུ་ཐོག་རྩེག་ཅན་གྱི་ཁང་པ་ཡོད་ཀྱང་དེ་ཙམ་མཐོ་པོ་མེད་པའི་མི་མཐུན་ཕྱོགས་ཀྱི་ཚིག་རྐང་ཕྱི་མ་དེ་བྱུང་བ་ཡིན། དཔེར་བརྗོད་དེ་རིགས་ལ་ཚིག་ཕྲད་“ད” དང་“ཡིན་ནའི”དབར་སྔ་མས་ཕྱི་མ་འདྲེན་པའི་འབྲེལ་བ་ཤིན་ཏུ་དམ་པ་མཐོང་ཐུབ། གལ་སྲིད་ཚིག་ཕྲད་སྔ་མ་དེ་མཐོན་ཚེ། ཚིག་རྐང་ཕྱི་མ་འདྲེན་པའི་ཤུགས་ཞན་པར་འགྱུར་བ་ཡིན། དཔེར་བརྗོད་༢པར་ཁྱད་ཆོས་དེ་ལྷག་པར་གསལ་ཏེ། དཔེར་ན་ཚིག་རྐང་སྔ་མའི་“ད”སྒྲ་བསྡུས་ནས་“དེ་རིང་གི་ཟློས་གར་ལྟད་མོ་ཆེན་པོ་བྱུང་། ཡིན་ནའི་ལེའུ་ཉུང་དྲགས་ཤག”ཅེས་བརྗོད་ཚེ། ཆིག་རྐང་སྔ་མས་ཕྱི་མ་འདྲེན་ཤུགས་བལྟོས་བཅས་ཀྱིས་ཆུང་དུ་སོང་བ་མངོན་གསལ་ཆེ་བ་བཞིན་ནོ། དེའི་ཐོག་ནས་ཚིག་ཕྲད་དེ་རིགས་ནི་སྲོལ་རྒྱུན་གྱི་བརྡ་སྤྲོད་ལྟར་ན། མི་མཐུན་པའི་ཚིག་རྒྱན་དང་ཚིག་སྦྲགས་མ་ལས་སྔ་ཕྱི་འགལ་བ་སྟོན་པ་ལ་འཇུག་པ་གསལ་པོ་ཡིན། འོན་ཏེ། ཚིག་ཕྲད་དེ་རིགས་མཐའ་གཅིག་ཏུ་ཚིག་སྔ་ཕྱི་འགལ་བ་སྟོན་པའམ་མི་མཐུན་པའི་ཚིག་རྒྱན་ཁོ་ནར་འཇུག་པ་མིན་ལ། ཕྲད་དེ་རིགས་ཀྱི་སྣང་ཚུལ་དབུས་གཙང་ཙམ་མ་ཟད། བོད་ཀྱི་ཡུལ་སྐད་ཆེན་པོ་གཞན་གཉིས་ཀྱི་ཁྱབ་ཁོངས་སུའང་ཡོད་ཕྱིར། གཤམ་ལ་ཨམ་སྐད་ཀྱི་གོང་གསལ་དཔེར་བརྗོད་དང་རིགས་འདྲའི་དཔེ་གཞི་འགོད་པར་བྱ།   
        ༥ ངས་ཏ་ལས་བྱ་བྲིས་ཡོད་ཀྱང་། ཁོས་བྲིས་ཡོད་མེད་མ་ཤེས། (རང་དཔེ་)  
        ༦ ངས་ལས་བྱ་བྲིས་ཏ་བྲིས་པ་ཡིན་ཡང་། ཡག་པོ་ཞིག་འགྲུབ་མ་སོང་། (རང་དཔེ་)  
        ༧ སློབ་སྦྱོང་བྱས་པ་ཡིན་ན། མཁས་པ་བཅའ་རྒྱུ་ཏ་སླ་མོ་རེད། (རང་དཔེ་)   
        ༨ བུ་རྒོད་པོ་ཟེར་བ་ཏ་ཁྱོད་འདྲ་འདྲ་གང་ལ་མི་འཇིགས་པ་འདི་འདྲའ་ཡིན་དགོས (རང་དཔེ་)  
        ༩ ཁྱོད་འདི་ཏ། མོ་ལ་སྐད་ཆ་དེ་འདྲ་ལབ་ནས་ཅི་བྱེད། (རང་དཔེ་)  
        དཔེར་བརྗོད་༥ ༦ནི་“ཏ་”སྒྲ་ལྡན་པའི་ཚིག་ལ་རྒྱན་སྡུད་ཀྱི་ཕྲད་ཀྱང་ཡང་འང་གསུམ་གང་རུང་མཉམ་དུ་བྱུང་བ་ཞིག་ཡིན་པས། གོང་ཞུས་ལྷ་སའི་སྐད་ཀྱི་དཔེ་གཞི་དང་མཚུངས་པར་སྣང་།  དཔེར་བརྗོད་༧ནི་ཚིག་རྐང་སྔ་མའི་བརྟག་པ་མཐའ་བཟུང་གི་ན་སྒྲས་ཚིག་རྐང་རྗེས་མའི་“ཏ་”སྒྲ་འདྲེན་པའི་ཁྱད་ཆོས་ཅན་དང་།  དཔེར་བརྗོད་༨ནི་ཕྲད་གཞན་ཕན་ཚུན་འདྲེན་པ་སོགས་མེད་པར་རང་རྐྱ་བའི་ཚུལ་དུ་གནས་པ་ཞིག་ཡིན་ཞིང་། དཔེར་བརྗོད་དེ་གཉིས་ཀའི་ཕྲད་“ཏ་”སྒྲ་དོར་ཡང་བརྗོད་བྱའི་དོན་ལ་འགྱུར་བ་ཆེར་མེད་པ་ལྟར་སྣང་མོད། དོན་དུ་“ཏ་”སྒྲས་བརྗོད་སྙིང་གསལ་མཚོན་ལ་ནུས་པ་དམིགས་བསལ་བ་ཐོན་གྱི་ཡོད། དཔེར་བརྗོད་༩ལྟ་བུའི་“ཏ་” སྒྲ་ནི་ཉམས་འདོན་པའི་དོན་ལ་འཇུག་པས།“ཏ་” སྒྲའི་དོད་དུ་ནི་སྒྲ་ལྟ་བུའི་ཕྲད་གཞན་སྦྱོར་མི་རུང་། ཞིབ་པ་གཤམ་གྱི་དོན་ཚན་དུ་གླེང་བར་བྱའོ།   
        སྐབས་འདིར་གླེང་བའི་ཚིག་ཕྲད་“ཏ་”ནི་ད་ལྟའི་ཁ་སྐད་དུ་རྒྱུགས་ཆེ་ཡང་ཡི་གེར་མི་འཁོད་པའི་དོན་ཅི་ལགས་ཤེ་ན། གཅིག་ནས་ཁ་སྐད་ཁོ་ནའི་རང་བཞིན་ཅན་དུ་བཞག་པའི་དབང་གིས་དང་། གཉིས་ནས་འདིའི་མཆེད་ཁུངས་ལ་ངོས་འཛིན་ཁ་གསལ་མེད་པས་ཡིན་སྙམ། འོ་ན་ཚིག་ཕྲད་དེ་རིགས་ཉེ་དུས་ཤིག་ལ་བོད་ཀྱི་ཡུལ་སྐད་བྱེ་བྲག་པ་ཞིག་ལས་བྱུང་ངམ་ཞེ་ན་མ་ལགས་ཏེ། དེ་ནི་ལོ་ངོ་སྟོང་གི་སྐད་ཆའི་བདེན་དཔང་གསལ་བའི་སྔར་གྱི་བསྟན་བཅོས་དག་ལས་ལོ་རྒྱུས་ཀྱི་འཕེལ་འགྱུར་འདེད་རྒྱུ་ཡོད་པ་ཞིག་གོ   
གཉིས་པ། ལོ་རྒྱུས་ཀྱི་འཕེལ་འགྱུར།   
        ཁོ་བོའི་བརྟག་དཔྱད་ལྟར་ན། དུས་རབས་དྲུག་རིང་གི་ཡིག་ཚང་དག་ཏུ་“དག་” “དང་” “ཏ་” “ད་” “ལྟ་”བཅས་དོན་གཅིག་ལ་འབྲི་སྟངས་མི་འདྲ་བའམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ལྟ་བུའི་ཚིག་ཕྲད་རྣམ་པ་ལྔ་བྱུང་འདུག་ཅིང་། དེ་དག་འཐོན་སའི་དཔེར་འདྲེན་བྱེད་ཀྱི་ཡིག་ཚང་གཙོ་བོ་བདུན་ཏེ།  དུས་རབས་༡༢པའི་ནང་གི་པོ་ཏོ་བ་(སྤྱི་ལོ་༡༠༢༧ནས་༡༡༠༥ལོ་བར་)ཡི་ཡང་སློབ་ལྷ་འབྲི་སྒང་པའི་《བེའུ་བུམ་སྔོན་པོའི་རྩ་འགྲེལ་》⑤(གཤམ་དུ་《བེའུ་བུམ་》ཞེས་བསྡུ་རྒྱུ་)དང་། ལྕེ་སྒོམ་ཤེས་རབ་རྡོ་རྗེ་ཡི་《དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་》⑥(གཤམ་དུ་《དཔེ་ཆོས་》ཞེས་བསྡུ་རྒྱུ་) དུས་རབས་༡༣པར་ཕྱོགས་སྒྲིག་མཛད་པའི་《བཀའ་གདམས་ཕ་ཆོས་བུ་ཆོས་》⑦(གཤམ་དུ་《ཕ་ཆོས་བུ་ཆོས་》ཞེས་བསྡུ་རྒྱུ་) དུས་རབས་༡༤པར་ཞི་བྱེད་རི་ཁྲོད་པས་མཛད་པའི་《རྗེ་བཙུན་མིད་ལ་རས་པའི་རྣམ་པར་ཐར་པ་ཉི་ཟླའི་འོད་ཟེར་སྒྲོན་མེ་》⑧(གཤམ་དུ་《མིད་ལའི་རྣམ་ཐར་》ཞེས་བསྡུ་རྒྱུ་)  གཙང་སྨྱོན་ཧེ་རུ་ཀ་(སྤྱི་ལོ་༡༤༥༢ནས་༡༥༠༧ལོ་བར་)ཡི་《རྗེ་བཙུན་མི་ལ་རས་པའི་རྣམ་མགུར་》⑨(གཤམ་དུ་《རྣམ་མགུར་》ཞེས་བསྡུ་རྒྱུ་)《ཇོ་ནང་ཧཱ་ར་ནཱ་ཐ་(སྤྱི་ལོ་༡༥༧༥ནས་༡༦༣༥ལོ་བར་)ཡི་རང་རྣམ་》⑩(གཤམ་དུ་《རང་རྣམ་》ཞེས་བསྡུ་རྒྱུ་) རྒྱལ་བ་འཇམ་དཔལ་རྒྱ་མཚོས་(སྤྱི་ལོ་༡༧༥༨ནས་༡༨༠༤ལོ་བར་)མཛད་པའི་《ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་》⑪(《ཡོངས་འཛིན་》ཞེས་བསྡུ་རྒྱུ་)བཅས་ཡིན་ཞིང་། དེ་དག་གི་སྐད་ཆ་བབ་ཆགས་ལ་ཕལ་སྐད་དང་བསྟུན་ཤུལ་ཤིན་ཏུ་གསལ་བ་སོགས་ལ་བལྟོས་ནས་ཡུལ་སྐད་ལ་ཉམས་ཞིབ་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་མཐོང་བས། དཔེ་འདྲེན་བྱེད་ཀྱི་ཁུངས་སུ་བཅོལ་བའོ།    
        གཅིག “དང་”སྒྲ།   
        “དང”སྒྲ་ནི་གོང་གསལ་ཡིག་ཚང་དག་ལས་《བེའུ་བུམ་》དུ་སྔ་ཤོས་ཐོན་ཞིང་། བསྡོམས་བརྩིས་རགས་རིམ་བྱས་པ་ལྟར་ན། དེར་“དང”སྒྲ་ཐེངས་༢༣དང་། “ཏ་”སྒྲ་ཐེངས་༢བྱུང་ཞིང་། དེ་དང་དུས་ཧ་ལམ་མཉམ་པའི་《དཔེ་ཆོས་》སུ་ཡང་“དང”སྒྲ་ཐེངས་༣བྱུང་བ་དང་། ཚིག་རྐང་དུ་“དང”སྒྲ་དང་མཉམ་དུ་ཚིག་གི་བར་མཐའ་ཅི་རིགས་སུ་ཏེ་སྟེ་སོགས་ཚིག་ཕྲད་ལྷན་དུ་མཆིས། དཔེར་ན།  
        ༡༠ “་་་་་་དོན་རྒྱུད་ལ་སྐྱེ་དགོས་པ་ཡིན། ཚིག་དེ་དཱང་སྙེ་མ་སློང་བ་ཚུན་ཆད་ཀྱི་ཁ་ནས་འོང་སྟེ། དེས་མི་ཕན་གསུང”(《བེའུ་བུམ་》ཤ་༡༡༣) 
        ༡༡ “དགེ་བཤེས་སྨྱུག་རུམ་པའི་ཞལ་ནས། བྱང་ཆུབ་ཀྱི་སེམས་འདི་ཅིག་སྐྱེར་བཏུབ་ན་དང་ཚོགས་ཁོ་རང་གིས་གསོག སྒྲིབ་པ་ཡང་ཁོ་རང་གིས་སྦྱོང་། བར་ཆད་ཀྱང་ཁོ་རང་གིས་སེལ་ཏེ་གསུང”(《བེའུ་བུམ་》ཤ་༢༤༣)   
        ༡༢ “ཀྱི་སྨད་པའི་སྟོན་པ་གཅིག་གིས་ཆོས་བཤད་ནས། ཆོས་ཐོན་པ་དང་སློབ་མ་གཅིག་ཀོག་ལངས་ནས་ཆོས་དང་དེ་ལྟར་བྱས་ཏེ། སང་ཞིང་རྨོད་པའི་ལྕགས་མེད་ཟེར་ལོ”(《དཔེ་ཆོས་》ཤ༥༠)  
        ༡༣ “དབུས་སུ་འཁྲུག་པ་བྱེད་པའི་དམག་ཕན་ཚུན་ཆས་ནས་འཐབ་པ་ལ། མི་ཀུན་གྱིས་སྭོ་སྭོ་བྱས་པས། གཅིག་ན་རེ སྭོ་དང”སྭོ་སྟེ་ཁོང་གི་ཕྱོགས་མང་ན་ཟེར་ལོ”(《དཔེ་ཆོས་》ཤ་༡༠༠) 
        ༡༤ “ཆོས་ནས་དང་དེ་ཙུག་བཤད་དེ། ད་ལྟ་དེ་ཙུག་མི་བཏུབ། འོ་སྐོལ་ལ་རྒྱལ་པོའི་འཚོ་བ་ནི་མེད” (《དཔེ་ཆོས་》ཤ༡༢༩)ཅེས་བྱུང་བ་སོགས་ལྟ་བུ་ཡིན།  
        དཔེ་དེ་དག་ལས་བཀའ་གདམས་པས་བླ་མའི་གདམས་ངག་ཞལ་ནས་ཅི་གསུང་ཇི་བཞིན་འབྲི་བའི་རྣམ་པ་མངོན་ཐུབ་པ་ནི་ཚིག་གི་དབུ་མཇུག་ཏུ་ཞལ་ནས་དང་ཟེར་སོགས་གསལ་བས་ཀྱང་མཚོན་ཐུབ།⑫ གོང་གསལ་དག་ནི་ཚིག་ལྷུག་མའི་རྣམ་པར་ཐོན་པའི་དཔེ་གཞི་དང་། གཞན་《བེའུ་བུམ་》གྱི་རྩ་བར་ཚིགས་བཅད་ཀྱི་རྣམ་པའི་ཐོག་ནས་ཀྱང་ཐོན་ཡོད་པ་དཔེར་ན།  
        ༡༥ “བྱམས་དང་སྙིང་རྗེ་བྱང་སེམས་སྦྱོང་ན། །ཚིག་དང་མེད་ཀྱང་སེམས་སྦྱོང་ཡིན་ཏེ། །སེམས་མེད་ཚིག་གིས་དེ་ལྟར་མི་འགྱུར། །”(《བེའུ་བུམ་》ཤ་༡༨)  
        ༡༦ “ཇོ་བོ་སེ་བཙུན་ཞལ་ནས་དེ་གསུང་། །ཤེས་དང་ངས་ཀྱུང་དེ་ལུགས་ལེགས་ཤེས། །སྒོམ་ནི་དར་ཅིག་ཙམ་ཡང་མ་བསྒོམས། །”(《བེའུ་བུམ་》ཤ་༢༩)ཞེས་བྱུང་བ་སོགས་ལྟ་བུ་ཡིན།   
        དེས་ན་བོད་ཀྱི་སྔོན་བྱོན་བརྡ་སྤྲོད་སྨྲ་བའི་དབང་པོ་ཕལ་ཆེར་གྱིས་སུམ་རྟགས་ཀྱི་དགོངས་པ་དང་བསྟུན་ནས་དང་སྒྲ་ནི་སྡུད་པ་དང་། འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་ལྔ་ལས་འཇུག་ཚུལ་གཞན་ཡོད་ལུགས་བརྗོད་མེད་ཅིང་།⑬ དེང་གི་བརྡ་སྤྲོད་མཁས་པ་རྣམས་ཀྱིས་ཀྱང་སྤྱིར་མཁས་པ་གོང་མའི་ཕྱི་བཞིན་གཞུང་འགྲེལ་བྱེད་པ་ཙམ་ལས། སྐབས་འདིར་གླེང་བྱའི་འཇུག་ཚུལ་སྐོར་འཆད་པ་མ་མཐོང་།⑭《བེའུ་བུམ་》གྱི་རྩ་བར་ཡང་“དང”སྒྲ་ཁོ་ན་ལས་འཇུག་ཚུལ་འདི་དང་མཚུངས་པའི་ཕྲད་གཞན་བྱུང་མེད་ཅིང་། དེར་ཇོ་བོ་སེ་བཙུན་ཞེས་ཁམས་ནས་ཡིན་པའི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་བླ་མ་དེའི་གསུང་ཚུལ་ལ་དཔགས་ན། རྩ་བ་དེར་ཁམས་སྐད་ཀྱི་ཤན་ཡང་མེད་དམ་སྙམ། དེ་བས་“དང”སྒྲ་འདི་《བེའུ་བུམ་》ལྟ་བུ་ལས་གོང་སྨོས་ལུང་ཁུངས་གཞན་དུ་མ་བྱུང་བ་ནི་ཕྱོགས་ངེས་ཅན་ཞིག་ནས་བཤད་ན། བསྟན་པ་ཕྱི་དར་གྱི་འགོར་དབུས་གཙང་དང་ཁམས་དབར་གྱི་རིག་གནས་འགྲོ་འོང་ལའང་འབྲེལ་བ་ཡོད་སྲིད་སྙམ་སྟེ།⑮ དཔེར་ན། ཇོ་བོ་རྗེའི་དངོས་སློབ་གྲགས་ཆེ་བ་དབུས་གཙང་གི་ཁུ་རྔོག་འབྲོམ་གསུམ་གྱི་མཚན་ཡང་ཁམས་སུ་ཕེབས་ནས་སློབ་གཉེར་གནང་སྐབས་དེ་ལྟར་ཐོགས་སྐད་ལ། རིག་གནས་ཀྱི་འབྲེལ་འདྲིས་ཟབ་མོའི་འོག་ཡུལ་སྐད་བྱེ་བྲག་པས་ཡིག་སྐད་ལ་ཤུགས་རྐྱེན་ཐེབས་པ་ཡང་ཡོང་སྲིད་པའི་ཕྱིར།  
        གཉིས། “དག་”སྒྲ།   
        “དག”སྒྲ་ནི་གོང་གསལ་ཡིག་ཚང་ཁག་ཏུ་ཐོན་མང་ཤོས་ཡིན། རོབ་རྩིས་ལྟར་ན། དུས་རབས་༡༢པའི་《དཔེ་ཆོས་》སུ་ཐེངས་༩དང་། དུས་རབས་༡༢ནས་༡༣ཙམ་བར་བྱུང་བའི་《ཕ་ཆོས་བུ་ཆོས་》སུ་ཐེངས་༡༧ དུས་རབས་༡༤དང་༡༥པའི་《མིད་ལའི་རྣམ་ཐར་》དུ་ཐེངས་༧དང་།《རྣམ་མགུར་》དུ་ཐེངས་༣༣ཐོན་འདུག བཙན་པོའི་སྐབས་ཀྱི་ཡིག་རྙིང་ཤོག་དྲིལ་ཁག་ཏུ་“དག”སྒྲ་ཕལ་ཆེ་བ་མང་པོའི་དོན་དང་བྱ་ཚིག་གི་ངོས་ནས་གཙང་མར་གྱུར་པའི་དོན་ལ་འཇུག ཡིན་ཡང་P.T1290དུ་“དག”སྒྲ་དང་ནི་སྒྲ་འཇུག་ཚུལ་ཕྱོགས་མཚུངས་སུ་མཆིས་པས།⑯ འབྱུང་ཁུངས་ཀྱི་ཆ་ནས་དཔྱད་བྱའི་གནས་སུ་མཐོང་། གཞན་ལེགས་སྦྱར་གྱི་བརྡ་སྤྲོད་གཞུང་ལུགས་ཚུར་འདྲེན་དུས་“དག”སྒྲ་གཉིས་ཚིག་ཏུ་གཏན་ལ་ཕབ་ཀྱང་བོད་སྐད་ཀྱི་འགྲོས་དང་མི་མཐུན་སྟབས་བོད་རང་གི་ལག་ལེན་དུ་དེའི་འཇུག་ཚུལ་དར་མི་ཆེ⑰ གང་ལྟར་ནའང་། གཤམ་གྱི་དཔེར་བརྗོད་དུ་གསལ་བའི་“དག”སྒྲ་ནི་མང་ཚིག་གི་འཇུག་ཚུལ་བསྟན་པ་དང་མི་མཚུངས། དཔེར་ན།   
        ༡༧ “དེའི་འོག་ནས་གང་ཆེ་བའི་པཎ་ཆེན་ཅིག་གདན་དྲངས་ན་ཞུས་པས་ལོ་ཙཱ་བའི་ཞལ་ནས་དེ་འདྲ་སོ་སྒོར་མ་འདོན་ཅིག དེར་སོང་ན་དག་ན་ནིང་ནས་པཎྜི་ཏ་གཅིག་ལས་གཅིག་ཆེ་བ་ཉི་ཤུ་ཙམ་གདན་དྲོངས་ཀྱང་འདྲོངས་ཏེ། འོ་སྐོལ་བོད་ཀྱི་སེམས་ཅན་གྱི་སྤྱོད་གཤིས་རྒྱུས་མེད་དམ”(《ཕ་ཆོས་བུ་ཆོས་》ཤ་༢༢༨)  
        ༡༨ “ད་ལྟ་དག་འོས་མེད། སྔོན་སྐྱེས་རབས་དུ་མ་བརྒྱུད་པའི་དུས་ནའང་། དེ་ལྟ་བུ་གདའ་བ་འདི་ལ”(《ཕ་ཆོས་བུ་ཆོས་》ཤ་༢༩༧)  
        ༡༩ “ཇོ་བོའི་ཞལ་ནས། དེ་དུས་སུ་དག་ཁྱོད་ཀྱིས་གོ་ཆོད་དེ། ལར་གོ་མ་ཆོད་ཤགས་ཚབ་ཡིན། ནགས་ཁྲོད་ཀྱི་སྟག་རྩལ་སྟོབས་ཆེ་ཡང་། སེང་གེ་མི་འཆུན་པ་ཡིན”(《ཕ་ཆོས་བུ་ཆོས་》ཤ་༦༡༦)  
        ༢༠ “ཨ་མ་ན་རེ་ང་དག་ཁྱོད་ཀྱི་སྟེང་དུ་བེར་གྱོན། འོག་ཏུ་རྟ་ཞོན་པའི་ཡོབ་ཆེན་སྡང་བ་དགྲ་འདི་ཚོའི་གཉའ་ཐོག་ན་ཕར་ཤུད་དེ་བ་ཞིག་འདོད་པ་ཡིན་ཏེ། དེ་རང་མི་འོང་བ་འདྲ”(《རྣམ་མགུར་》ཤ་༣༠)  
        ༢༡ “ཁོང་རྣམས་ན་རེ། ཁྱེད་རང་དག་བདེ་བདེ་མང་པོ་འདྲེན་གྱི་འདུག་སྟེ། བདེ་ངེས་པ་གྲེ་བ་བདེ་མོ་ཞིག་འདུག”(《རྣམ་མགུར་》ཤ་༡༥༧)ཅེས་སོགས་བྱུང་བ་ལྟར་ཡིན།   
        གོང་གསལ་དཔེར་དྲངས་པའི་“དག” སྒྲ་རྣམས་ནི་གོང་ཞུས་“དང”སྒྲ་དང་འདྲ་བར་མིའི་གཏམ་གླེང་འབའ་ཞིག་གི་ཁྲོད་དུ་ཐོན་ཡོད། དེ་དག་ལས་དཔེར་བརྗོད་༢༠དང་༢༡ལ་“ང་དག” དང་“ཁྱོད་རང་དག” ཅེས་བྱུང་བས།བཀླགས་མ་ཐག་ང་ཚོདང་ཁྱོད་ཚོ་ལྟ་བུར་གོ་ཉེན་ཆེ་ཡང་།⑱དོན་དུ་དང་པོ་ནི་ཡུམ་མྱང་ཚ་དཀར་རྒྱན་གྱིས་མི་ལ་རས་པ་གཅིག་པུར་སྨྲས་པ་དང་། གཉིས་པ་ནི་ཁྱི་ར་བ་དག་གིས་མི་ལ་རས་པར་སྨྲས་པའི་སྐད་ཆ་ཡིན་པས། ཉིས་ཚིག་གམ་མང་ཚིག་གི་དོན་གང་ཡང་མ་ཡིན། དཔེར་བརྗོད་༡༩པར་“དེ་དུས་སུ་དག”ཅེས་དེ་དུས་སུ་ཞེས་སུ་ཚེ་སྐབས་ལ་འཇུག་པའི་རྗེས་སུ་“དག”སྒྲ་བྱུང་བ་དེར་མང་ཚིག་ཏུ་འཁྲུལ་བའི་གཞི་མེད། དཔེར་བརྗོད་༡༨ལ་ཚིག་རྐང་དང་པོར་དོན་ལྷག་མ་འདྲེན་པའི་ཕྲད་བྱུང་མེད་ཀྱང་། དོན་དུ་ཚིག་རྐང་ཕྱི་མའི་“ནའང”ནི་དེས་དྲངས་པར་གསལ། རྣམ་ཐར་ཁག་ཏུ་ཚིག་ཕྲད་འདི་དོན་གྱི་གནད་ཁྱད་པར་བ་འབྱིན་ཆེད་དུ་སྦྱར་བ་མང་ཡང་། འདིའི་སྐོར་ལ་དོ་སྣང་བྱུང་མེད་པའི་སྟབས་ཀྱིས་དོན་ཇི་བཞིན་རྟོགས་ཐུབ་མེད། དཔེར་ན་《མི་ལ་རས་པའི་རྣམ་ཐར་》རྒྱ་འགྱུར་མའི་ནང་“དག”སྒྲའི་ཚིག་གི་ནུས་པ་ཇི་བཞིན་ཐོན་མེད་པ་ལྟ་བུ་ཡིན།⑲
        ༢༢ “ཆང་རང་འཐུང་དག་མི་ནུས་ཏེ། །སིངས་པོ་འཐུང་ཡུང་མི་ནུས་སམ། །བྱང་ཆུབ་སྒྲུབ་དག་མི་ནུས་ཏེ། །མཐོ་རིས་སྒྲུབ་ཀྱུང་མི་ནུས་སམ། །”ཞེས་《རྣམ་མགུར་》ལས་གསལ་བ་ལྟར། “དག”སྒྲ་ཚིག་ལྷུག་ཙམ་མ་ཟད་ཚིགས་བཅད་དུ་ཡང་བྱུང་བས། སྐབས་དེའི་ཡུལ་སྐད་ག་གེ་མོའི་ཁྱབ་ཁོངས་ན་ཚིག་ཕྲད་“དག”སྒྲ་འདི་ལྟ་བུ་དར་ཆེ་བ་རྟོགས་ཐུབ།མདོ་སྨད་ཕྱོགས་ཀྱི་སྔོན་གྱི་མཁས་པ་ཕལ་ཆེ་བས་ཡུལ་སྐད་ལ་གཞོལ་ནས་མཛད་པའི་བསྟན་བཅོས་མཇལ་རྒྱུ་དཀོན་པས། ཨམ་སྐད་ཁྲོད་ནས་འདིའི་དཔེ་མ་རྙེད་མོད། ཨམ་སྐད་ཁྲོད་སྦྱོར་ཚུལ་དང་འཇུག་ཚུལ་ཆ་འདྲ་བའི་ཕྲད་གཞན་ཞིག་ནིZOཞེས་པ་འདི་ཡིན་ཞིང་། འདི་ཡི་གེར་འགོད་དུས་“ཚོ”ལས་བདེ་བའི་ཡི་གེ་གཞན་མ་མཆིས་ལ་“དག”གི་དོན་དང་ཡང་མཐུན་པར་མཆིས། དེ་ལྟར་ནའང་། ཁ་སྐད་དུ་“ཚོ”དངZOགཉིས་མཐུན་མི་མཐུན་གཉིས་ཀ་སྣང་བས། སྔ་མ་ནི་ཕྱི་མའི་ཟུར་ཆག་པ་ཡིན་མིན་བརྟག་གལ།⑳  
        གསུམ།  “ཏ་”སྒྲ།  
        ཁོ་བོས་”ཏ་”སྒྲ་ལ་དོ་སྣང་ཐོག་མར་བྱུང་བ་ནི་རྗེ་ཙོང་ཁ་པའི་《ལམ་རིམ་ཆེན་མོ་》མཇལ་བའི་སྐབས་ཤིག་ལ་ཡིན། དེར་ཇོ་བོ་རྗེ་ཨ་ཏི་ཤ་དང་པོ་ཏོ་བའི་གསུང་ཚིག་གཉིས་ལུང་དྲངས་ཡོད་པ་ནི།   
        ༢༣ “དུས་ཇི་ཙམ་དུ་བསྟེན་པ་ནི། པོ་ཏོ་བའི་ཞལ་ནས། ང་ལ་ཧཱ་རེ་རེ་བྱུང་ན་ཁུར་བསྣན། རེ་རེ་སོང་ན་ཁུར་བྲི་སྟེ་ལོགས་སུ་བསྡད་ན་མི་འོང་བས་ཉེ་རིང་རན་པར་ཡུན་རིང་དུ་བསྲིངས་ནས་བསྒྲུབ་དགོས་པ་ཡིན་གསུང་པ་ལྟར་རོ”ཞེས་དང་།   
        ༢༤ “ཇོ་བོ་ལ། ཨ་ཏི་ཤ་གདམས་ངག་ཞུ་ཞེས་སྐད་ཆེན་པོས་ཞུས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན་དད་པ་དད་པ་གསུང་བ་ལྟར་དད་པ་ཤིན་ཏུ་གལ་ཆེའོ” (21)ཞེས་བྱུང་བ་ལྟར་ཡིན།《ལམ་རིམ་ཆེན་མོ་》ཧྲིལ་པོར་”ཏ་”སྒྲའི་ཕྲད་འདི་གཉིས་ལས་བྱུང་མེད་ཅིང་། འདི་གཉིས་ཀྱི་ཁུངས་བཀའ་གདམས་པའི་གསུང་ཡིན་པར་ཐེ་ཆོམ་མེད་ནའང་། དོན་དམ་གཞུང་གང་ལས་དྲངས་པ་ཁོ་བོས་མ་རྙེད། ཧ་ལམ་“དང”སྒྲས་ཡོངས་སུ་ཟིན་པའི་《བེའུ་བུམ་སྔོན་པོའི་འགྲེལ་པ་》རུ་དཔེར་བརྗོད་༡༧ལྟ་བུར་“དག”སྒྲ་བྱུང་ཡང་”ཏ་”སྒྲ་ལན་གྲངས་ཉུང་ཤས་ལས་མ་བྱུང་སྟབས་རྩོམ་ཧྲིལ་པོའི་ཚིག་ཕྲད་ཀྱི་བབ་དང་མི་འཕྲོད་པར་སྣང་ཞིང་། པོ་ཏོ་བའི་ཞལ་ནས་ཞེས་ཚིག་ཕྲད་འདི་རིགས་འབྱུང་བའི་བརྗོད་པ་དུ་མ་ཡོད་པ་དག་ཀྱང་ཕྲད་ཀྱི་འབྲི་ལུགས་“དང”དང་”ཏ་”ཞེས་མི་མཚུངས་པས། འགྲེལ་པ་འབྲི་མཁན་གྱིས་སྔོན་གྱི་རྩོམ་གདན་གཞན་གཞིར་བཞག་སྟེ་”ཏ་”སྒྲའང་དྲངས་ཐོག 《བེའུ་བུམ་》རྩ་བ་དང་ཁོང་རང་གིས་འདོད་པའི་“དང”སྒྲ་གཙོར་བྱས་ཏེ་བསྲེས་པ་མིན་ནམ་སྙམ།  
        ཚིག་ཕྲད་ཀྱི་འབྲི་སྟངས་ལས་བརྩམས་ཆོས་ཧྲིལ་པོར་”ཏ་”སྒྲ་སྤྱད་པ་ནི་《ཇོ་ནང་ཧཱ་ར་ནཱའི་རང་རྣམ་》ཡིན་ཞིང་། ཞིབ་རྩིས་ལྟར་ན། དེར་”ཏ་”སྒྲ་ཁྱོན་ཐེངས་༣༨བྱུང་། དེའི་ནང་ཚིག་ཕྱི་མ་མི་འདྲེན་པ་ཐེངས་༡༣བྱུང་ཡོད། 《རང་རྣམ་》དུ་ཡུལ་སྐད་ཤས་ཆེ་ལ་བསྡུ་སྒྲིག་པས་ཀྱང་ཇི་བཞིན་སོར་བཞག་བྱས་པར་སྣང་།(22) དཔེར་ན།  
        ༢༥ “བོད་ན་བཙན་བཙུན་མང་ཉུང་རང་ཏ་ད་ལྟ་ཡང་ལྕོགས་ཙམ་གདའ་སྟེ། གྲུལ་བཏུབ་དེ་ཡེ་མི་གདའ”(《རང་རྣམ་》སྨད་ཆ། ཤ་༤༢)  
        ༢༦ “དེ་ལ་སྤྱི་རྟག་བརྟན་གྱི་ས་ཕྱོགས་འདི་རྡོ་རང་ཏ་མོད་པའི་རིགས་སུ་འདུག་ཀྱུང་། རྣམ་གྲངས་མང་པོ་ནས་ཚོལ་བ་དང་། གཅོག་པ་སོགས་མི་དགོས་པར་རྡོའི་ཁུང་བུ་འཁྲིས་ནས་འཁྲིས་སུ་ཐོན་པ་དང་” (《རང་རྣམ་》སྨད་ཆ། ཤ་༦༡)   
        ༢༧ “ལར་བོད་མ་ཡིན་པ་ཙམ་གྱིས་ངན་པར་ཏ་མི་འགྲོ། ཆོས་ཀྱང་རྒྱ་འགྲེལ་འབྲིང་མན་ཆད་ལས་བོད་འགྲེལ་བཟང་ཤོས་རྣམས་བཟང་བར་མངོན་སུམ་གྱིས་གྲུབ་”(《རང་རྣམ་》སྨད་ཆ། ཤ་༨༩)ཅེས་བྱུང་བ་ལྟ་བུ་ཡིན། དེ་མིན་《རང་རྣམ་》དུ་ཚིག་ཕྲད་“ཏ་”ཡི་དོད་དུ་“དག་”སྒྲ་གཅིག་ཀྱང་བྱུང་ཡོད་ལ། འཇུག་ཚུལ་གྱི་ཆ་ནས་དཔེ་བརྗོད་༢༧ལྟར་མི་མཐུན་པའི་ཚིག་རྒྱན་གཅིག་པུའི་ཁོངས་སུ་བསྡུ་དཀའ།   
        བཞི། “ད་”སྒྲ།  
        “ད་”སྒྲ་སྐབས་འདིའི་གླེང་བྱའི་དོན་ལ་འཇུག་པའི་ཡིག་ཚང་ཡན་གར་བ་མ་མཐོང་ཡང་།  གོང་གསལ་ཡིག་ཚང་ཁག་ཏུ་རེ་གཉིས་བྱུང་། དཔེར་ན། 
        ༢༨ “གདམས་ངག་མཁའ་འགྲོའི་ཁ་རླངས་ཐོ་ལེ་བ་འདི་ཚོ་དགོས་ཟེར་བ་ད་ཀུ་རེ་ཡིན་རུང་ཅུང་དྲགས་པས་དགོད་བྲོ་”(《རྣམ་མགུར་》ཤ་༦༡)ཞེས་བྱུང་བ་ལྟ་བུ་ཡིན།  
        གཙང་སྨྱོན་གྱི་《རྣམ་མགུར་》དུ་“དག་”སྒྲ་ཐོན་མང་ཞིང་“ད་”སྒྲ་ཡང་རེ་གཉིས་བྱུང་བ་ནི་གཅིག་བྱས་ན་ཡིག་མཁན་གྱིས་ནོར་བ་ཡིན་ཡང་སྲིད་མོད། ཕལ་ཆེར་རྩོམ་པ་པོས་གཞི་འཛིན་སའི་རྣམ་ཐར་ཡིག་ཆ་གང་གི་དག་ཆ་ཇི་བཞིན་སོར་བཞག་མཛད་པ་ཡིན་ལས་ཆེ་སྙམ། སྤྱིར་“ད་”སྒྲ་ནི་དུས་ད་ལྟ་བའི་དོན་ལ་འཇུག་ཅིང་།  དེའི་མིང་མཐའ་ཅན་ཐམས་ཅད་ཀྱང་དེ་ལྟར་བྱུང་སྟེ། དཔེར་ན། 《མི་ལ་རས་པའི་རྣམ་མགུར་》དུ་ད་ལན། ད་ལྟ། ད་རེས། ད་དུང་། ད་ནངས། ད་ཕྱིན་ཆད། ད་བར་ལ། ད་གཟོད་ལྟ་བུ་དང་། “ད་”སྒྲ་རྐྱང་པ་འབྱུང་དུས་ཀྱང་དེ་དང་འདྲ། དཔེར་ན།   
        ༢༩ “དེར་རྗེ་བཙུན་གྱིས་ད་ཉི་མ་ཕྱི་མོར་སོང་འདུག་པས་ངས་མི་ཕྱིན། དེ་བས་ཁྱོད་རང་ཡང་དོ་ནུབ་འདིར་འདུག སང་སྔ་དྲོ་རང་ཅག་གཉིས་ཀ་འགྲོགས་ལ་འདེང་གསུངས་”(《རྣམ་མགུར་》)ལྟ་བུའི་ད་སྒྲ་ནི་དུས་ད་ལྟ་བ་སྟོན་པའོ།    
        ལྔ།  “ལྟ་”སྒྲ།  
        “ལྟ་”སྒྲ་སྐབས་དོན་ལ་འཇུག་པ་《ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་》ལས་ཁ་ཤས་དང་། 《པོ་ཏོ་བའི་ཆིག་ལབ་རིང་མོ་》དང་《རྗེ་གྲུབ་ཆེན་ཨུ་རྒྱན་པ་ཆེན་པོའི་མགུར་འབུམ་ཞལ་གདམས་》སུ་རེ་གཉིས་མཐོང་། དཔེར་ན།   
        ༣༠ “ད་ཕྱག་ཕུལ་ལ་ཐུགས་རྗེ་ཆེ་ཞུས་གསུང་གིན་འདུག་པར། ངས་ཐུགས་རྗེ་ལྟ་ཆེ་སྟེ། ང་ལ་བླ་མ་བགྲེས་པོ་ཞིག་ཡོད་པ་དེས་ཤོག་གསུང་གིན་འདུག་ཞུས་” (《ཡོངས་འཛིན》ཤ་༣༤)
        ༣༡ “སྔགས་རམས་པའི་ཞལ་ནས།  ང་བསོད་ནམས་དམན་པས་དུས་མ་ཡིན་པ་ལ་སྐྱེས་ཤིང་ད་འཆི་ཁ་མ་ཡིན། ཁྱེད་རྣམས་ལ་ལྟ་ང་བས་བཟང་བའི་བླ་མ་ཞིག་འདི་ན་འདུག་པ་ཞེས་སྔགས་རམས་པ་རང་གི་དབུ་ལ་བཞེས་བཞིན་པའི་པཎ་ཞྭ་དེ་ཕུད་ནས་རྗེས་དབུ་ཐོག་ཏུ་འཕངས་”(《ཡོངས་འཛིན་》ཤ་༧༣)   
        ༣༢ “ཚོང་ཁལ་རེ་ཙམ་འཕམ་པ་ལ་གཉིད་ཞག་འགའ་རེར་ཡར་འགྲོ་བའི་ཆོས་པ་དེས་གཞན་ལ་ལྟ་ཕན་པར་ག་ལ་ནུས་ན་རང་ལ་ཡང་ཤིན་ཏུ་གནོད་པར་འོང་སྟེ་”(《པོ་ཏོ་བའི་ཆིག་ལབ་རིང་མོ་》ཤ་༦)  
        ༣༣ “དེས་བསྟན་པའི་བྱ་བ་འགྲུབ་ན་ལྟ། བསྟན་པ་རིན་པོ་ཆེ་ཉམས་པ་མི་ཡོང་བར་གདའ་སྟེ། བསྟན་པ་ཉམས་དམའ་བས་རྩ་ལྟུང་མི་ཕོག་པ་ལ་ག་ན་ཕན་”(《རྗེ་གྲུབ་ཆེན་ཨུ་རྒྱན་པ་ཆེན་པོའི་མགུར་འབུམ་ཞལ་གདམས་》ཤ་༡༠༨)ཞེས་བྱུང་བ་ལྟར་ཡིན།   
        འདིར་ཚིག་ཕྲད་“ལྟ”ཡི་དཔེར་བརྗོད་ཉུང་ངུ་ལས་མ་རྙེད་ཀྱང་། ཚིག་ཕྲད་འདི་རིགས་ཀྱི་འབྱུང་ཁུངས་འཚོལ་བ་ལ་ཁུངས་སྣེ་གལ་ཆེན་ཞིག་བསྟན་ཡོད་སྙམ་ལ། གསེར་ཏོག་བློ་བཟང་རྒྱ་མཚོ(སྤྱི་ལོ་༡༨༩༥ནས་༡༩༡༥ལོ་བར་)དང་དམུ་དགེ་བསམ་གཏན་མཆོག་གིས་ཚིག་ཕྲད་“ལྟ”ཞེས་པ་ཅུང་ཟད་ཀྱང་ཞེས་པའི་དོན་ལ་འཇུག་ཚུལ་གསུངས་ཡོད།(23)  
        དྲུག འཇུག་ཚུལ་དབྱེ་ཞིབ།   
        གོང་དུ་“དང”“དག”“ཏ་”“ད”“ལྟ”ཡི་འཇུག་སྟངས་དཔེར་བརྗོད་དང་བཅས་ཏེ་རེ་རེ་བཞིན་རགས་ཙམ་ཞུས་ཟིན་ཅིང་། ད་ནི་དེ་དག་དཀྱུས་གཅིག་ཏུ་འཆད་པར་བྱ་བ་ལ། གོང་སྨྲོས་འཇུག་པ་ཉེ་བའི་ཕྲད་ལྔ་ཡོད་པ་དེ་དག་གི་སྤྱི་མིང་ལྟ་བུར་”ཏ་”སྒྲའི་ཕྲད་ཅེས་འདོགས་དོན་ནི། གཅིག་ནས་སྲོལ་རྒྱུན་གྱི་བརྡ་སྤྲོད་གཞུང་ལུགས་སུ་“དང” སྒྲ་ལ་འཇུག་ཚུལ་གཏན་འཁེལ་བ་ཡོད་ཅིང་། “དག”སྒྲ་ནི་མང་པོ་དང་བྱ་ཚིག་གི་དོན་ལ་འཇུག་པ་དང་། “ད”སྒྲ་ནི་དུས་ད་ལྟ་བ་སྟོན་བྱེད་དུ་འཇུག་པ་སོགས་ཡོངས་གྲགས་ཀྱི་འཇུག་ཚུལ་ཡོད་ཕྱིར། འཁྲུལ་བ་མི་འབྱུང་བའི་སླད་དུ་ཕྲད་དེ་རིགས་ལ་སྤྱི་མིང་དུ་བརྡ་སྤྲོད་གཞུང་ལུགས་སུ་མ་ཐོན་པའི་”ཏ་”སྒྲ་ཞེས་བཏགས་ན་འཚམས་པར་སེམས་པ་དང་། གཉིས་ནས་གོང་གསལ་ཡིག་ཚང་ཁག་ལས་དུས་རབས་༡༦པའི་《ཏཱ་ར་ནཱ་ཐའི་རང་རྣམ་》དུ་ཅུང་ཕོན་ཆེ་ཙམ་བྱུང་ཞིང་གཏན་འཁེལ་བའི་རྣམ་པར་མཆིས་པས། ཕྲད་འདིའི་འབྲི་སྟངས་དང་འཇུག་ཚུལ་ཅུང་སྨིན་པའི་ཚུལ་དུ་སྣང་ལ། རྩོམ་མཁན་རང་གིས་ཀྱང་ཚིག་ཕྲད་གཞན་དང་ནོར་དོགས་སོགས་དགོས་པ་དམིགས་སུ་བཟུང་སྟེ་ནན་ཏར་དུ་བྲིས་ཡོད་པར་སྙམ་པ། གསུམ་ནས་”ཏ་”སྒྲ་དམིགས་སུ་མ་བཟུང་ཕྱིན་དོན་ལ་འཁྲུལ་གཞི་འབྱུང་སླ་བ་དཔེར་ན། དཔེར་བརྗོད་༢༩རུ་བྱུང་བའི་“རྗེ་བཙུན་གྱིས་ད”ཞེས་པ་”ཏ་”སྒྲའི་འཇུག་པ་ཅན་དུ་ངོས་བཟུང་ན་དོན་གཞན་ཞིག་དང་། ད་ལྟ་བའི་དོན་སྟོན་བྱེད་དུ་བཀླགས་ན་དོན་གཞན་ལ་གོ་བའི་འཁྲུལ་བ་འབྱུང་སྲིད། དེ་བཞིན་“ང་ད་འགྲོ་རྒྱུ་ཡིན”ཞེས་པ་དང་། “ང་ཏ་འགྲོ་རྒྱུ་ཡིན”ཞེས་པ་གཉིས་ཁྱད་པར་ཆེ་སྟེ། ཨམ་སྐད་ལྟ་བུར་མཚོན་ན། དེ་གཉིས་རྐྱང་པའི་སྒྲ་གཅིག་ཡིན་ཡང་། སྒྲ་དངོས་སུ་འབྱིན་དུས་ད་ལྟ་བ་སྟོན་པའི་སྐབས་སུ་ང་དང་ད་ཡི་སྒྲ་གཉིས་སོ་སོར་ཕྲལ་ནས་རང་རྐྱ་བའི་ཚུལ་གྱིས་ཀློག་ཅིང་། རྗེས་མ་ནི་སྒྲ་གཉིས་མཐུད་པའི་ཚུལ་གྱིས་ཀློག་པར་བྱེད། གཉིས་ཀ་ངག་གི་བརྗོད་པར་ཞུགས་དུས་དེ་གཉིས་ཀྱི་ཁྱད་པར་འབྱེད་སླ་ཡང་། གལ་སྲིད་ཡི་གེའི་གཟུགས་སུ་“ད”སྒྲ་བྲིས་ཚེ། ད་ལྟ་བ་སྟོན་པའམ་”ཏ་”སྒྲའི་འཇུག་པ་ཅན་གང་སྟོན་པ་ཚིག་གོང་འོག་ལ་ཞིབ་པར་མ་བརྟགས་ན་ཐད་ཀར་ངོས་འཛིན་དཀའ་བར་འགྱུར། དེ་མིན་“ཡོད་དང་ཡོད”“ཡོད་ཏ་ཡོད”ལྟ་བུའི་དབར་གྱི་ཕྲད་མི་འདྲ་བ་ཙམ་གྱིས་དོན་གྱི་ངོ་བོ་མི་གཅིག་སྟེ། “ཡོད་དང་ཡོད”ནི། ཡོད་ཐག་ཆོད་ཡིན་པའི་དོན་དང་། “ཡོད་ཏ་ཡོད”ནི་ཡོད་པ་དེ་ལ་ཆ་རྐྱེན་ནམ་རྣམ་འགྱུར་དང་། ཉན་པ་པོའི་རེ་བ་དང་ཁ་ཡོངས་སུ་མི་འཕྲོད་པའི་དོན་ལ་འཇུག་ཕྱིར། སྤྱིར་དེའི་སྔ་ཕྱི་གང་རུང་དུ་མི་མཐུན་པའི་ཚིག་སྦྱོར་ཞིག་འབྱུང་བ་ཡིན། དེ་ལྟར་དོན་གཞན་གྱི་སྒྲ་དོན་ཡོད་པའི་ཚིག་ཕྲད་དེ་དག་ལ་མི་འཁྲུལ་བའི་ཕྱིར་ཇོ་ནང་ཏཱ་ར་ནཱ་ཐའི་རྗེས་སུ་འབྲངས་ཏེ་”ཏ་”སྒྲར་བཏགས་པའོ།  
        ༣༤ “དགེ་བཤེས་པོ་ཏོ་བའི་ཞལ་ནས། ངས་ཁྱེད་གཡོར་པོ་རྣམས་ལ་ངོ་དང་ཚ་སྟེ། ངེད་ཀྱི་སྤྲས་ཀྱི་བ་འོ་ཐང་ན་ཆུ་མེད་པས་ལོ་ཡགས་ཙམ་མི་འོང་ལྷད་ཟན་ཟ་བས། ལན་ཅིག་ཕ་སྤད་གསུམ་གྱིས་རྨེའུ་ཟན་བྱས་པས” (《བེའུ་བུམ་》ཤ་༡༤༧)
        ༣༥ “ཁོང་པ་རྣམ་པ་གཉིས་པོ་ན་རེ། ངེད་ཀྱིས་གྲོས་ཐེབས་ན་དག་འདི་ལ་མ་ཐུག་སྟེ་གྲོས་མི་ཐེབས། སྙིང་ཞིག་ཡོད་ན་འདི་ཕྱོགས་སུ་ཅིག་འོང་སྟེ་འོང་ཟེར་ཞིང་འདུག” (《ཕ་ཆོས་བུ་ཆོས་》ཤ་༥༧༠)  
        ༣༦ “པེ་ཧ་ར་ཆེན་པོ་དྲག་ཤུལ་ཅན་ཏ་ལོས་ཡིན། དེ་ཡིན་པས་ཀ་མི་དང་འདྲ་བ་ཡིན་”(《རང་རྣམ་》སྨད་ཆ། ཤ༨༦)   
        ༣༧ “དེ་དུས་ན་ཁུ་བོ་དག་ཨ་ཅང་ཆེ་སྟེ། ཨ་ནེ་ཀུན་ངན་པར་བྱུང་གསུང་”(《མིད་ལའི་རྣམ་ཐར་》ཤ་༡༦༠)ཞེས་པ་ལྟ་བུའི་ཚིག་ཕྲད་འདི་ཀུན་ནི་སྒྲས་ཚབ་བྱས་ན་སྤྱིར་བརྗོད་བྱའི་དོན་སྟོན་པ་ལ་མི་གནོད་པར་མཐོང་ཡང་། “ཏ་”སྒྲ་ལྟར་གཏམ་རྗོད་པ་པོའི་ཆགས་སྡང་ཡིད་འགྱུ་ཇི་བཞིན་དུ་མཚོན་མི་ནུས་པར་སྣང་། དེ་ཡང་ནི་སྒྲ་སྔོན་ཁ་སྐད་དུ་ཡོད་པ་ཕྱིས་རིམ་གྱིས་ཉམས་ཤིང་ལེགས་སྦྱར་གྱི་ཤན་ཡང་འདྲེས་ཏེ་བསྟན་བཅོས་ཀྱི་སྐད་དུ་མ་གཏོགས་ཡུལ་སྐད་རྣམས་སུ་སྤྱོད་སྒོ་ཆུང་དུ་ཕྱིན་པར་སྙམ་སྟེ།(24) ཨམ་སྐད་ལྟ་བུར་མཚོན་ན། ནི་སྒྲ་ཚིག་གི་བརྗོད་གཞི་དང་ཚིག་གི་གནད་སར་འཇུག་དུས་བརྗོད་གཞི་དང་གནད་སའི་མིང་མཐའ་མའི་སྒྲ་ལྕི་བའམ་བསྲིངས་ཏེ་འབྱིན་ནས་སྟོན་པས། ནི་སྒྲ་འབྱུང་ཡང་སྲོལ་རྒྱུན་བརྡ་སྤྲོད་ཀྱི་དགར་བ་དང་བརྣན་པ་སོགས་ལྟ་བུ་མ་ཡིན་པར་ཚིག་མཇུག་ཏུ་རྣམ་པ་གཞན་ཞིག་གིས་འབྱུང་བའི་ཕྱིར། དཔེར་ན།   
        ༣༨ ང་ནི་ད་ནངས་སློབ་གྲྭར་ཕྱིན་པ་ཡིན། ང་ད་ནངས་ནི་སློབ་གྲྭར་ཕྱིན་པ་ཡིན།(ཡིག་སྐད་) ངའ་ད་ནངས་སློབ་གྲྭར་སོང་ནི་ཡིན། ང་ད་ནངས་(སྒྲ་ལྕི་བའམ་བསྲིངས་པ་)སློབ་གྲྭར་ཕྱིན་པ་ཡིན།(ཡུལ་སྐད་)ཞེས་པ་ལྟ་བུ་ལས་རྟོགས་ཐུབ།  
        དེས་ན་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་བསྟན་བཅོས་ཀྱི་རྣམ་གཞག་ལས་ནི་སྒྲའི་འཇུག་ཚུལ་དགར་བ་དང་བརྣན་པར་གཏན་ལ་ཕབ་ཡོད་ཅིང་། དེས་ཡི་གེའི་སྦྱོར་བའི་ཁྲོད་དུ་གོ་བབ་འགངས་ཆེན་ཟིན་ནའང་། ངག་ཐོག་གི་སྐད་དུ་ཐོན་ཚད་ཤིན་ཏུ་ཆུང་བ་ནི་སྐལ་བཟང་འགྱུར་མེད་ཀྱི་ཡུལ་སྐད་གསུམ་གྱི་དཔེར་བརྗོད་དག་ལས་ཀྱང་མཐོང་ཐུབ། དེ་བས་“ཏ་”སྒྲ་ཡང་ནི་སྒྲ་དང་འདྲ་བར་དགར་བ་དང་བརྣན་པའི་དོན་ལ་འཇུག་ཀྱང་། དོན་གྱི་འདྲེན་ཤུགས་ནི་སྒྲ་ལས་ཀྱང་ཆེ་བ་དཔེར་ན་ཨམ་སྐད་དུ། “ངའ་སློབ་མ་ཡིན་”ཞེས་པ་གདངས་ལྕི་བའི་ཉམས་དང་བཅས་ཏེ་ཡི་གེར་ཕབ་ན། “ང་ནི་སློབ་མ་ཡིན་”ཞེས་འབྱུང་བས། དེ་ཉིད་“ང་སློབ་མ་ཡིན་”ཞེས་པ་ལས་ཤུགས་ཆེ་ཙམ་ཡིན་ཡང་སྤྱིར་བཏང་ཙམ་དུ་ཟད། འོན་ཏེ་“ང་ཏ་སློབ་མ་ཡིན་”ཞེས་པས་ང་ཉིད་གཅིག་པུ་གཞི་གཞན་ལས་དམིགས་ཀྱིས་བཀར་བའི་ནུས་པ་ཤེད་ཆེ་བར་བསྟན་པས། ནི་སྒྲ་ངག་ཐོག་ཏུ་ཉམས་པའམ་ཁྱབ་ཆུང་བའི་སྐབས་དོད་དུ་“ཏ་”སྒྲས་དགར་བའི་ནུས་པ་དེ་བས་ཆེ་བ་ཐོན་པར་སྣང་། 
        ༣༩ “ཡུམ་གྱི་ཞལ་ནས། དེ་དག་ལགས་ཏེ། དེ་ལྟ་བུའི་སྙིང་རྗེ་ཞིག་རྟག་ཏུ་འོང་བ་དཀའ་མོར་གདའ་”(《རྣམ་མགུར་》ཤ་༡༢༤)ཞེས་པ་ལྟ་བུར། གལ་ཏེ་“ཡུམ་གྱི་ཞལ་ནས། དེ་ནི་ལགས་ཏེ་”ཞེས་ནི་སྒྲར་བརྗེས་ཚེ། ནི་སྒྲ་ངག་ཏུ་སྔར་ལྟར་སྤྱོད་པའི་ཡུལ་དུ་ཁྱད་པར་མེད་སྲིད་ཀྱང་། དེས་དོན་དཀྱུས་མ་ཙམ་ལས་རྗོད་པ་པོའི་སེམས་འགྱུ་ཟིན་མི་ཐུབ་པར་བརྟེན། འདིའི་ཐད་ནས་ནི་སྒྲ་ཕྱི་དོན་ཅན་གྱི་ཚིག་ཕྲད་ཅིག་དང་། “ཏ་”སྒྲ་ཡུལ་ཅན་རང་བཞིན་གྱི་ཚིག་ཕྲད་ཅིག་ཏུའང་ངོས་འཛིན་ཆོག་པར་སྣང་། དེ་ནི་ཁ་སྐད་དུ་“ཏ་”སྒྲ་སྤྱོད་ཆེ་བའི་རྒྱུ་མཚན་གྱིས་དོན་གྱི་ནུས་པ་སྟོན་ཤུགས་ཆེ་རུ་གྱུར་བས་ཡིན་ཡང་སྲིད། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “ནི་ནི་དགར་དང་བརྣན་པའི་སྒྲ། །ཁ་སྐོང་ཚིག་རྒྱན་གསལ་བྱེད་དང་། །གཏན་ཚིགས་ངེས་ཚིག་དབྱེ་བ་དང་། །རྒྱས་བཤད་འདྲེན་དང་ཉིད་ཀྱི་དོན། །དངོས་པོའི་རྐྱེན་ཏེ་བཅུ་” (25)ལ་འཇུག་པར་གསུངས་པ་ལས། བརྣན་པ་ནི་ལྕགས་ཐར་རྒྱལ་གྱིས་གསུངས་པ་བཞིན།  བརྗོད་བྱའི་དངོས་པོ་གཅིག་ལ་ཕྱོགས་དུ་མ་ནས་གསལ་བར་བྱེད་པའི་མཚན་ཉིད་ཅན་དང་། དེ་བཞིན་དུ་འཇུག་ཚུལ་གཞན་དག་ཀྱང་མཆིས་ཏེ། དཔེར་ན།  
        ༤༠ “ཁོ་བོ་ཅག་ཏ། དར་མ་མདོ་སྡེ་ལ་སོགས་པ་རྡོ་རྗེ་འཛིན་པ་བཅུ་གསུམ་བསྒྲལ་ཟེར་བ་དེའི་མི་རྒྱུད་ཡིན”(《རང་རྣམ་》སྨད་ཆ། ཤ་༢༠༥)  
        ༤༡ “ངས་པེ་ཏ་དེ་སྐད་མ་ཟེར་ཅིག ཁྱོད་དག་ང་གོས་མེད་པ་ཆ་ལུགས་ལྷུག་པར་གནས་པ་འདི་ལ་ངོ་ཚར་བྱེད་པར་འདུག་སྟེ”(《རྣམ་མགུར་》ཤ་༡༧༣)  
        ༤༢ “དེ་བས་ན་རང་བདག་གིར་འཛིན་པ་དང་མ་བྲལ་བའི་རིང་ལ་དང་ཨ་ཅང་ཆེ་སྟེ། རང་གི་རྒྱུད་ལ་སྒྱུ་མ་ལྟར་འཛིན་ཀྱང་སྐྱབས་དངོས་པོ་རང་དུ་བསྒོམ”(《བེའུ་བུམ་》ཤ་༡༣༨) ཞེས་པ་སོགས་ལ་སྲོལ་རྒྱུན་གྱི་བརྡ་སྤྲོད་གཞུང་ལུགས་ལྟར་ན། དཔེར་བརྗོད་༤༠ནི་རྒྱས་བཤད་འདྲེན་པ་དང་། དཔེར་བརྗོད་༤༡དང་༤༢ཀྱང་རིམ་བཞིན་བརྗོད་གཞི་ངོས་འཛིན་པ་སོགས་མདོར་ན། ནི་སྒྲའི་འཇུག་ཚུལ་དང་མཐུན་པར་ངོས་འཛིན་ཆོག་ཅིང་། “ཏ་”སྒྲའི་ཚབ་ཏུ་ནི་སྒྲ་བཅུག་པ་ལ་དེ་ཙམ་མི་འཕྲོད་པ་མེད་མོད། ནི་སྒྲའི་ཚབ་ཏུ་”ཏ་”སྒྲ་མི་རུང་བ་ཡོད། གཞན་ནི་སྒྲ་དང་བསྡུར་ན་ཕྱི་དོན་རང་བཞིན་ཤུགས་ཆུང་ཞིང་། རྗོད་པ་པོའི་རང་སྣང་རང་བཞིན་ཤུགས་ཆེ་སྟེ། ཁྱབ་ཆེ་ས་ནས་ནི་སྒྲ་བརྗོད་གཞི་ངོས་འཛིན་པ་དང་། དགར་བ། བརྣན་པའི་དོན་ལ་འཇུག་ཅིང་།”ཏ་”སྒྲ་ནི་དམིགས་བསལ་གྱིས་མི་མཐུན་པའི་ཚིག་རྒྱན་དང་། ཉམས་འགྱུར་གྱི་དོན་ལ་འཇུག་པ་ཡིན།   
གོང་བཀོད་དཔེར་བརྗོད་དག་ལས་མཐོང་ཐུབ་པ་ལྟར། ནི་སྒྲ་དང་”ཏ་”སྒྲའི་ཕྲད་ཀྱི་ཁྱད་པར་ཆེ་ས་གཅིག་ནི་དཔེར་བརྗོད་དུ་བྱུང་བའི་”ཏ་”སྒྲ་ཕལ་ཆེར་མི་མཐུན་པའི་ཚིག་རྒྱན་དང་མཉམ་དུ་སྦྱོར་བ་དེར་འདུག་སྟེ། “ཏ་”སྒྲའི་ཕྲད་ཀྱི་རྗེས་སུ་མི་མཐུན་པའི་ཚིག་རྒྱན་གྱི་ཕྲད་ཏེ་དེ་སྟེ་དང་། ཀྱང་ཡང་འང་སོགས་འཇུག་པ་ཤས་ཆེ། ཁོ་བོས་འཚོལ་ཞིབ་བྱས་པའི་ཡིག་ཚང་གི་དཔེར་བརྗོད་ལས་མི་མཐུན་པའི་ཚིག་རྒྱན་དང་མཉམ་དུ་བྱུང་བའི་ཚད་ནི་གཤམ་གྱི་རེའུ་མིག་ལྟར་ཡིན་ཞིང་།《ཏཱ་ར་ནཱ་ཐའི་རང་རྣམ་》ཆ་ཚང་བ་ཕུད། གཞན་རྣམས་ཡོངས་སུ་ཚང་བའི་བསྡོམས་རྩིས་མིན།    
 
        མི་མཐུན་པའི་ཚིག་རྒྱན་དང་ལྷན་ཅིག་བྱུང་ཚད་ཀྱིས་༨༤%ཟིན་པས། དེས་“ཏ་”སྒྲ་འབྱུང་དུས་སུ་རྗོད་པ་པོའི་སེམས་ཀྱི་ཁམས་ནི་དོན་གང་ལ་མི་འཐད་པའམ། དེའི་ལྡོག་ཕྱོགས་སམ། ཆོས་གཞན་ཀུན་བསལ་ནས་དོན་གཅིག་དམིགས་སུ་བཀར་བ་ལྟ་བུ་ཡིད་འགྱུར་དྲག་པོའི་ཚུལ་དུ་གནས་ཡོད་པ་རྟོགས་ཐུབ། དེ་ནི་ཕྲད་འདི་འཇུག་པའི་ནུས་པ་གཙོ་བོ་ཡིན། གོང་གི་དཔེར་བརྗོད་དག་དང་མཚུངས་པར་ཨམ་སྐད་དུ།“ངས་ཏ་མི་ཤེས་”ཞེས་པ་ལྟ་བུའི་ཚིག་ཅིག་བརྗོད་མ་ཐག་སྤྱིར་ཚིག་གྲུབ་ཀྱི་གདངས་འགྲོས་འགྱུར་བས་དོན་གྱི་གོ་བ་གསལ་བའི་གོ་ཆོད་ཀྱང་། ཕལ་མོ་ཆེར་“ངས་ཏ་མི་ཤེས་ཀྱང་(ཏེ། ཡང་)”ལྟ་བུ་“ཏ་”སྒྲའི་དོན་གསལ་བ་དང་ཕྱི་ཚིག་འདྲེན་པ་ལ་མི་མཐུན་པའི་ཚིག་རྒྱན་གང་རུང་ལྷན་དུ་འབྱུང་བ་ཤས་ཆེ་བ་ཡིན། ཡང་ན་ཚིག་སྔ་མར་“མ་གཏོགས་”ཞེས་པ་ལྟ་བུ་མི་མཐུན་པའི་སྒྲ་བྱུང་སྟེ་ཕ་རོལ་པོས་བཤད་པ་ལ་མ་འཐད་པའི་ཉམས་ཤུགས་ཀྱིས་སྟོན་པས། ནི་སྒྲས་“ཏ་” སྒྲའི་ཚབ་བྱས་ཚེ།  སྤྱིར་དོན་གྱི་ཆ་ནས་རྟོགས་ཐུབ་ཀྱང་ཉམས་འགྱུར་ཇི་བཞིན་དུ་ཐོན་དཀའ་བ་སོགས་ཁྱད་པར་ཆེ་བར་མཐོང་།  
 གསུམ་པ། འབྱུང་ཁུངས་རྩད་ཞིབ།  
        སྐབས་འདིར་གླེང་བྱའི་ཕྲད་འདི་རིགས་ཀྱི་ཡོང་ཁུངས་གང་ཡིན་ཞེ་ན། ཁོ་བོའི་འདོད་ཚུལ་ལ་བྱ་ཚིག་གི་“ལྟ་”ནས་མཚུངས་ཚིག་གི་“ལྟ་བུ་”དང་། དེ་ལས་མིང་གི་མཐའ་མར་གནས་པ་དེ་ལྟ་བུ་དང་། དེ་ལྟ། ཇི་ལྟ། ཆི་ལྟ། ད་ལྟ་སོགས་དང་། མིང་གི་ཐོག་མར་གནས་པ་ལྟ་ཞིག་དང་། ལྟ་ཅི། ལྟ་སུ་ཞིག ལྟ་ཞོག ལྟ་ཅི་སྨོས། ལྟ་སྨོས་ཅི་དགོས། ལྟ་སྨོས་ཀྱང་ཅི་དགོས། ལྟ་ག་ལ་ཞིག ལྟ་ག་ལ་འགྱུར། ལྟ་ག་ལ་ཡོད་སོགས་བྱུང་བ་དང་། མིང་གི་ཐོག་མར་གནས་པའི་འགྲོ་ལུགས་གྲུབ་དུས་སུ་ཕྱོགས་གཅིག་ནས་“ལྟ་ཅི་”“ལྟ་བུ་ཅི་”སྟེ་ལྟ་བུའི་དོན་ཡོད་ཀྱང་། རིམ་གྱིས་ནན་པར་བརྣན་ཅིང་རྗོད་པ་པོའི་སེམས་ཚུལ་ཤེད་ཆེ་བའི་མི་མཐུན་པ་སྟོན་པ་དང་། དེ་ནས་ཉམས་སྟོན་པའི་སྒྲ་ཡི་ནུས་པ་བྱུང་བར་འདོད་དེ། ལྟ་(བྱ་ཚིག་) -ད་ལྟ། ལྟ་བུ་(མཚུངས་ཚིག་) -ལྟ་ཅི་སོགས་(བརྣན་ཚིག་) -དང་། དག ད། ལྟ་(ཚིག་ཕྲད་) -ཏ་(ཉམས་འདོན་ཚིག་) བཅས་བྱུང་བ་ལྟ་བུ་ཡིན། དེའི་རྒྱུ་མཚན་ནི་གཤམ་གསལ་ལྟར་ཡིན།   
        གཅིག “ལྟ་”དང་པོ་བྱ་ཚིག་ཡིན་པ་ནི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཤོག་དྲིལ་ཁག་ན་ཤིན་ཏུ་གསལ་ལ། གཟུགས་ལ་མིག་གིས་ལྟ་བའི་བྱ་བྱེད་ནས་ད་ཆར་མིག་གི་མངོན་སུམ་དུ་གྱུར་བར་ལྟ་བའི་གནས་སྟངས་ལ་དཔགས་ཏེ། ད་ལྟ། ལྟ་བཞིན་པ། དེ་དང་ཆ་མཐུན་པ་ལས་ལྟ་བུ་སོགས་བྱུང་བར་རིགས་འདེད་བྱ་ཆོག་པས་དེ་ལ་སྒྲུབ་བྱེད་གཞན་མི་དགོས། “ལྟ་བུ་”ཡི་དོན་ལས་མཆེད་པའི་“ལྟ་”མིང་གི་ཐོག་མར་བྱུང་བའི་བརྣན་ཚིག་དེ་རིགས་ལས་“ལྟ་”ཡི་བྱེད་ནུས་ལ་འགྱུར་བ་ཆེན་པོ་འབྱུང་འགོ་ཚུགས་ནས། རིམ་གྱིས་“ལྟ་”ཡི་བརྡ་སྤྲོད་ནུས་པར་སྒྲ་དོན་རང་མཚན་གྱི་དོན་སྟོན་རྒྱུ་ཡོད་པའི་མིང་ནས་སྤྱི་མཚན་གྱི་ངོ་བོར་འཕོ་བའི་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད། ཏུན་ཧོང་ཤོག་དྲིལ་ལས་མོ་ཡིག་དང་། ཁྲིམས་ལུགས། འཕྲིན་ཡིག གན་རྒྱ་སོགས་གཙོ་ཆེར་སྤྱི་ཚོགས་རིག་གནས་དང་འབྲེལ་བའི་ཡིག་ཆ་ཁག་དང་རྡོ་རིང་ཡི་གེ་ཁག་ཏུ། ལྟ་ཞོག་དང་། ལྟ་ཅིའམ་ལྟ་ཆི་རྐྱང་པའང་བྱུང་མེད་པ་དང་།    P.T1283གྱི་《ཕུ་བོས་ནུ་བོར་གཏམས་ཤིང་བསྟན་པའི་མདོ་》རུ་ལྟ་ཆི་སྨོས་དང་། ལྟ་ག་ལ་རིག་ཅེས་པ་གཉིས་ཐེངས་༦ལས་བྱུང་མེད་པས། སྤྱོད་སྲོལ་དེ་སྐབས་དེའི་དངོས་ཡོད་སྤྱི་ཚོགས་ཁྲོད་ཁྱབ་རྒྱ་དེ་ཙམ་མི་ཆེ་སྙམ་ལ། ནང་པའི་བཀའ་བསྟན་བོད་ཡིག་ཏུ་བསྒྱུར་རྗེས་ནས་དེ་རིགས་མང་དུ་བྱུང་བས། ཚིག་ཕྲད་འདུས་མ་དེ་དག་ཀྱང་ལེགས་སྦྱར་གཙོ་བོར་གྱུར་པའི་སྐད་ཡིག་གཞན་དང་འབྲེལ་འདྲིས་ཀྱི་ལོ་རྒྱུས་དང་འབྲེལ་བ་ཆེ་བར་འདོད། དཔེར་ན། “གལ་ཏེ་”ཞེས་པ་ནང་ཆོས་དང་མ་འབྲེལ་བའི་ཏུན་ཧོང་ཡིག་རྙིང་དུ་མཐོང་དཀའ་བ་ལྟ་བུའོ དེ་མིན་ལྟ་ཅི་དང་། ལྟ་ཞོག ལྟ་ཅི་སྨོས་སོགས་གྲུབ་དུས་ཚིག་ཕྲད་“ལྟ”ཚིག་ཕྲད་རང་རྐྱ་འཕེར་བར་ཕྱོགས་པའི་རྗེས་ཤུལ་ཏེ། རྐྱང་པའི་སྦྱོར་ལུགས་ཀྱང་རེ་གཉིས་བྱུང་ཡོད་པ་དཔེར་ན།  
        ༤༣ “བདག་ཟེར་བ་ལྟར། མྱི་བྱར་མྱི་རུང་ན་ལྟ། །གྲོས་བྱར་ཡང་། ཆི་དགོས། བདེན་པའི་ཚིག  སུ་ལས་འོང་གཏོལ་མེད་གྱིས། །རུས་ཆུང་བྱད་ངན་བརྙསུ་མྱི་རུངོ”( P.T1283ཕྲེང་༡༤༨)ཞེས་པའི་སྐབས་ཀྱི་“ལྟ”ནི་བྱ་ཚིག་དང་འདྲ་བའི་དོན་སོགས་གང་ཡང་མིན་པར་ནན་པར་བརྣན་པའི་དོན་ལ་འཇུག་ཅིང་། ཚིག་རྐང་ཕྱི་མའི་ཡང་སྒྲ་དང་ཕན་ཚུན་བལྟོས་པའི་འབྲེལ་བ་གྲུབ་ཡོད་པས། དཔེ་འདི་ནི་“ཏ་”སྒྲའི་འཇུག་ཚུལ་གསལ་བའི་དཔེ་ལེགས་པོ་ཞིག་ཏུ་མཐོང་།   
        གཉིས། ལྟ་ཅི། ལྟ་ཅི་སྨོས། ལྟ་ག་ལ་སྲིད་ལྟ་བུའི་ཚིག་ཕྲད་འདུས་མ་འདི་དག་ཁ་ཕྲལ་ནས་“ལྟ”རྐྱང་པར་བྱས་ཀྱང་དོན་ལ་གནོད་པ་ཅི་ཡང་མེད་པས། འདིས་ཀྱང་རྟོགས་ནུས་པ་ནི་གཤམ་གྱི་དཔེར་བརྗོད་དག་ལས་བསམ་གཞིག་བྱ་ཐུབ།  
        ༤༤ “བུའང་ཐུགས་ཐུབ་མི་བྱེད་ན། མནའ་མ་ལྟ་ཅི་སྨོས”( P. T1283ཕྲེང་༢༤༢)  
        ༤༥ “བདགི་ཚོད་གྱང་མི་རིག་ན། གཞན་གྱི་ཚོད་ལྟ་ག་ལ་རིག”( P. T1283ཕྲེང་༤༦༢)   
        ༤༦ “གཡོག་དང་བྲན་ལ་ཡང་བྱར་མི་རུང་ན། གཞན་ལྟ་ཆི་སྨོས”( P. T1283ཕྲེང་༤༨༦)ཞེས་པ་ལྟ་བུའི་དཔེ་བརྗོད་གསུམ་པོར་ཚིག་སྔ་མའི་མཇུག་གི་ན་སྒྲས་ཚིག་ཕྱི་མ་འདྲེན་ཅིང་། ཚིག་ཕྲད་“ལྟ་”མ་བཞག་ཀྱང་དོན་ལ་འགལ་ཆ་ཆེར་མི་འབྱུང་ཡང་། “ལྟ”སྒྲས་ནན་གྱིས་བརྣན་པའི་དོན་ལྷག་པོ་ཆེ་བསྟན་ཚུལ་མཐོང་ཐུབ། དཔེར་ན། དཔེ་བརྗོད་༤༤ལྟ་བྱ “བུའང་ཐུགས་ཐུབ་མི་བྱེད་ན། མནའ་མ་ལྟ”ཞེས་པར་བཅོས་ཀྱང་དོན་ལ་འགྱུར་བ་མེད་པ་ལྟ་བུ་ཡིན། དེ་མིན་བོད་བཙན་པོའི་སྐབས་སུ་ལོ་ཙཱ་བ་བརྙེ་དཔལ་བརྩེགས་ཀྱིས་བསྒྱུར་བའི་《སྤྱོད་འཇུག་》ཏུའང་“ལྟ”སྒྲ་ནན་པར་བརྣན་པའི་དོན་ལ་འཇུག་ཚུལ་གསལ་ཡོད་པ་དཔེར་ན། 
         ༤༧ “རྨ་ཡི་སྡུག་བསྔལ་ཆུང་ངུ་ཡིས། །སྐྲག་པའང་རྨ་ཡི་བག་བྱེད་ན། །བསྡུས་འཇོམས་རིས་འཇོམས་སྐྲག་པ་དག །སེམས་ཀྱི་རྨ་ལྟ་ཅིས་མི་སྲུང་། ། ”(《སྤྱོད་འཇུག་》)  
        ༤༨ “ཉིན་མཚན་སྡོད་པ་ཡོད་མེད་པར །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟུ་འཆི་བར་ཅིས་མི་འགྱུར། །” (《སྤྱོད་འཇུག་》)  
         ༤༩ “སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། །རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ཀྱིས་ལྟུ་ཅི་སྟེ་ངོམས། །” (《སྤྱོད་འཇུག་》)   
        ༥༠ “མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །” (《སྤྱོད་འཇུག་》)ཞེས་བྱུང་བ་ལྟར་རོ ། དུས་ཕྱིས་ཀྱི་མཁས་པ་ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་(སྤྱི་ལོ་༡༢༩༤ནས་༡༣༧༦ལོ་བར་) (26)དང་རྒྱལ་ཚབ་དར་མ་རིན་ཆེན་(སྤྱི་ལོ་༡༣༦༤ནས་༡༤༣༢ལོ་བར་) (27)གྱིས་གོང་གསལ་དཔེར་བརྗོད་ལས་“རྨ་ལྟ”དང་“བདག་ལྟ”ཞེས་པ་“རྨ་ལྟར”དང་“བདག་ལྟ་བུ”ཞེས་ལྟ་བུའི་དོན་ལ་བཀྲལ་ཡོད་ཀྱང་། 《སྤྱོད་འཇུག་》རྩ་བར་བདག་འདྲ་དང་བདག་ལྟ་གཉིས་ཀ་བྱུང་བས་ཁྱད་པར་ཡོད་པ་ཤེས་ཐུབ། འོན་ཀྱང་དངུལ་ཆུ་ཐོགས་མེད་(སྤྱི་ལོ་༡༢༩༥ནས་༡༣༦༩ལོ་བར་)ཀྱིས་ཐ་སྙད་དེ་དག་རྩ་བ་རང་སོར་བཞག་སྟེ་འགྲེལ་གང་ཡང་བྱས་མེད་པས། དེ་ནི་དེ་དག་གི་དོན་གྱི་འཇུག་ཚུལ་ལ་ཐེ་ཚོམ་བྱུང་བར་སྙམ་ལ། དེའི་ནང་ལྟ་བུ་ཡི་དོན་ཐོན་པ་དག་ཇི་བཞིན་དུ་བཀྲལ་ཡོད།(28)ཚུལ་འདིར་དཔགས་ན། བསྟན་པ་སྔ་དར་གྱི་སྐབས་སུ་ལྟ་ཅི་སྨོས། ལྟ་ཅི་སོགས་ལྟ་ཐོག་མར་བྱུང་བའི་ཕྲད་དེ་དག་སྦྱོར་སྟངས་་གཏན་ཆགས་སུ་གྱུར་རྗེས་“ལྟ་”རྐྱང་པའི་ངོས་ནས་ནན་གྱིས་བརྣན་པར་འཇུག་པར་རྒྱུས་མི་ཆེ་བའི་སྐབས་ཤིག་བྱུང་བར་འདོད། གང་ལྟར་“ལྟ་”རྐྱང་པ་ནན་གྱིས་བརྣན་པར་འཇུག་པ་ནི་དཔེར་བརྗོད་༤༩དང་༥༠ལས་གསལ་ཏེ། ཚིག་གི་ཆ་ཡའི་སྡེབ་སྦྱོར་ལྟར་“ལྟ་”ནི་གོང་མར་སྦྱོར་བ་ལས་འོས་མེད་ལ། དེ་ལྟར་ན་ཆ་ཤས་སྔ་མ་དང་མཉམ་དུ་ལྟ་བུ་ལ་འཇུག་པའི་དོགས་པ་འབྱུང་སྲིད་ཀྱང་། དཔེར་བརྗོད་༤༩ལས་བྱེད་སྒྲའི་ཕྲད་ཀྱི་རྗེས་སུ་འབྱུང་བས་དེ་འགྲེལ་དཀའ། དེ་བས་ཀྱང་ལེགས་སྦྱར་ནས་རྒྱ་ཡིག་ཏུ་བསྒྱུར་བའི་《སྤྱོད་འཇུག་》གི་འགྱུར་གསར་རྙིང་ (29)དང་བོད་ཡིག་ནས་བསྒྱུར་ཏེ་ལེགས་སྦྱར་དང་གཏུགས་པའི་དཔེ་(30)ལས། གོང་གི་དཔེར་བརྗོད་དུ་བྱུང་བའི་        “ལྟ་”དེ་ལྟ་བུའི་དོན་ལ་བསྒྱུར་མེད་དེ། དཔེར་ན་དཔེ་༤༨དང་༥༠གཉིས་ཀྱི་འགྱུར་ལ།
        ༥༡ 昼夜不暂留 ,此生恒衰减,额外无复增,吾命岂不亡? (释如石译)  日夜不停地流逝,寿命不断地减损,只有消失无增长,我怎么会不死去? ( 黄宝生译)    
        ༥༢ 何需更繁叙? 凡愚求自利་牟尼唯利他,且观此二别? (释如石译)  这样的道理何需多说? 只要看这两者的区别:追求 ~自己利益的愚夫,为他人谋利益的牟尼? (黄宝生译)ཞེས་བྱུང་བ་ལྟར་ཡིན།   
        དེས་ན་བསྟན་པ་སྔ་དར་གྱི་སྐབས་ནས་“ལྟ་”ཡི་ནུས་པ་དེ་བྱ་ཚིག་དང་མཚུངས་ཚིག་ནས་ཚིག་ཕྲད་ཀྱི་རྣམ་པར་འཕོ་འགྱུར་འགྲོ་འགོ་ཚུགས་ཤིང་། དེའི་དཔེ་མཚོན་ཡང་དག་ནི་ཚིག་ཕྲད་དེ་དངོས་སུ་བྱུང་བའི་བཙན་པོའི་དུས་ཀྱི་དཔེར་བརྗོད་༤༣དང་། དུས་རབས་༡༢པའི་དུས་ཀྱི་དཔེར་བརྗོད་༣༣ དུས་རབས་༡༨པའི་དུས་ཀྱི་དཔེར་བརྗོད་༣༡སོགས་ཡིན་པ་དང་། ད་དུང་“དག་”སྒྲའང་དེ་དུས་ནས་དུས་མཉམ་དུ་གནས་པ་“དག་”སྒྲའི་སྐབས་སུ་གླེང་བ་ལྟར་ཡིན། བསྟན་པ་ཕྱི་དར་གྱི་སྐབས་སུ་“དང་”“དག་”“ཏ་”“ད་”“ལྟ་”ཡི་འབྲི་ལུགས་ཅི་རིགས་བྱུང་བ་ནི་སྐད་ཀྱི་འཕོ་འགྱུར་དང་། ཡུལ་སྐད་ཀྱི་ཁྱད་པར། སྔོན་གྱི་ཚིག་ཕྲད་ལས་ཐ་དད་དུ་ཆད་དེ་རང་རྐྱ་བར་འགྱུར་བར་སེམས་ལ། ཕྲད་དེ་དག་འབྱུང་བའི་ཆ་རྐྱེན་གལ་ཆེ་ཤོས་ནི་ཚང་མའི་སྒྲ་གདངས་ཉེ་བ་དེ་ཡིན་པར་སེམས། དེའི་རྒྱུ་མཚན་གྱིས་དཔེར་ན་《སྤྱོད་འཇུག་》གི་བསྡུར་མཆན་ལས་སྡེ་དགེ་དཔར་མའི་“དག་”སྒྲ་ལ་སྣར་ཐང་དང་ཅོ་ནེ་དཔར་མ་རུ་“དང་”སྒྲར་བྲིས་ནོར་བྱས་པ་མང་ལ། དེ་ལས་ལྡོག་པའི་སྣང་ཚུལ་ཡང་ཐོན་ཡོད་པ་ལྟ་བུ་དང་། དེ་བཞིན་རྗེ་ཙོང་ཁ་པའི་《ལམ་རིམ་ཆེན་མོ་》རུ་《སྤྱོད་འཇུག་》གི་ལུང་ཚིག་“ལུས་འདི་གཅིག་པུ་བྱུང་བ་ཡང་། །ལྷན་ཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་འགྱེས་འགྱུར་ན། །མཛའ་བ་གཞན་ལྟ་ཅི་ཞིག་སྨོས། །”ཞེས་བྱུང་བ་འདི་སྡེ་དགེ་དཔར་མ་རུ་“གཞན་དག་ཅི་ཞིག་སྨོས་”ཞེས་བྱུང་བས་ཀྱང་        “ལྟ་”དང་“དག་”དབར་འབྲེལ་ཆེ་བ་རྟོགས་ནུས།   
        མདོར་ན། “ལྟ་” སྒྲ་ལྟ་བུ་བཙན་པོའི་རྒྱལ་རབས་སྐབས་ནས་ཚིག་ཕྲད་ཀྱི་ངོ་བོར་འགྱུར་འགོ་ཚུགས་ཤིང་། གོང་གསལ་ཚིག་ཕྲད་གཤིབ་བསྡུར་རེའུ་མིག་ལས་མཐོང་བ་ལྟར། ཡིག་ཆ་སྔ་གྲས་ཁག་ཏུ་ལྷག་བཅས་སོགས་ཕྲད་གཞན་དང་ལྷན་དུ་མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ་ཤས་ཆེ་ལ། རིམ་བཞིན་ནན་གྱིས་བརྣན་པ་དང་། ཉམས་སྟོན་པར་འཇུག་པ་སོགས་ལམ་ཇེ་ཡངས་སུ་ཕྱིན་ཡོད་པས། ཚིག་ཕྲད་ཀྱི་ངོ་བོ་ཡང་ལྕི་བ་ནས་ཡང་བར་གཞོལ་ཡོད་མོད། འཇུག་སྟངས་དེ་དག་ཐམས་ཅད་སྡོང་པོ་གཅིག་ལས་གྱེས་པའི་ཡལ་ག་བཞིན་དུ་རང་ལྡོག་མ་འགྱུར་བའི་སྦོ་ནས་དུས་མཉམ་དུ་གནས་ཐུབ་པ་ཡིན་ནོ།   
        མཇུག་བསྡུའི་གཏམ།   
        “ཏ་”སྒྲའི་ཕྲད་ནི་ཏུན་ཧོང་ཡིག་རྙིང་ནས་དབུ་ཚུགས་ཏེ་དུས་རབས་བཅུ་དྲུག་པའི་བར་ཡུལ་སྐད་ཤས་ཆེ་བའི་བརྩམས་ཆོས་རྣམས་སུ་“ད་” “དང་” “དག་” “ཏ་”“ལྟ་”བཅས་འབྲི་ལུགས་ལྔའི་ལམ་ནས་བྱུང་ཞིང་། དེ་ཡང་བཙན་པོའི་དུས་ནས་ཚིག་ཕྲད་འདི་ཐོན་འགོ་ཚུགས་ཏེ། ཐོག་མར་བྱ་ཚིག་གི་ངོ་བོ་ནས་བརྣན་ཚིག་དང་། དེ་ནས་ཚིག་ཕྲད། དེ་ནས་ཀྱང་ཉམས་འདོན་གྱི་ཚིག་ཕྲད་བཅས་སུ་འཕེལ་འགྱུར་བྱུང་བའི་གོ་རིམ་ཞིག་བརྒྱུད་ཡོད་པར་འདོད་ལ། ཡུལ་དང་སྐད་ཀྱི་ཁྱད་པར་གྱིས་འབྲི་ལུགས་རྣམ་པ་ཐ་དད་དུ་བྱུང་ཡང་དོན་གྱི་འཇུག་ཚུལ་གཅིག་ཏུ་ངེས་པ་ནི་གོང་དུ་ཞུས་ཟིན་ལྟར་ཡིན། འོན་ཏེ་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་ནི་སྒྲའི་འཇུག་ཚུལ་གཏན་ཆགས་བྱུང་སྟེ་ཕྱིས་འབྱུང་ཡིག་ཆ་ཀུན་ཏུ་སྤྱོད་སྒོ་ཆེ་བར་གྱུར་ཡང་། སྔོན་གྱི་མིང་དང་ཚིག་ཕྲད་ཀྱི་རྣམ་གཞག་ཇི་ལྟར་འཕེལ་ཞིང་འགྱུར་བའི་སྐོར་གྱི་དཔྱད་གཞི་འགངས་ཆེན་ཏེ། བོད་ཀྱི་ཁ་སྐད་དང་ཡུལ་སྐད་ཀྱི་ཤན་ཆེ་བའི་བརྩམས་ཆོས་ཁག་ཏུ་ནི་སྒྲ་དང་འཇུག་ཚུལ་ཕལ་ཆེར་འདྲ་བའི་”ཏ་”སྒྲའི་འཇུག་ཚུལ་བྱུང་བ་ལ་ཉམས་ཞིབ་ཀྱིས་གླེང་བརྗོད་བྱས་པ་ཧ་ལམ་མི་སྣང་བས། འདིར་”ཏ་”སྒྲའི་འཇུག་ཚུལ་ནི་སྒྲ་དང་ཕྱོགས་མཚུངས་ནའང་། མི་མཐུན་པའི་ཚིག་རྒྱན་དང་འབྲེལ་ནས་བྱུང་བ་ཤས་ཆེ་བ་དང་། “ཏ་”སྒྲ་ཞུགས་དུས་རྗོད་པ་པོའི་ཡུལ་ཅན་གྱི་རང་བཞིན་མངོན་པར་གསལ་བ་སོགས་ཀྱི་སྐོར་ལ་ལུང་རིགས་དཔེ་གསུམ་གྱིས་བཤད་པ་གང་ནུས་བགྱིས་པ་ཀུན་ཡུལ་སྐད་དང་ཡིག་སྐད་གཞི་གཅིག་ཏུ་འདུ་བའི་ལེགས་ཚོགས་སུ་འགྲོ་བར་སྨོན། །
        མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
        ①ལྕགས་ཐར་རྒྱལ། 《བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག་》མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༧ལོར་དཔར་བའི་ཤ་༣༨༤རུ། ད་ལྟའི་སྐད་ལ་ཁྱོན་བསྡོམས་ཚིག་ཕྲད་བརྒྱད་ཅུ་གྱ་གཅིག་ཡོད་ཚུལ་དྲངས་པའི་ནང་དུ་ཡང་འདིའི་སྐོར་བཀོད་མི་འདུག
        ②ཧུའུ་ཐན་སོགས་ཀྱིས་བསྒྲིགས། 《ལྷ་སའི་ཁ་སྐད་ཀློག་དེབ་》(དག་བཅོས་མ་)མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོར་དཔར། ཤ་༣༦༧ནས་༣༦༨
        ③翟霭堂、劲松:《藏语卫藏方言研究》 ,中国藏学出版社,2017 年,142页。
        ④སུམ་བྷ་དོན་གྲུབ་ཚེ་རིང་། 《བོད་ཀྱི་ཡུལ་སྐད་རྣམ་བཤད་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ལོར་དཔར། ཤ་༡༡༥
        ⑤དགེ་བཤེས་པོ་ཏོ་བ་སོགས། 《བཀའ་གདམས་ཀྱི་མན་ངག་བེའུ་བུམ་སྔོན་པོའི་རྩ་འགྲེལ་》གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག དེབ་བཅུ་དྲུག་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོར་དཔར།
        ⑥པོ་ཏོ་བ་རིན་ཆེན་གསལ། ལྕེ་སྒོམ་ཤེས་རབ་རྡོ་རྗེ། 《དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ་》 གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག དེབ་བཅུ་བདུན་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོར་དཔར།
        ⑦ཇོ་བོ་རྗེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས། 《བཀའ་གདམས་ཕ་ཆོས་བུ་ཆོས་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོར་དཔར།⑧དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། 《མི་ལ་རས་པའི་གསུང་འབུམ་》པོད་ལྔ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་༢༠༡༣ལོར་དཔར། ཤ་༡༥༤ནས་༣༣༡བར།
        ⑨རུས་པའི་རྒྱན་ཅན། 《མི་ལ་རས་པའི་རྣམ་མགུར་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོར་དཔར
        ⑩དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། 《ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་》པོད་དང་པོ་དང་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ལོར་དཔར།
        ⑪རྒྱལ་དབང་འཇམ་དཔལ་རྒྱ་མཚོ།《ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་》གངས་ཅན་ཁྱད་ནོར་དཔེ་ཚོགས། དེབ་ཕྲེང་༦༥པ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༠༩ལོར་དཔར།
        ⑫དགེ་བཤེས་པོ་ཏོ་བ་སོགས་ཀྱིས་བརྩམས། 《བཀའ་གདམས་ཀྱི་མན་ངག་བེའུ་བུམ་སྔོན་པོའི་རྩ་འགྲེལ་》གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག  དེབ་བཅུ་དྲུག་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོར་དཔར། ཤ་༥༡ནས་༥༢ལ་ཞིབ་པར་གཟིགས་འཚལ།
        ⑬ཀརྨ་སི་ཏུ 《མུ་ཏིག་ཕྲེང་མཛེས་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོར་དཔར། ཤ་༩༥ནས་༩༨བར་དང་། ཚེ་ཏན་ཞབས་དྲུང་། 《ཐོན་མིའི་ཞལ་ལུང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོར་དཔར། ཤ་༡༨༠ནས་༡༨༣བར་དང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 《ངོ་མཚར་འཕྲུལ་གྱི་ལྡེ་མིག་》བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི་ཤ་༥༦ནས་༥༧བར་ལ་གཟིགས་པར་འཚལ།
        ⑭དཔའ་རིས་སངས་རྒྱས། 《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》མི་རིགས་དཔེ་སྐྲུན་ཁང་། ཤ་༣༥༦ནས་༣༦༢སུ་དང་སྒྲའི་འཇུག་ཚུལ་དགུ་དང་། ལྕགས་ཐར་རྒྱལ། 《བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག་》མི་རིགས་དཔེ་སྐྲུན་ཁང་། ༢༠༠༡༧ལོར་དཔར། ཤ་༥༡༩ནས་༥༢༡བར་དང་། 《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་》༢༠༠༠ལོར་དཔར། ཤ་༤༣༢ནས་༤༣༤རུ་དང་སྒྲའི་འཇུག་ཚུལ་བདུན་བཤད་ཡོད་ཅིང་། དེ་བཞིན་སྐལ་བཟང་འགྱུར་མེད་ཀྱིས་བརྩམས་པའི་《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མ་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོར་དཔར་བའི་དེབ་དེར། “དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །ཟེར་ཡང་དོན་དུ་དོ་མཉམ་པའི། །མཚམས་སྦྱོར་སྤྱི་དང་བྱ་ཚིག་གི ། སྦྱར་གཞི་དངོས་སོགས་དོན་བཞིར་འཇུག །”ཅེས་དང་། ཚེ་དབང་ལྷ་མོ། ཐུབ་བསྟན་ཕུན་ཚོགས། 《སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་དེབ་》༢༠༠༩ལོར་དཔར། ཤ་༡༥༥ནས་༡༥༨བར་ཡང་འཇུག་པ་གཞན་བསྟན་མོད། མཁས་པ་དེ་དག་ཚང་མས་སྐབས་འདིར་གླེང་བྱའི་“དང་”སྒྲའི་འཇུག་ཚུལ་གྱི་སྐོར་འཆད་མི་འདུག
        ⑮སྐལ་བཟང་འགྱུར་མེད་དང་སྐལ་བཟང་དབྱངས་ཅན་གྱིས་བརྩམས་ཤིང་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་《བོད་ཀྱི་ཡུལ་སྐད་རྣམ་བཤད་》ན་ཁམས་ཀྱི་འབའ་ཐང་ཡུལ་སྐད་དུ་དང་སྒྲ་(da. |)འཇུག་ཚུལ་གཞན་ཡོད་རིགས་མ་འཁོད། དེ་བཞིན་༢༠༡༥ལོར་ནན་ཁའེ་སློབ་ཆེན་གྱི་ཀྲོའུ་ཁྲུན་ཧུའེ་(周春晖)ཡིས་འབའ་ཐང་ཡུལ་སྐད་ཀྱི་བརྡ་སྤྲོད་ལ་ཉམས་ཞིབ་བྱས་པའི་བྷོ་ཧྲིའི་སློབ་གནས་དཔྱད་རྩོམ་《藏语巴塘话语法专题研究》དུའང་དེ་མཚུངས་སུ་སྣང་། འོན་ཏེ་ཚིག་ཕྲད་འདི་དེང་སང་གི་ཁམས་དཀར་མཛེས་ཡུལ་སྐད་ལྟ་བུར་ཚིག་གི་གྲུབ་ཆའི་ནང/do/སྒྲ་འབྱིན་ཞིང་། ཡུལ་དེ་ག་ནས་ཡིན་པའི་བྷོ་ཧྲི་སྒྲོལ་མ་ཆོས་སྐྱིད་ནས་ཡིག་ངོར་ཀློག་སྟངས་ཇི་བཞིན་དུ་ཕབ་ན་“དང་”སྒྲར་འབྲི་དགོས་ཚུལ་བརྗོད།
        ⑯P. T1290ན། “ཀྱེ་བྱ་རུམ་དག་ཁྱུང་རུམ་ལ། ལྷ་གཉན་དག་ཕོ་བྲང་བྟབ། བྱ་རུམ་དག་གཡུ་རྩེ་ལ། སྨན་གཉན་དག་ཕོ་བྲང་བྟབ། གཡུ་རུམ་དག་ཁྱུང་རྩེ་ལ། ཁྱུང་གི་དག་མཁར་ཅིག་བརྩིགས། དགྲ་སྡང་དག་སེམས་དག་ཆོད། འབྲོས་ན་ཤོར་བ་འམ་”ཞེས་པ་ལྟ་བུ་ཡོད་ཅིང་། དག་དང་ཚོ་དོན་འདྲ་ཞིང་། དེ་གཉིས་ཁོ་བོའི་རྗེས་དཔག་ལས་བྱུང་བའི་ལྟ་དང་འདྲ་བར་ཏ་སྒྲ་ཡི་མཉམ་འགྲོའི་འབྱུང་ཁུངས་གཞན་ཞིག་ཡིན་ཡང་སྲིད་པས་བརྟག གོང་གི་ཡིག་ཆ་ནི་རྒྱལ་སྤྱིའི་ཏུན་ཧོངhttp://idp.b1. Uk/ནས་དྲངས།
        ⑰(24)ཀརྨ་སི་ཏུ 《མུ་ཏིག་ཕྲེང་མཛེས་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོར་དཔར། ཤ་༢༥༤ནས་༢༥༦ ༩༥བཅས་སུ་གསལ།
        ⑱ཚེ་རིང་ལྷ་མོ། 《ཁམས་སྡེ་དགེ་སྐད་ཀྱི་བརྡ་སྤྲོད་》མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོར་དཔར། ཤ་༧༥ནས་༧༩རུ། སྡེ་དགེའི་སྐད་དུ་ངེད་དག ཁྱོད་དག ཁོ་དག་ཅེས་དག་སྒྲ་སྐྱེས་བུའི་འབོད་པའི་གཅིག་ཚིག་གི་རྗེས་སུ་སྦྱར་ཚེ། དེ་འབོད་པའི་མང་ཚིག་གི་རྣམ་པར་འགྱུར་ཚུལ་བརྗོད་འདུག
        ⑲桑杰坚赞著,刘立千译:《米拉日巴传》民族出版社,2000年。 འགྱུར་མ་འདིའི་ནང་དཔེར་ན། རས་ཆུང་པའི་ཐུགས་ལ། རྗེ་བཙུན་བཞུགས་དག་བོད་ན་བཞུགས་ཏེ་ཞེས་པར། 热穹巴心想:尊者不就是住在藏地吗? ཞེས་སྤྱིར་དོན་གྱི་ཆ་ནས་འགལ་བ་ཆེ་མེད་ཀྱང་དག་སྒྲའི་ཚིག་ནུས་ཇི་བཞིན་རྒྱ་ཡིག་ཏུ་ཐོན་མེད་པ་ལྟ་བུ་དང་། དེ་བཞིན་འདིའི་བརྡ་སྤྲོད་ལ་དམིགས་སུ་ཞིབ་འཇུག་བྱེད་མཁན་ཀྲོའུ་ཝེ་(周伟)ཡི་《米拉日巴传>的语法特征及比较》ཞེས་པའི་ནང་དུ་ཕྲད་འདི་དང་ད་དུང་འདི་ལྟ་བུའི་ཕྲད་ཅུང་ཟད་ཀྱང་གླེང་མེད་པ་ལྟ་བུ།
        ⑳རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། 《ཆོས་རྗེ་འཇིགས་མེད་བླ་མའི་མཛད་རྣམ་རྒྱས་པ་》རུ། “ཚོ”བེད་སྤྱོད་གནང་འདུག་སྟེ། “མོས་ཡིད་མ་ཆེས་པའི་ཉམས་ཀྱིས། ཧིན། རིགས་བཟང་ཚོ་ཅི་ཡིན་མི་ཤེས། ཕུང་འདྲེ་ཞིག་གནམ་ཞབས་མ་རེད་ན། ཞེས་སྨྲས་སྐད་”ཅེས་སོ།
        (21)གོ་ཤུལ་གྲགས་པ་འབྱུང་གནས། 《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ》མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོར་དཔར། ཤ་༨༧དུ། 《བྱང་ཆུབ་ལམ་རིམ་ཆེ་བ་》ཡི་པོ་ཏོ་བའི་གསུང་“ང་ལ་ཏ་རེ་རེ་བྱུང་ན་”དང་“ཁོ་བོ་ལ་རྣ་བ་ཏ་”ཞེས་པ་གཉིས་“ཏ་རེ་རེ་”དང་“རྣ་བ་ཏ་”ཞེས་ཚིག་གྲོགས་གོང་འོག་གཉིས་ལ་སྦྱར་ཏེ་བཀྲལ་འདུག
        (22)《ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་》པོད་དང་པོ། དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠3༨ལོར་དཔར། དབུའི་ཤ་༤
        (23)དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ལོར་དཔར། ཤ༥༠ནས་༨༡བར།
        (25)ལྕགས་ཐར་རྒྱལ། 《བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ལོར་དཔར། ཤ་༤༥༤ནས་བརྒྱུད་འདྲེན་བྱས།
        (26)《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་རབ་གསལ་སྣང་བ་》ཤིང་དཔར་མ།
        (27)《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་》ཤིང་དཔར་མ།
        (28)《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ་》ཤིང་དཔར་མ།
        (29)黄宝生译注:《梵汉对勘人菩提行论》,中国社会利学出版社,2016年。
        (30)རྒྱའི་ཆོས་པ་ཧྲི་རུའུ་ཧྲི་(释如石)ལགས་ཀྱིས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་ཅིང་ལེགས་སྦྱར་གྱི་དཔེ་དང་གཏུགས་ཏེ་ཞིབ་པར་གཏན་ལ་ཕབ་རྗེས། བླ་རུང་གི་མཁན་པོ་བསོད་དར་རྒྱས་ཀྱིས་བོད་ཡིག་གཞིར་བཟུང་སྟེ་བཅོས་ནས་གཏན་ལ་ཕབ་པའི་དཔེ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1