ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བར་དུ་བདེ་འཇགས་འགན་སྲུང་གནད་དོན་ཐད་འདྲ་མཉམ་གྱི་གྲོས་མོལ་བྱེད་པར་ད་དུང་གྲ་སྒྲིག་བཟང་པོ་བྱས་མེད་ཟེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-27


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བར་དུ་བདེ་འཇགས་འགན་སྲུང་གནད་དོན་ཐད་ནས་འདྲ་མཉམ་གྱི་གྲོས་མོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་པ་མ་མཐོང་ཟེར།
        ཀྲ་ཧ་ལོ་ཝ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་གི་ཆབ་སྲིད་དང་དམག་དོན་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་མི་འགྲོ་བར་བྱེད་པ་དང་། གཅིག་གྱུར་དང་འབྲལ་མེད་ཀྱི་ཡོ་རོབ་གླིང་དང་ནུབ་ཀྱི་རྒྱ་མཚོ་ཆེན་ཆེན་མོའི་ས་ཁུལ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་བར་སྟོང་ལ་ཤུགས་སྣོན་པའི་ཆེད་དུ། ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་དེའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་བྱང་ཆིངས་མུ་མཐུད་དུ་ཤར་ཕྱོགས་སུ་རྒྱ་མི་བསྐྱེད་རྒྱུ་དང་། ཨུ་རུ་སིའི་མཐའ་མཚམས་ཀྱི་ཉེ་འདབས་སུ་ཨུ་རུ་སིའི་བདེ་འཇགས་ལ་འཇིགས་སྣང་སྐྱེད་པའི་མཚོན་ཆའི་མ་ལག་བཀོད་སྒྲིག་མི་བྱེད་རྒྱུའི་རེ་བ་བཏོན་ཡོད། གནད་དོན་འདིའི་སྟེང་ནས། ཨུ་རུ་སིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་འདྲ་མཉམ་ཡིན་ཞིང་ཨུ་རུ་སིའི་ཁྲིམས་མཐུན་ཁེ་ཕན་ལ་གཟིགས་སྐྱོང་བྱེད་པའི་རྨང་གཞིའི་སྟེང་ཨུ་རུ་སི་ལ་འབྲེལ་འདྲིས་བྱེད་པའི་རྣམ་འགྱུར་མཐོང་མ་སོང་ཟེར།
        ཀྲ་ཧ་ལོ་ཝ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་གྲོས་མོལ་བྱེད་པར་འབད་བརྩོན་མ་བྱས་པར། ཨུ་རུ་སི་དང་ཨུ་རུ་སིའི་མནའ་གྲོགས་ལ་དམིགས་པའི་ཁྲིམས་འགལ་གྱི་ཚོད་འཛིན་བྱེད་ཐབས་བསྟུད་མར་ཇེ་མང་དུ་བཏང་ཡོད། ད་ལྟ་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་འབྲེལ་འདྲིས་ཀྱི་རྣམ་པ་གསར་པ་དེ་རྒོལ་ལན་སྤྲོད་པ་དང་ཚོད་འཛིན་བྱེད་པ། གདམ་གསེས་རང་བཞིན་གྱི་མཉམ་ལས་བྱེད་པ་བཅས་སྣ་གསུམ་པོ་འདི་གཙོ་བོར་བཟུང་ཡོད། ཕན་ཚུན་ལ་བརྩི་བཀུར་མི་བྱེད་པའི་སྣང་ཚུལ་འདིའི་འོག་ཏུ་གཏན་འཇགས་དང་སྔོན་དཔག་བྱ་ཆོག་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཞིག་འཛུགས་རྒྱུ་ནི་དཔེ་མི་སྲིད་པ་ཞིག་རེད་ཟེར།
        ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་སང་ལོའི་ཟླ་དང་པོར་ཨ་མེ་རི་ཁས་ཨུ་རུ་སིས་བཏོན་པའི་བདེ་འཇགས་འགན་སྲུང་གྲོས་གཞི་ལ་ལན་ཞིབ་མོ་ཞིག་འདེབས་རྒྱུར་རེ་སྒུག་བྱས་ཡོད་ཟེར། ཁོས་མིག་སྔར་ཕྱོགས་གཉིས་ཀྱིས་གནད་དོན་འདིའི་སྐོར་ནས་གྲོས་མོལ་བྱེད་པའི་དུས་ཚོད་ད་དུང་གཏན་ཁེལ་གསལ་བོ་བྱས་མེད་ཟེར།
        ཟླ་འདིའི་ཚེས་བཅུ་ཉིན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་པར་བདེ་འཇགས་འགན་སྲུང་གི་གྲོས་མོལ་བྱེད་པའི་གསལ་བསྒྲགས་སྤེལ་ཏེ། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་བྱང་ཆིངས་ཤར་ཕྱོགས་སུ་རྒྱ་མི་བསྐྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུའི་རེ་བ་བཏོན། ཚེས་བཅོ་ལྔ་ཉིན། ཨུ་རུ་སིས་ཨ་མེ་རི་ཁར་ཨུ་རུ་སི་དང་ཨ་མེ་རི་ཁའི་བདེ་འཇགས་འགན་སྲུང་ཆིངས་ཡིག་འཆར་ཟིན་དང་ཨུ་རུ་སི་དང་བྱང་ཆིངས་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བྱེད་ཐབས་ཀྱི་གྲོས་ཆོད་སྤྲད། ཡིག་ཆ་དེའི་ནང་དོན་དུ་བྱང་ཆིངས་ཤར་ཕྱོགས་སུ་རྒྱ་མི་བསྐྱེད་རྒྱུ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་བྱང་ཆིངས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མིན་པའི་སུའུ་ལེན་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་དམག་དོན་རྟེན་གཞི་མི་འཛུགས་རྒྱུ། རྒྱལ་ཁབ་དེ་དག་དང་དམག་དོན་མཉམ་ལས་མི་བྱེད་རྒྱུ། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་སོགས་རྒྱལ་ཁབ་བྱང་ཆིངས་ཀྱི་ཁོངས་སུ་མི་ལེན་རྒྱུའི་དམ་བཅའ་འཇོག་རྒྱུ་སོགས་འདུ།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1