སེམས་ཤུགས་གཅིག་སྒྲིལ་གྱིས།། དམངས་འཚོའི་དོན་དུ་འབད།།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 12-27







      ཡུལ་དུས་དབྱེར་མེད་དུ་ལས་ཅི་བྱས་ཐམས་ཅད་ལས་དམངས་ཀྱི་འཚོ་བ་སྔོན་ལ་འཇོག་པ་དང་མི་དམངས་གོང་དུ་བཀུར་བ་ན། བདེ་སྐྱིད་ལྡན་པའི་གྲོང་ཁྱེར་ཞིག་ལ་དམངས་འཚོའི་རྨང་གཞི་མངོན་གསལ་དོད་པོ་ཡོད་ངེས། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་དམངས་འཚོ་སྔོན་ལ་འཇོག་པ་དང་། དམངས་འཚོ་གཙོ་བོར་འཛིན་པ། དམངས་འཚོ་རྩ་བར་འཛིན་པ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོའི་བྱ་གཞག་ཁག་ལ་མ་དངུལ་འཇོག་ཤུགས་ཟམ་མི་ཆད་པར་ཆེ་རུ་དང་། སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ། རྒན་གསོའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དམངས་འཚོའི་སྲིད་ཇུས་གསར་བ་ལག་ལེན་དུ་བསྟར་བར་ཕན་འབྲས་ཐོན་པ་དང་དམངས་འཚོའི་བྱ་གཞག་རེ་རེས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་བྱས་པས་རྔ་ཁུལ་གྱིས་མང་ཚོགས་ཀྱི་ཡིད་དུ་འོང་བའི་དམངས་འཚོའི་ལས་དོན་ལེགས་པར་བསྒྲུབས།
    དབུལ་བོར་རོགས་སྐྱོར་བྱས་པས་དམངས་འཚོའི་ཁེ་སྤོགས་མཉམ་དུ་སྤྱད།
      ལྔ་འཆར་བཅུ་གསུམ་པ་ནས་བཟུང་། རང་ཁུལ་གྱིས་དབུལ་བྲལ་གནད་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་། དམངས་འཚོའི་འདུ་འགོད་ཆེ་ཤོས། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་བཅས་ལ་བརྩིས་ནས་གནད་ཁེལ་གོ་ཆོད་ཀྱི་རྔ་བའི་དབུལ་བྲལ་ཐབས་ཇུས་རབ་དང་རིམ་པ་འཚོལ་ཞིབ་དང་ཕྱོགས་སྡོམ་བྱས་ཏེ། ཁྱད་ཆོས་མངོན་གསལ་དོད་པའི་རྔ་ཁུལ་གྱི་དབུལ་སྐྱོར་ཉམས་མྱོང་གསར་དུ་བཏོད།
      གཞི་གྲངས་ནི་ཆེས་བཟང་བའི་བདེན་དཔང་ཡིན། 2020ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)13གྱི་མང་ཚོགས་བརྒྱ་ཆ་99.22དང་། གྲོང་ཚོ་དབུལ་བོ་534། དབུལ་ཕོངས་མི་གྲངས་ཁྲི་10.38ཚང་མ་དབུལ་ཐར་བྱུང་།

      དབུལ་ཐར་བྱུང་རྗེས། རྔ་ཁུལ་གྱི་ཕྱུག་འགྱུར་གྱི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད། ད་ལོ་ནས་བཟུང་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་བའི《ལོ་ལྔའི་འཆར་འགོད》དང《ལག་བསྟར་ཇུས་གཞི》བཟོས་ཤིང་། 1+1+Nཡི་གྲུབ་འབྲས་སྲ་བརྟན་དང་སྲིད་ཇུས་མ་ལག་བཙུགས་ཡོད། གྲོང་ཚོ་218ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་གྲོང་ཚོར་བཅུག་པ་དང་། རྒྱལ་ཁབ་ཀྱིས་གནས་འཁེལ་རོགས་སྐྱོར་དང་། ཤར་ནུབ་རྒྱུད་ཀྱི་མཉམ་ལས། ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་སོགས་ཀྱི་རོགས་དངུལ་སྒོར་དུང་ཕྱུར་8.5དོན་འཁྱོལ་བྱས་ནས་རོགས་སྐྱོར་རྣམ་གྲངས་290ལག་བསྟར་བྱས།

    དམངས་ལ་ཕན་བདེ་བསྐྲུན་པས་དམངས་འཚོའི་ཕུགས་འདུན་མངོན་དུ་གྱུར།

      སྤྱི་ཚོགས་འགན་སྲུང་ནི་དམངས་འཚོའི་རྟེན་གཞི་ཡིན། ལོ་ལྔའི་རིང་ལ། རང་ཁུལ་གྱིས་དཀའ་ངལ་ཆེ་བའི་མང་ཚོགས་དང་། ཆེས་ཐད་ཀའི་ཁེ་ཕན། ཆེས་དངོས་ཡོད་ཀྱི་དོ་ཁུར་བཅས་ལ་དམིགས་ནས་སྣ་མང་ཅན་གྱི་འགན་ལེན་མ་ལག་བཙུགས་ཡོད། གྲོང་གསེབ་ཀྱི་ངལ་རྩོལ་བ་ཁྲི་75.85དང་། ལས་ཞུགས་དབུལ་སྐྱོར་རྟེན་གཞི་13གནས་སྤར་བ་དང་། ལས་ཞུགས་དབུལ་སྐྱོར་གྱི་སྟེགས་བུ་163བསྐྲུན། སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་མི་ཁྲི་13823བཀོད་སྒྲིག་བྱས་ལ། ཁུལ་ཡོངས་ཀྱི་དབུལ་ཁྱིམ་གྱི་ངལ་རྩོལ་ནུས་ཤུགས་ཐེངས་38018ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ་དང་། མཁོ་བསྟུན་རང་བཞིན་གྱི་སྤྱི་ཕན་ལས་གནས་8449གསར་སྤེལ་བྱས་ནས་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་4.07གསར་དུ་ལས་གནས་སུ་ཞུགས་ཡོད།
      ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་གཞི་རྩའི་རྒན་གསོ་འགན་བཅོལ་དང་ལས་རྨས་འགན་བཅོལ་མངོན་འགྱུར་ཡོང་བར་བྱས་ནས། གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་ཁྲི་60.7དང་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི་85.4ཟིན་ཏེ་བསྟུད་མར་ལོ་16རིང་ལ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་རྒན་གསོའི་མ་དངུལ་དང་ལས་རྨས་འགན་བཅོལ་གྱི་ཐོབ་ཐང་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་དང་དབང་བོ་སྐྱོན་ཅན་གྱི་གསབ་དངུལ་རིགས་གཉིས་ཀྱི་ཚད་གཞི་བརྟན་པོའི་ངང་མཐོ་རུ་བཏང་ཡོད།

 ཁ་ཕྱོགས་གསལ་བོར་བསྟན་པས་འབྱུང་འགྱུར་འོད་ཀྱིས་ཁེངས།


      ལྔ་འཆར་བཅུ་གསུམ་པ་ནས་བཟུང་། རང་ཁུལ་གྱིས་སློབ་གསོའི་ལས་དོན་འཐུས་སྒོ་ཚང་བར་བྱས། ལོ་5ཡི་ནང་དུ་ཁུལ་ཡོངས་ཀྱི་སློབ་གསོའི་འགྲོ་གྲོན་ཁྱོན་སྒོར་དུང་ཕྱུར་180.92བཏང་ཡོད།
      ད་སྐབས་རང་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོར་སྐྱོད་སྐབས་སློབ་གྲྭ་ཆུང་འབྲིང་ཚང་མར་དྲྭ་རྒྱ་འབྲེལ་ཡོད་པ་དང་། སྣ་མང་ཅན་གྱི་སློབ་ཁང་དང་། རྩིས་འཁོར་དྲྭ་སྦྲེལ་སློབ་ཁང་། ཕབ་གཏོང་སློབ་ཁང་བཅས་བསྐྲུན་ཡོད། སློབ་གྲྭར་འགྲོ་རྒྱུ་ཡོད་པ་ནས་སློབ་གྲྭ་ར་ལེགས་པར་འགྲིམ་པའི་བར་བྱིས་པ་ཚང་མར་འདྲ་མཉམ་དང་སྤུས་ལེགས་ཀྱི་སློབ་གསོ་མྱོང་དུ་འཇུག་རྒྱུ་ཕུགས་འདུན་ནས་དངོས་ཡོད་ལ་འགྱུར་བཞིན་ཡོད།
      སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་རྒྱུ་དེ་སྒྲིག་བཀོད་ཆ་ཚང་བ་ཡིན་པར་དགེ་རྒན་གྱི་བྱང་ཚད་དང་། སློབ་མའི་འཇོན་ཐང་། སློབ་གྲྭའི་རིག་གནས་སོགས་དོ་སྙོམས་ཡོང་བ་བྱ་རྒྱུ་དེ་རེད། འཇོན་ནུས་སྤུས་ལེགས་ཀྱི་དགེ་རྒན་དཔུང་སྡེ་བསྐྲུན་ཆེད། ལོ་ལྔའི་རིང་ལ། རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་དགེ་རྒན་1815ཇེ་མང་དུ་བཏང་བ་དང་། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་སྒོའི་ཆུ་ཚད་རྒྱུགས་ལེན་ལམ་ལུགས་གྱི་དང་དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་ལམ་སྲོལ་བཙུགས། ད་ལོར་ཆེད་ལས་རིག་ཚན་གྱི་དགེ་རྒན་1973ཇེ་མང་དུ་བཏང་བ་དང་ཆེས་དབུལ་བོའི་རྫོང་གི་མཐོ་རིམ་སློབ་ཆེན་ཀྱི་དགེ་འོས་སློབ་མ་14དམིགས་ས་བཀར་ནས་གསོ་གྱིང་བྱས།


ནད་པར་སྨན་བཅོས་ཐུབ་པས་དམངས་ཡོངས་ཀྱི་བདེ་ཐང་རྣམ་པ་ཆགས།

      དམངས་ཡོངས་ལ་བདེ་ཐང་མ་བྱུང་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཐབས་མེད། འདས་ཟིན་པའི་ལོ་ལྔའི་ནང་། རང་ཁུལ་གྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་ནས་འཛུགས་སྐྲུན་རྣམ་གྲངས་119ལེགས་སྒྲུབ་བྱས་པར་མ་དངུལ་སྒོར་དུང་ཕྱུར་10.41བཏང་ཡོད། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཞིང་། ཁྱིམ་ཚང་སྨན་པའི་གན་འཇོག་ཚོགས་པ་668བཙུགས་པ་དང་། སྤྱིར་བཏང་མི་ཚོགས་ཀྱིས་གན་རྒྱ་འཇོག་ཚད་བརྒྱ་ཆ་62.4ཟིན་ཡོད། སྨན་བཅོས་འཕྲོད་བསྟེན་དང་། སྤྱི་བའི་འཕྲོད་བསྟེན། མ་བུའི་བདེ་ཐང་། འཕྲོད་བསྟེན་ལྟ་སྐུལ། ཁྲག་འཚོལ་བསྡུ་དང་ཁྲག་མཁོ་འདོན། གསོ་རིག་སློབ་གསོ་སོགས་ཀྱི་མ་ལག་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་སྟེ་ཞབས་ཞུའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་།
      རང་ཁུལ་གྱིས་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། སྨན་རྫས་ཀྱི་གྲུབ་ཆའི་སྒྱུར་བཅོས་མུ་མཐུད་དུ་སྲ་བརྟན་དང་མང་ཚོགས་ཀྱི་སྨན་རིན་གྱི་ཁུར་བོ་ཇེ་ཡང་དང་། གླ་ཕོགས་ལམ་ལུགས་དང་ནད་རིགས་རྐྱང་བའི་སྨན་རིན་སྤྲོད་པའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་སྣ་མང་ཅན་དུ་བཏང་ལ།སྨན་རིན་ལྷན་སྤྲོད་བྱེད་པ་དང་། ནད་རིགས་རྐྱང་བའི་སྨན་རིན་སྤྲོད་པ། སེམས་ཁམས་རིགས་ཀྱི་ནད་ཡམས་ཀྱི་སྨན་རིན་སྤྲོད་པའི་སྒྱུར་བཅོས་སོགས་སྨན་བཅོས་འགན་བཅོལ་གྱི་སྨན་རིན་སྤྲོད་སྟངས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་2021ལོའི་རིམ་དབྱེའི་སྨན་བཅོས་ཚོད་སྐོར་ལས་དོན་ལེགས་སྒྲུབ་བྱས།


 སྡོད་ཁང་གསར་བ་ཡོད་པས་མང་ཚོགས་སྐྱིད་ལ་རོལ།
      ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལ་སྐུལ་འདེད་དང་།ལམ་སྲོལ་སྔར་བས་འཐུས་ཚང་དང་། མ་དངུལ་གྲབས་གསོག་དང་། ཁང་བ་བཤིག་སྤོ། ལས་གྲྭའི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་ནས། སྡོད་ཁུལ་རྙིང་བ་64ཕྱོགས་ཡོངས་ནས་སྒྱུར་བཀོད་བྱས་ནས་ཁྱིམ་ཚང་7330ལ་ཕན་ཐོགས་ལ། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་747སྒྱུར་བཀོད་བྱས་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱས། མིག་སྔའི་བར་དུ་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་3.7བསྐྲུན་ཡོད།
      རྔ་ཁུལ་གྱི་དམངས་འཚོའི་གནད་འགག་དང་གནད་དོན་ནུས་ལྡན་ངང་ཐག་བཅད་ཡོད་མོད། འོན་ཀྱང་དམངས་འཚོའི་འགན་ལེན་དང་དམངས་འཚོ་ལེགས་སུ་གཏོང་བར་མཐའ་དང་མཚམས་མེད་པས་མུ་མཐུད་དུ་ཇེ་ལེགས་ཇེ་རྒྱས་སུ་གཏོང་དགོས།
      སེམས་ཤུགས་གཅིག་སྒྲིལ་གྱིས་ཁོར་ཡུག་མཛེས་པ་དང་གྲོང་གསེབ་མཛེས་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཛེས་པ་བཅས་ལ་སྐུལ་འདེད་བཏང་བས་རྔ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ངོ་མཚར་ཆེ་བའི་འགྱུར་ལྡོག་བྱུང་ཡོད།

      དམངས་འཚོ་ནི་དམངས་སེམས་དང་འབྲེལ་ཡོད། དུས་རབས་གསར་བ་དང་མགོ་འཛུགས་ས་གསར་བའི་ཐོག་ལངས་ནས་དུས་བབ་གསར་བ་དང་ལས་འགན་གསར་བར་དམིགས་ནས་རང་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་སྐྱིད་ཟབ་ཏུ་བཏང་སྟེ་དམངས་ཀྱི་རེ་སྒུག་དེ་སྲིད་དོན་གྱི་ཁ་ཕྱོགས་སུ་བརྩི་བ་དང་། དམངས་ཀྱི་དགོས་མཁོ་དེ་སྲིད་སྐྱོང་བྱ་ཡུལ་དུ་བརྩི་བ། དམངས་སྲིད་བྱ་གཞག་གི་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་དམངས་འཚོ་གསར་དུ་བཏོད་པས། རྔ་ཁུལ་མི་དམངས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་འཚོ་བ་རོལ་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1