༄༅།།ཀ་པི་ལིའི་ཡུལ།

རྩོམ་པ་པོ། དུང་དཀར་བློ་བཟང་ཕྲིན་ལས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དུང་དཀར་ཚིག་མཛོད་ཆེན་མོ། སྤེལ་དུས། 12-27


 ཀ་པི་ལིའི་ཡུལ་ནི་རྒྱ་གར་གྱི་གྲོང་ཁྱེར་སེར་སྐྱའི་མིང་ཡིན་ཅིང༌། བཅོམ་ལྡན་འདས་སྐུ་འཁྲུངས་པའི་གནས་ཡིན། སློབ་དཔོན་ཐང་སེན་ཙང་གིས་མཛད་པའི《རྒྱ་གར་ལམ་ཡིག》ལས་སེར་སྐྱའི་གྲོང་ཁྱེར་གྱི་ཤུལ་ལ་མཐའ་བསྐོར་དུ་ལེ་དབར་བཅོ་ལྔ་ཙམ་དང༌། གྲོང་སྟོང་བཅུ་ལྷག་ཙམ། ལྷ་ཁང་གོག་པོ་མང་པོ། ཕོ་བྲང་གི་ལྟེ་བར་ལྷུམ་ཞུགས་མཆོད་རྟེན་གྱི་ཤུལ་བཅས་དང༌། རྒྱལ་པོ་ཟས་གཙང་གི་སྐུ་བརྙན། དེ་དང་ཉེ་བར་ཡུམ་སྒྱུ་འཕྲུལ་ཆེན་མོའི་སྐུ་བརྙན་མ་ཧཱ་ཛོ་གི་ནིར་གྲགས་པ་དང༌། གྲོང་ཁྱེར་གྱི་སྒོ་བཞིར་གཞོན་ནུ་དོན་གྲུབ་ཀྱི་སྐུ་རེ་དང༌། རྒ་ན་འཆི་བའི་སྡུག་བསྔལ་གྱིས་མནར་བ་དང༌། དགེ་སློང་གི་རྣམ་པ། གྲོང་ཁྱེར་གྱི་ནུབ་བྱང་དུ་རྒྱལ་པོ་འཕགས་སྐྱེས་པོས་ཤཱཀྱ་རྣམས་བསད་པའི་གནས་དང༌། དེ་དག་གི་རུས་པ་བཅུག་པའི་མཆོད་རྟེན་བརྒྱ་སྟོང་མང་པོ། གཞོན་ནུ་དོན་གྲུབ་གཞོན་ནུའི་རོལ་རྩེད་ཀྱི་མཛད་པ་བསྟན་པའི་ཤུལ་སོགས་ཡོད་ཅེས་གསལ། བཙན་པོ་པཎྜིཏས་མཛད་པའི《འཛམ་གླིང་རྒྱས་བཤད》ལས། བཅོམ་ལྡན་འདས་སྐུ་བལྟམས་པའི་གནས་ལུམ་བིའི་ཚལ་དེ་ནི། གྲོང་ཁྱེར་སེར་སྐྱའི་ཤར་ཕྱོགས་མལ་ལེ་ལྔ་དྲུག་ཙམ་གྱི་ས་ན་ཡོད་པར་བཤད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《རྒྱ་གར་ལམ་ཡིག》ལས། ལུམ་བིའི་ཚལ་དེ་ལ་དེང་སང་ཡོང་གྲགས་སུ་རུ་མན་དེ་ཞེས་འབོད་པ་ད་ང༌། གནས་དེར་རྒྱལ་པོ་མྱ་ངན་མེད་ཀྱིས་བཙུགས་པའི་རྡོ་རིང་ཞིག་གི་ངོས་སུ། རྒྱལ་པོ་ཁྲི་ལོ་ཉེར་གཅིག་པ་ལ་ཕྱོགས་དེར་སླེབས་ཤིང༌། ཕྱོགས་འདིར་སངས་རྒྱས་འཁྲུངས་སོ་ཞེས་རྡོ་རིང་བསླང་བ་ཡིན་བྱ་བའི་ཡི་གེ་འཁོད་པ་ཞིག་དེང་སང་ཡང་མཇལ་རྒྱུ་ཡོད་ཅེས་གསུངས། ཞིབ་པར་གོང་གསལ་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་གསུམ་པོ་དེར་གསལ་ལོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1