ས་སྐྱ་རྫོང་སློབ་འབྲིང་གི་སློབ་མའི་རིག་རྩལ་སྣ་འཛོམས་ཀྱི་ཉམས་བཟང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-28




          ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་སློབ་འབྲིང་གིས་ཚོགས་པའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སློབ་གྲྭའི་འཚོ་བ་ཕུན་སུམ་ཚོགས་པར་བཏང་བ་དང་། མི་སྣ་གསོ་སྐྱོང་བྱེད་པའི་ཁོར་ཡུག་ཇེ་བཟང་དུ་བཏང་ཏེ། ཤེས་ཡོན་དང་འཇོན་ཐང་ལྡན་པའི་ས་སྐྱའི་སློབ་མ་རབ་དང་རིམ་པ་བསྐྱངས་དང་སྐྱོང་བཞིན་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། སློབ་མའི་སློབ་གསེང་གི་སྤྲོ་སྣང་དང་དགའ་ཕྱོགས་གསོ་སྐྱོང་བྱ་ཆེད། 2009ལོར་སློབ་གྲྭས་གཟའ་མཇུག་གི་དུས་ཚོད་སྤྱད་དེ་སྤྲོ་སྣང་ཚོ་ཆུང་རྩ་འཛུགས་བྱེད་འགོ་བཙུགས་པ་རེད། དེའི་སྐབས་སུ་དགེ་རྒན་རྣམ་པས་རིམ་གྱིས་སློབ་མ་རྣམས་སྒྱུ་རྩལ་གྱི་ལྷན་སྐྱེས་ཤེས་རབ་ལྡན་པ་དང་། སྤྲོ་སྣང་ཚོགས་ཆུང་ལ་ཞུགས་མཁན་ཡང་ཤིན་ཏུ་མང་བ་ཤེས་རྟོགས་བྱུང་བ་རེད།


ས་སྐྱ་རྫོང་སློབ་འབྲིང་གི་བོད་ཡིག་ཡིག་གཟུགས་ཚོགས་པས་སློབ་ཁྲིད་འཚོག་པ།

ས་སྐྱ་རྫོང་སློབ་འབྲིང་གི་དམངས་ཁྲོད་རོལ་མོའི་ཚོགས་པས་སློབ་ཁྲིད་འཚོག་པ།
          2013ལོའི་ཟླ9པར། ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཁྲེན་ཧྥེང་ཀོང་གི་སྣེ་ཁྲིད་འོག སློབ་གྲྭས་སྤྲོ་སྣང་ཚོ་ཆུང་དེ་ཚོགས་པར་བསྒྱུར་བ་དང་། ཚོགས་པའི་སློབ་ཚན་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི“སློབ་མའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། སོ་སོའི་རང་གཤིས་ཁྱད་ཆོས་འཕེལ་རྒྱས་སུ་གཏོང་བ། སློབ་མའི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་བ།”བཅས་ཡིན་པ་ཁ་གསལ་པོར་བཏོན་པ་མ་ཟད། སྔར་གྱི་སྤྲོ་སྣང་ཚོ་ཆུང་གི་རྨང་གཞིའི་སྟེང་དུ་རང་གི་གདམ་ག་དང་སྐུལ་ལྕག་ཁྲིད་སྟོན་བྱེད་པ་ཟུང་དུ་འབྲེལ་བའི་རྩ་དོན་ལ་བརྟེན་ནས། སློབ་མ་རྣམས་ཧུར་ཐག་སྒོས་དེའི་ནང་ཞུགས་ནས་རང་ཉིད་ལ་དབང་བའི་སློབ་ཁྲིད་གཉིས་པ་ཞིག་འཚོལ་དུ་བཅུག་པ་རེད།

ས་སྐྱ་རྫོང་སློབ་འབྲིང་གི་བརྒྱངས་དཀྲོལ་ཚོགས་པའི་ཁོངས་མིས་སོ་སོའི་སྒྱུ་རྩལ་གྱི་འཇོན་ཐང་ངོམ་པ།

ས་སྐྱ་རྫོང་སློབ་འབྲིང་གི་པི་ཝང་ཚོགས་པས་སློབ་ཁྲིད་འཚོག་བཞིན་པ།
          སློབ་གསོ་འཕེལ་རྒྱས་གཏོང་བར་དགེ་རྒན་རྩ་བར་འཛིན་དགོས། དགེ་རྒན་གྱི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་དམན་གྱིས་སློབ་གྲྭའི་སློབ་གཉེར་སྤུས་ཚད་ཐག་གཅོད་བྱེད་བཞིན་ཡོད། དེར་བརྟེན་སློབ་གྲྭས་ཚོགས་པའི་མཛུབ་ཁྲིད་དགེ་རྒན་གདམ་གསེས་མཐུན་སྦྱོར་ལེགས་པོ་བྱས་ནས། སློབ་མའི་དགའ་མོས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་འཚམ་པ་བྱ་ཆེད། དེ་སྔའི་སྤྲོ་སྣང་ཚོ་ཆུང་རྨང་གཞི་བྱས་ནས་ཚོགས་པ14བཙུགས་པ་རེད།


ས་སྐྱ་རྫོང་སློབ་འབྲིང་གི་མཛེས་རྩལ་ཚོགས་པས་སློབ་ཁྲིད་འཚོག་པ།

ས་སྐྱ་རྫོང་སློབ་འབྲིང་གི་ཞབས་བྲོ་ཚོགས་པས་ས་སྐྱའི་སོག་བྲོ་སྦྱོང་བ།
          2015ལོར་ཚོགས་པས་ཚོགས་མི་གསར་པ་བསྡུ་སྐབས། སློབ་མ་ཚོ་དེར་ཞུགས་ཚད་ཧ་ཅང་མཐོ་བས་ཚོགས་པ་ཁག་ཅིག་གི་མི་གྲངས་མང་དྲགས་ནས་རྒྱུན་ལྡན་ངང་སློབ་ཁྲིད་བྱ་མི་ཐུབ་སྟབས། སློབ་གྲྭའི་ཚོགས་པའི་སློབ་ཁྲིད་ཁྱོན་ཡོངས་ནས་བཅོས་སྒྲིག་བྱས་ཏེ། ས་སྐྱ་ལེགས་བཤད་ཚོགས་པ་དང་། ལྷ་མོའི་ཟློས་གར་ཚོགས་པ། ས་སྐྱའི་སོག་བྲོ་ཚོགས་པ་སོགས་ཁྱད་ལྡན་ཚོགས་པ་མང་དུ་བཏང་བ་མ་ཟད། ད་དུང་གཞོན་ནུ་ལོ་ཆུང་ཚོས་དགའ་པོ་བྱེད་པའི་རྩིས་འཁོར་ཚོགས་པ་དང་། པར་ལེན་ཚོགས་པ། ཚན་རྩལ་ཚོགས་པ། ལྡུམ་རའི་ལག་རྩལ་ཚོགས་པ་སོགས་ཀྱང་བཙུགས་ཡོད་པ་རེད།


ས་སྐྱ་རྫོང་སློབ་འབྲིང་གི་སྐྲ་བཞར་ཚོགས་པའི་སློབ་མས་དགེ་རྒན་གྱི་མཛུབ་ཁྲིད་འོག་སློབ་མ་གཞན་པའི་སྐྲ་བཞར་བ།

ས་སྐྱ་རྫོང་སློབ་འབྲིང་གི་ལག་ཤེས་ཤོག་དྲས་ཚོགས་པའི་སློབ་མས་རང་ཉིད་ཀྱི་བརྩམས་ཆོས་ལེགས་འགྲུབ་བྱེད་པ།
          ད་ལྟ་ས་སྐྱ་རྫོང་སློབ་འབྲིང་གི་ཚོགས་པའི་ལས་དོན་རྒྱུན་ལྡན་ངང་སྤེལ་འགོ་ཚུགས་ལ། མིག་སྔར་སློབ་གྲྭར་ས་སྐྱའི་སོག་བྲོ་ཚོགས་པ་དང་། དམངས་ཁྲོད་རོལ་དབྱངས་ཚོགས་པ། གླུ་གཞས་ཚོགས་པ། པི་ཝང་ཚོགས་པ། དབྱང་ཆིན་རོལ་དབྱངས་ཚོགས་པ། ཞབས་བྲོ་ཚོགས་པ། རྐང་རྩེད་སྤོ་ལོའི་ཚོགས་པ། མཛེས་རྩལ་ཚོགས་པ། བརྒྱངས་དཀྲོལ་ཚོགས་པ། བོད་ཡིག་ཡིག་བཏགས་ཚོགས་པ་སོགས་ཁྱོན་ཚོགས་པ49ཡོད་ཅིང་། བྱེད་སྒོའི་ནང་ཞུགས་མཁན་སློབ་མ་ནི་དམའ་འབྲིང་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པའི་སློབ་མ་ཡོངས་ཡིན། ཚོགས་པའི་བྱེད་སྒོ་ཡང་སྔོན་ཆད་ཀྱི་གཟའ་འཁོར་གཉིས་ལ་ཐེངས་རེ་ནས་གཟའ་འཁོར་རེ་ལ་ཐེངས་རེ་སྤེལ་བ་དང་། དེ་དངོས་སུ་སློབ་ཁྲིད་རེའུ་མིག་ནང་བཅུག་པ་རེད།
          ས་སྐྱ་རྫོང་སློབ་འབྲིང་དུ་ཚོགས་པ་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བ་ལས་གཞན། ཕྱོགས་གཞན་དག་གི་རྨང་གཞིའི་སྒྲིག་བཀོད་ཀྱང་རྩེ་གྲ་ཡོད་དེ། སློབ་གྲྭས་གསར་དུ་སྒྲིག་སྦྱོར་བྱས་པའི་སློབ་ཁང་གསར་པ་དང་། ཉལ་ཁང་གསར་པ། སྨན་བཅོས་ཁང་དང་ཚོད་ལྟ་ཁང་སོགས་བེད་སྤྱོད་གཏོང་བཞིན་ཡོད། སློབ་གྲྭའི་སློབ་ཁང་དུ་ཆ་འཕྲིན་ཅན་གྱི་སློབ་གསོ་སྤྱད་པ་སྟེ། སློབ་ཁྲིད་བྱེད་སྐབསPPTསྤྱོད་པ་དང་། སློབ་ཁང་གི་གློག་ཀླད་དྲ་བ་དང་སྦྲེལ་ན་སློབ་ཚན་མང་པོ་སྟོན་ཐུབ་པ་མ་ཟད། ད་དུང་ས་གནས་ཁག་གི་སྤུས་ལེགས་སློབ་ཁྲིད་ཀྱི་ཐོན་ཁུངས་དག་སློབ་མར་མཉམ་སྤྱོད་ཀྱང་བྱེད་ཐུབ་པ་རེད།
          སློབ་གྲྭའི་དགེ་སློབ་རྣམས་ཕྱི་ལ་སོང་ནས་བགྲོ་གླེང་བྱེད་པའི་གོ་སྐབས་ཀྱང་མང་དུ་ཕྱིན་ཡོད་དེ། བོད་ལྗོངས་ཀྱི་ཕྱི་ནང་ངམ་ཡང་ན་དྲ་ཐོག་དང་ཡུལ་དངོས་གང་ཡིན་རུང་། དགེ་རྒན་ཚོར་སློབ་གྲྭའི་མནའ་འབྲེལ་ཉམས་མྱོང་སྤེལ་རེས་བྱེད་པའི་སྟེགས་བུ་ལེགས་པོ་ཞིག་ཡོད་ལ། དེ་དང་ཆབས་ཅིག་སློབ་ཁྲིད་ཀྱི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད། “འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་སློབ་མ་ཚོས་ཟ་མའི་འཚོ་བཅུད་དོ་སྙོམས་ཡོང་རྒྱུར་སྔར་ལས་སྣང་ཆེན་བྱེད་པ་མ་ཟད། ཆར་པ་བབས་ཀྱང་འདམ་མེད་ལ་རླུང་འཚུབ་ལྡང་རུང་ཐལ་རྡུལ་མེད་པའི་འགྱིག་བཟོས་ལུས་རྩལ་ཐང་ཡང་བེད་སྤྱོད་བྱེད་བཞིན་ཡོད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1