གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༢༩ཉིན།

བོད་ལྗོངས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།



         ཟླ12པའི་ཚེས25ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་ཐོག2021ལོའི་དཔལ་འབྱོར་ལས་དོན་ལ་སྤྱི་སྡོམ་དང་དེང་སྐབས་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ། 2022ལོའི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། 
        ཚོགས་འདུའི་ཐོག 2021ལོར་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་ཡིན་པ་བསྟན།
        བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའ་ཅི་ཝང་ཅུན་ཀྲེང་གིས་གྲོང་གསེབ་དར་སྤེལ་ནི་དུས་རབས་གསར་བའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞི་ཡིན་པས། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོའི་ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་ཀྱི་གནད་དོན་ལ་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། གྲོང་གསེབ་དར་སྤེལ་གྱི་ལས་དོན་ལེགས་པོར་སྒྲུབ་ཏེ། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བ་དང་ནུས་ཆེ་སྒོའི་འཕེལ་རྒྱས་འགྲོ་བ་དང་། རོང་འབྲོག་ཁུལ་འཚོ་སྡོད་དང་ལས་རིགས་ལ་འཚམ་པ། རོང་འབྲོག་མང་ཚོགས་འབྱོར་ཕྱུག་ལྡན་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
        ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཐད་ཞིབ་ཕྲའི་ལས་འགན་ཁག་བཞི་བཏོན་ཡོད་དེ།
        གཅིག དབུལ་ཐར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། “མི་གཏོང་བ་བཞི”མཐའ་འཁྱོངས་བྱེད་པ། དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། གནས་སྤོར་བཀོད་སྒྲིག་དང་ཐོན་ལས་ལས་ཞུགས། སྤྱི་པའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དབུལ་སྐྱོར་ཐོན་ལས་གྱི་རིམ་པ་སྤོར་བའི་བྱ་འགུལ་ལག་བསྟར་བྱེད་པ། ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་དུ་སྤེལ་བ་བཅས་བྱས་ཏེ། དབུལ་ཐར་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་འཕར་ཚད་དེ་ཞིང་སྡེའི་མི་འབོར་གྱི་ཡོང་འབབ་འཕར་ཚད་ལས་མཐོ་བར་འགན་ལེན་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཚད་མཐའ་མི་འབྱུང་བར་བརྟན་སྲུང་ཏན་ཏིག་བྱ་དགོས།
        གཉིས། འབྲུ་རིགས་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱས་ཏེ། ནས་ཀྱི་བདེ་འཇགས་ལ་ཏང་སྲིད་འགན་འཁྲི་གཅིག་མཚུངས་ལག་བསྟར་བྱེད་པ་དང་། རྨོ་ཞིང་དང་རྩྭ་སའི་དམར་ཐིག་ནན་མོ་སྲུང་བ། འདེབས་འཛུགས་ལས་རིགས་མཐོར་འདེགས་སུ་གཏོང་བའི་ལས་གཞི་ལག་བསྟར་ཤུགས་ཆེན་བྱེད་པ། ནས་དང་འབྲི་གཡག་སོགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་གསོག་འཇོག་ལས་དོན་ཏན་ཏིག་ངང་ལེགས་པོར་སྒྲུབ་པ་བཅས་བྱེད་དགོས།
        གསུམ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་གཏིང་ཟབ་ལག་བསྟར་བྱས་ནས་མ་དངུལ་དང་རྣམ་གྲངས། དངོས་ཤུགས། མི་ཤུགས་སོགས་རོང་འབྲོག་ཁུལ་དུ་ཁ་ཕྱོགས་རྒྱུར་ཁྲིད་སྟོན་བྱས་ཏེ། སྤྱི་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་གཙོ་གནད་རོང་འབྲོག་ཁུལ་དུ་བཞག་ནས། གྲོང་གསེབ་ཀྱི་གཞུང་ལམ་བདེ་བགྲོད་ཐུབ་པ་དང་ཆུ་དང་གློག་མཁོ་འདོན་ལས་དོན་ལ་འགན་ལེན་བྱེད་པ། གྲོང་ཚོའི་རྣམ་པ་ལེགས་བཅོས། ནུས་ཁུངས་གཙང་མ་འཛུགས་སྐྲུན། གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་མཐོར་འདེགས་སུ་གཏོང་བ་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ།
        བཞི། གྲོང་གསེབ་ཀྱི་བཅོས་སྐྱོང་ལ་མཁས་པའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རོང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ཇེ་ལེགས་སུ་གཏོང་བ། དུས་རབས་གསར་བའི“ཧྥིན་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། “བརྒྱད་ལྔ”ཚན་རིག་ཁྱབ་གདལ་དུ་གཏོང་བའི་བྱ་སྤྱོད་རྒྱ་ཆེར་སྤེལ་ཏེ། རོང་འབྲོག་མང་ཚོགས་ཀྱིས་བྱ་བ་སྒྲུབ་སྐབས་བཅའ་ཁྲིམས་ལ་གཞིགས་པ་དང་། དོན་དག་ལ་འཕྲད་སྐབས་བཅའ་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་བཅའ་ཁྲིམས་ལ་བརྟེན་པ་བཅས་བྱ་རྒྱུ་ཁྲིད་སྟོན་བྱེད་པ། རོང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཤུགས་སྣོན་པ་བཅས་བྱེད་དགོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1