གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

བསོད་ནམས་དབང་ཕྱུག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༢༩ཉིན།

༄༅།། བོད་ཀྱི་གསོ་རིག་མཁས་དབང་བསྟན་སྲུང་གྲགས་པའི་དགོངས་པ་དང་འབྲེལ་ཏེ་སྦྱོང་བྱེད་ལས་ལྔའི་མཆོག་གྱུར་བཤལ་གྱི་གནད་འགར་དཔྱད་པ།


 བསོད་ནམས་དབང་ཕྱུག
[ནང་དོན་གནད་བསྡུས།] བོད་ཀྱི་གསོ་རིག་མཁས་དབང་བསྟན་སྲུང་གྲགས་པ་ནི་རིག་པའི་གཞུང་ལུགས་དང་ནད་ཐོག་ལག་ལེན་གཉིས་ཀར་བྱང་ཚད་ཤིན་ཏུ་མཐོ་ལ། ལྷག་པར་དུ་སྦྱོང་བྱེད་ལས་ཀྱི་ཐད་ལ་ཀུན་གྱིས་ཁས་འཆེ་བའི་གཞི་འཛིན་གྱི་རིགས་གཅིག་མཁས་དབང་ཞིག་ཡིན་པས། ཁོང་ཉིད་ཀྱི་དགོངས་པ་དང་འབྲེལ་ཏེ་ལས་ལྔའི་མཆོག་གྱུར་བཤལ་གྱི་གནད་འགར་དཔྱད་པ་ནི་ཐབས་ལམ་དང་། གནད་རེ་རེར་ཉམས་ཡིག་དང་ནད་ཐོག་མྱོང་བྱང་དངོས་ལ་སྦྱར་ནས་ཞིབ་ཚགས་ཅན་དང་གཞུང་ལུགས་ཅན་དུ་བཀྲོལ་བ་ནི་དམིགས་ཡུལ་དང་གསར་གཏོད་ཀྱི་ཆ་ཡིན།
[གནད་ཚིག] བསྟན་སྲུང་གྲགས་པ། བཤལ། དགོངས་དོན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214” [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།]  1002-9060-2021-01-0155-12
          བོད་ཀྱི་གསོ་བ་རིག་པའི་དོན་རྣམས་མདོར་བསྡུས་ན་གསོ་བྱ་དང་། གསོ་བྱེད། ཇི་ལྟར་གསོ་བ། གསོ་བ་པོ་བཅས་རྣམ་པའམ་རྩ་བ་བཞི་རུ་བཤད་ཡོད་པ་དང་། དེ་ལས་གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ནི་ཟས་སྤྱོད་སྨན་དཔྱད་བཞི་རུ་མ་འདུས་པ་མེད་ཅིང་། དེ་ལས་ཟས་སྨན་གཉིས་ནི་ནད་ཅན་དང་ནད་མེད་གཉིས་ཀྱིས་ཐུན་མོང་དུ་སྤྱོད་པ་དང་། སྒོས་སུ་སྨན་ལ་ཞི་བྱེད་དང་སྦྱོང་བྱེད་གཉིས་སུ་དབྱེ་བར་མ་འདུས་པ་མེད། ཞི་བྱེད་སྨན་ནི་བོད་ཀྱི་གསོ་བ་རིག་པའི་ནད་ཐོག་ལག་ལེན་གྱི་སྟེང་ཁྱབ་ཚད་ཧ་ཅང་ཆེ་ཞིང་དེ་ལ་ཞིབ་འཇུག་དང་དོ་སྣང་ཤུགས་ཆེར་གནང་ཡོད། སྦྱོང་བྱེད་སྨན་དང་དེའི་ལག་ལེན་ཆ་ཚང་ནི་གཞུང་རྙིང་སྔ་མ་དང་ཉམས་ཡིག་ཁག་ལས་མང་དུ་ཐོན་ཞིང་ཟབ་ཚད་ཀྱང་ཤིན་ཏུ་ཆེ་བ་ནི་ཀུན་གྱིས་ཤེས་གསལ་ལྟར་མོད། དུས་ཕྱིས་སུ་རྩ་སྦྱོངས་གཙོ་བྱས་སྦྱོང་བྱེད་ལས་དང་དེའི་ནད་ཐོག་ལག་ལེན་གནད་འགག་ཅན་མང་པོའི་རྒྱུན་འཆད་ལ་ཉེ་བར་གྱུར་པ་དག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཐད་ལ་ཤ་འབད་རུས་འབད་གནང་མཁན་ནི་བོད་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་གི་གསོ་རིག་མཁས་དབང་ཆེན་མོ་བསྟན་སྲུང་གྲགས་པ་མཆོག་ཡིན་ཞིང་། ཁོང་གི་དྲིན་ལས་དེང་དུས་སྦྱོང་བྱེད་ལས་ཀྱི་ལག་ལེན་ཆ་ཚང་སླར་གསོ་དང་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ནས་བོད་ཀྱི་སྨན་ཁང་མང་པོ་ཞིག་ལ་རིམ་གྱིས་དར་ཞིང་། མདོ་དབུས་ཁམས་གསུམ་ན་སྦྱོང་བྱེད་ལག་ལེན་བརྒྱུད་འཛིན་དང་སློབ་སྦྱོང་། ཞིབ་འཇུག་གནང་མཁན་གྱི་ཚེ་རིག་འཛིན་པ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་ནི་མཁས་དབང་ཁོང་གི་གྲུབ་འབྲས་དང་རྣམ་དཔྱོད་ལས་འཁྲུངས་པ་ནི་མགྲིན་པ་གཟེངས་སུ་བསྟད་ནས་སྨྲ་བར་སྤོབས་ལ། སྦྱོང་བྱེད་ལས་ཀྱི་དགོངས་དོན་གང་རུང་ཞིག་ལ་ཞིབ་འཇུག་བྱས་ཚེ་མཁས་དབང་ཆེན་མོ་བསྟན་སྲུང་གྲགས་པའི་རིག་གཞུང་གི་ལྟ་བ་དང་ནད་ཐོག་ལག་ལེན་གྱི་མྱོང་བྱང་གཉིས་ལ་དཔྱད་གཞིའི་རིན་ཐང་ཆེས་ཆེར་ལྡན་པར་སེམས། དེ་བས་གུས་པས་མཁས་དབང་ཆེན་མོ་བསྟན་སྲུང་གྲགས་པ་མཆོག་རབ་འབྱམས་དང་འབུམ་རམས་ཞིབ་འཇུག་སློབ་མའི་ལོ་ངོ་དྲུག་གི་རིང་ལ་མཛུབ་སྟོན་དགེ་རྒན་དུ་བསྟེན་ཞིང་། ཁོང་གིས་བརྩམས་པའི་སྦྱོང་བྱེད་ལག་ལེན་གྱི་འབྲུ་འགྲེལ་ཀེ་ཏ་ཀ་དང་། དངོས་སྦྱོང་རིང་གི་ཁོང་གི་དཔེ་ཁྲིད་དང་ནད་ཐོག་ལག་ལེན་གྱི་ཟིན་བྲིས་སོགས་གཞིར་བཞག་སྟེ་དཔལ་ལྡན་རྒྱུད་བཞིའི་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་མཆོག་གྱུར་བཤལ་གྱི་གནད་འགའི་སྐོར་ལ་རང་བློས་དཔོག་ཚོད་ཀྱིས་དཔྱད་པར་བྱ་བ་ལ།
          དང་པོ། བརྟག་པ་གསུམ་ལས་འཕྲོས་པའི་གནད་འགའ།
          སྤྱིའི་ཆ་ནས་བོད་ཀྱི་གསོ་རིག་གི་གཞུང་ཕལ་མོ་ཆེའི་ནང་དུ་བརྟག་པའི་ཐབས་རྣམ་པ་གསུམ་ནི་སློང་བ་རྒྱུ་དང་། མཚན་ཉིད་རྟགས། ཕན་གནོད་གོམས་པ་བཅས་གསུམ་ཡིན་ཞིང་། སྐབས་འདིའི་ལས་ལྔའི་མཆོག་གྱུར་བཤལ་གྱི་བརྟག་པ་ལ་《ཕྱི་མ་རྒྱུད་》ལས། “དང་པོ་རུང་དང་མི་རུང་ནད་གཞི་བརྟག །རན་དང་མི་རན་དུས་ཚོད་བརྟག་པ་དང་། །ཐུབ་དང་མི་ཐུབ་ལུས་ཤེད་བརྟག་པར་བྱ། །”①ཞེས་བརྟག་པ་རྣམ་པ་གསུམ་པོ་ཅུང་དམིགས་བསལ་དུ་གསུངས་ཡོད་པས་ས་བཅད་ཀྱི་སྒྲོམ་གཞི་ལྟར་བརྟག་པ་གསུམ་ཞེས་བཏགས་པ་ཡིན། 
          རུང་དང་མི་རུང་ནད་གཞིའི་སྐོར་ལ་རྒྱུད་འགྲེལ་སྔ་མ་ཕལ་ཆེ་བ་གཅིག་མཐུན་ཡིན་ཞིང་སློབ་དཔོན་མཆོག་ནས་མི་རུང་བའི་ནད་གཞིའི་སྐོར་ལ་དམིགས་བསལ་གྱིས་དཔྱད་ཞིབ་བྱས་ནས་ལྟ་བ་བཏོན་པ་②ནི་ནད་ཐོག་ལས་བྱུང་བའི་ཉམས་མྱོང་ཡིན་པས་ལྷན་ཐབས་སུ་བཞག་ཆོག་པར་སྙམ། དེ་ནས་རན་མི་རན་གྱི་དུས་ཚོད་བརྟག་པ་ནི་བཤལ་གྱི་ལག་ལེན་ཧྲིལ་པོར་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། དུས་ངེས་པ་ཅན་དང་མ་བསྟུན་པར་བཤལ་བསྟེན་ན་གསོ་བྱའི་སྲོག་ལ་རྒོལ་བས་ན་གཟབ་དགོས་པ་གནད་ཆེ་བ་ཡིན། དུས་རན་པ་ལྟ་བུར་མཚོན་ན་མ་སྨིན་པ་སྨིན་པར་བྱེད་པ་དང་འཐོར་བ་འདུས་པ། འདྲིལ་བ་བཤིག་པ། གབ་པ་སློང་བ། ནད་སྟོབས་རྒྱས་པའི་དུས་སུ་སྦྱང་བར་བཅས་པ་བྱ་དགོས། ལག་ལེན་སྐབས་མན་ངག་རྒྱུད་དང་ཉམས་ཡིག་ཁག་གི་ནང་དུ་སྨན་སྦྱོར་མང་པོ་བསྟན་③ཡོད་ལ། ནད་ཐོག་ལག་ལེན་ཁྲོད་སྨིན་སྡུད་སོགས་ལ་དགོངས་ནས་ཐང་ཆེན་ཉེར་ལྔ་གཏོང་བ་ནི་རྒྱུག་ཆེ་བ་ཡིན། ཐ་མར་རུང་མི་རུང་གི་ལུས་ཤེད་བརྟག་པ་ལས། སྤྱིར་སྦྱོང་གཏོང་དུས་བརྟག་རྒྱུ་གལ་ཆེ་ཤོས་ནི་ཁ་ཟས་ཀྱིས་བོར་ཡོད་མེད་དང་རྩ་ཡི་ཤེད་ཤོར་ཡོད་མེད་གཉིས་ཡིན་ཏེ། ལུས་ཀྱི་ཟུངས་ཅུང་ཙམ་ཡོད་ཀྱང་ཟས་ཀྱིས་བོར་བ་སྟེ་ཟས་ཀྱི་རོ་མི་ཚོར་ཞིང་དང་གར་མི་འགྲོ་ན་སྦྱོངས་ཀྱིས་ནུས་པ་མི་འཐོན་པས་རྩ་བའི་ཆ་ནས་སྦྱོངས་གཏོང་མི་རུང་བའི་གནད་ཡིན་པས་བཤལ་སྨན་མི་རུང་ཞིང་། གལ་ཏེ་བཀྲུ་སྨན་བཏང་ན་དུག་བཏབ་པ་དང་མཚུངས་པར་བཤད་ལ། སློབ་དཔོན་མཆོག་གིས་ཀྱང་ནད་པ་གང་རུང་ཞིག་ལ་སྦྱོང་གཏོང་བའི་ལས་ལ་འཇུག་སྐབས་ཐོག་མར་ཟས་ཀྱི་བྲོ་བ་ཚོར་མི་ཚོར་དང་དང་ག་ཡོད་མེད་ནད་པ་གཅིག་ལའང་ཆད་ལྷག་མེད་པར་འདྲི་བ་རྒྱུན་འཁྱོངས་གནང་བ་ནི་རྒྱུད་ཀྱི་དགོངས་པ་དང་མཐུན་ལ་མཁས་པའི་ཁྱད་ཆོས་ཡིན་པའང་ཤུགས་སུ་རྟོགས་ཐུབ། འདིའི་སྐབས་འཇམ་རྩི་དང་ནི་རུ་ཧ་སྤེལ་མར་བཏང་བ་ནི་སྤྱིར་བཏང་སྦྱོངས་ཞན་པ་ལ་དགོངས་པར་འདོད་དེ། ཐོག་མར་འཇམ་རྩི་གཏོང་བ་ནི་བད་མཁྲིས་ཀྱི་ནད་སློང་ཞིང་རླུང་གནོན་པའི་ཆེད་དང་། དེ་ནས་ནི་རུ་ཧ་བཏང་བ་ནི་དང་ག་འགག་པ་སེལ་འགྲོ་བའི་གོ་རིམ་ལྟར་ཡིན་ཞིང་། ཟུངས་ཀྱི་སྒོ་ནས་ཟུངས་རྒྱས་པ་ལ་སླར་ཡང་སྦྱོངས་གཏོང་བ་དང་། ཟུངས་ངན་པ་ལ་འཇམ་རྩིས་རྒྱུ་མའི་བད་མཁྲིས་དག་པར་བྱེད་པ་དང་། ནི་རུ་ཧས་རླུང་ཁ་གནོན་པ་དང་སྨད་ཀྱི་དྲོད་གསོ་བས་སྤེལ་མར་གཏོང་བའི་གནད་ཀྱང་རྒྱུད་④རང་ངོས་ནས་གསལ་པོར་རྟོགས་ལ་གལ་གནད་ཅིག་ཀྱང་ཡིན་ནོ། །
          གཉིས་པ། བཏང་ཐབས་ལས་འཕྲོས་པའི་གནད་འགའ།
          བཤལ་བཏང་ཐབས་ནི་སྔོན་འགྲོ་དངོས་གཞི་ཕྱི་རྗེས་གསུམ་གྱིས་གྲུབ་ཅིང་། ལེའུ་ཡོངས་ཀྱི་སྤྱི་ཁོག་དང་སྦྱོང་བྱེད་ལས་གཞན་གྱི་གཞི་འཛིན་གྱི་ལྡེ་མིག་ལྟ་བུར་གྱུར་པའི་གནད་འགག་གི་སྒྲོམ་གཞི་ཞིག་ཏུ་ཆགས་ཡོད་པས་ཞིབ་འཇུག་དང་བགྲོ་གླེང་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས། 
          གཅིག སྔོན་འགྲོའི་སྐོར།
          བཏང་ཐབས་ལས་སྔོན་འགྲོ་ལ་རྒྱུད་རང་ངོས་ནས་རིང་བའི་སྔོན་འགྲོ་དང་ཉེ་བའི་སྔོན་འགྲོ། ཤིན་ཏུ་ཉེ་བའི་སྔོན་འགྲོ་བཅས་གསུམ་གྱིས་བསྟན་ཞིང་། དེ་དག་དབྱེ་ཞིབ་བྱས་ན་ཟས་སྤྱོད་སྨན་དཔྱད་བཞི་རུ་བསྡུ་ཆོག་པར་འདོད་དེ། གྲོ་སྲན་སྔོ་ངད་སོགས་གང་གནོད་ཟས་ཀྱིས་བསླང་བ་ནི་ཕན་གནོད་ཟས་ཀྱི་སྔོན་འགྲོ་དང་། སྤྱོད་ལམ་གྱི་སྔོན་འགྲོ་ནི་བཤལ་ལེགས་པར་ཐེབས་མིན་གྱི་དགྲ་གཙོ་བོ་རླུང་ཡིན་པ་དེ་འདུལ་བའི་ཐབས་ཏེ། 《ཕྱི་མ་རྒྱུད་》ལས། “རླུང་མ་ནོན་ལ་སྔོན་འགྲོ་འཐེམས་པ་གཅེས། །” ⑤ཞེས་གསུངས་ཤིང་། སྐབས་བསྟུན་རླུང་མ་ནོན་པའི་རྒྱུ་དགུ་དངོས་སུ་བསྟན་ཞིང་། དེ་ལས་སྤྱོད་ལམ་གྱི་ངོས་ནས་《ཕྱི་མ་རྒྱུད་》ལས། “མི་སྨྲ་མི་འགུལ་ཙོག་པར་འདུག་པ་དང་། །གདོན་ལས་བྱུང་ལ་འགྲུལ་བསྲུང་བསྐྲད་ལས་བྱ། །” ⑥ཞེས་ཡིད་འོང་གི་གྲོགས་དང་གནས་དྲོ་བ་གཞིར་བྱས་མི་སྨྲ་མི་འགུལ་བ་དང་གདོན་ལ་འགྲུལ་བསྲུང་བྱ་དགོས་པ་ནི་ཤིན་ཏུ་གལ་གནད་ཅན་ཡིན་པར་བསྟན། སྨན་གྱི་སྔོན་འགྲོ་ནི་བྱེར་བ་བསྡུ་བ་དང་། འདྲིལ་བ་བཤིག་པ། ཞེན་པ་འགོག་པ། གབ་པ་སློང་བ། མ་སྨིན་སྨིན་པ། ཨ་རུ་མཆུ་རིང་མུར་བ། འཇམ་རྩི་མས་བཏང་སོགས་ལས་ཤེས་ཐུབ་པ་དང་། སྨིན་འདུས་བཤིག་སློང་རྒྱས་པར་བྱེད་པའི་སྨན་གྱི་སྤྱི་བཤད་ནི་ས་བཅད་གོང་མའི་ནང་དུ་བྲིས་ཟིན་པས་འདིར་རྒྱས་པར་མི་སྤྲོ། འདིར་དམིགས་བསལ་དུ་ཤིན་ཏུ་ཉེ་བའི་སྔོན་འགྲོ་ལས་ཟྭ་ཚོད་ཀྱི་ལག་ལེན་ནི་གལ་ཆེ་སྟེ། 《དྲི་མེད་ཤེལ་ཕྲེང་》ལས། “ཟྭ་འབྲུམ་དྲོད་སྐྱེད་རླུང་ལྡན་ཚ་བ་སེལ། །”⑦ཞེས་གསུངས་པའི་ཟྭ་ཚོད་ཀྱི་ལོ་མ་ཡིན་ཏེ། དེའི་ལོ་མ་ཤར་མ་ཐག་ཏུ་ཐད་ཀར་གཏོང་ཆོག་པ་དང་། དུས་ཡུན་ཅུང་འགོར་ན་ཟྭ་ཡི་ལོ་མ་འབྲུ་དང་བཅས་ཆུ་ཁོལ་ནང་ལྷོག་ཙམ་གདུས་རྗེས་ཁུ་བ་འཕངས་ནས་སྙིགས་མར་རྨ་ཕབ་པ་དེས་ཁྲག་གི་ཚད་པ་ལམ་སེང་འཇགས་འགྲོ་བའམ་བདེ་རུ་གཏོང་བས་རྨ་ཕབ་རྒྱུ་ནི་ཧ་ཅང་གལ་ཆེ། དུས་ཡུན་འགོར་བའི་ཟྭ་ཚོད་རྨ་མ་ཕབ་པར་ཐད་ཀར་ཐུག་པའི་ནང་བླུགས་ན་ཁྲག་གི་ཚད་པ་ཇེ་མཐོར་འགྲོ་བས་གཟབ་དགོས། རྨ་ཕབ་ལུགས་ནི་ཆུ་ཁོལ་ནང་ལྷོག་གཅིག་བྱས་རྗེས་ལམ་སེང་སྐམ་དགོས་ལ། རྗེས་ནས་བསྐོལ་བའི་ཁུ་བའི་ནང་ལ་ཚྭ་དང་མར། རྩམ་པ་སོགས་གང་ཡང་མ་བཏབ་པ་དཀར་ཡོལ་གཉིས་གསུམ་བཞི་ཙམ་འཐུང་དགོས་ཞེས་སློབ་དཔོན་མཆོག་གིས་གནད་ལ་བཟུང་ནས་གསུངས་མྱོང་། དེ་ནས་བཤལ་གྱི་སྐབས་ཀྱི་ཁྲུས་རྫས་ནི་མཁན་པ་དང་སྦང་མ་གཉིས་བསྟན་⑧ཡོད་ཀྱང་། ལག་ལེན་དངོས་ཀྱི་ནང་སློབ་དཔོན་མཆོག་ནས་མཁན་པ་སྦང་མ་གཉིས་ཞིབ་ཕྱེ་བཏགས་པ་ལ་གུ་གུལ་དང་སྤང་སྤོས་སྦྱར་ནས་བྱུག་ཅིང་ལག་ལེན་འདིའི་ཁུངས་ནི་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ལ་གཏུགས་ཡོད་པར་སྙམ།⑨དཔྱད་ཀྱི་སྔོན་འགྲོ་ནི་ཕོ་བ་མ་གཏོགས་ལུས་ཀུན་ལ་བསྐུ་མཉེ་བྱུག་གསུམ་བྱ་བ་ཡིན་ཞིང་། ཕོ་བ་ནི་བད་ཀན་གྱི་ཡུལ་དང་དམུ་ཆུ་བསྐྱེད་པར་དགོངས་པས་མི་རུང་སྟེ། 《ཕྱི་མ་རྒྱུད་》ལས། “དམུ་རྫིང་བད་ཀན་ནད་ལ་སྣུམ་བྱུག་སྤང་། །”⑩ཞེས་གསུངས་པས་སོ། །
          གཉིས། དངོས་གཞིའི་སྐོར།
          བཤལ་གྱི་བཏང་ཐབས་གསུམ་ལས་དངོས་གཞིའི་ནང་དོན་རྒྱ་ཆེ་ལ་སྒྲོམ་གཞི་ཁ་གསལ་ཞིང་གོ་རིམ་ལྡན་པ་དང་། ཚན་རིག་རང་བཞིན་དང་ཡིད་རྟོན་རང་བཞིན་ཧ་ཅང་ཆེ་བས་ལས་ལྔའི་བཤལ་ཙམ་མ་ཟད་སྦྱོང་བྱེད་ལས་ལ་ཕྱོགས་ཡོངས་ནས་ཤུགས་རྐྱེན་དང་མཛུབ་སྟོན་གྱི་ནུས་པ་བླ་ལྷག་ཐོན་པས་ཞིབ་འཇུག་གི་རིན་ཐང་ངེས་ཅན་ལྡན་ལ་གཟབ་ནན་གྱིས་དཔྱད་པ་གཏོང་རྒྱུ་ནི་ལས་འགན་གལ་ཆེན་ཞིག་ཏུ་སེམས། དེ་བས་ལས་ལྔའི་མཆོག་གྱུར་བཤལ་གྱི་          དངོས་གཞིའི་ནང་དོན་ལ་སྨན་གྱི་སྦྱོར་སྡེ་དང་བཏང་ཚུལ། ལྕག འདོན་ཚད། ལོག་གནོན་བཅས་རྣམ་པ་ལྔའི་སྒོ་ནས་བསྟན་ཡོད་ལ། འདིར་ནང་དོན་གནད་འགའ་རེ་དམིགས་སུ་བཟུང་ནས་དཔྱད་པ་བཏང་ན།
          1. སྨན་གྱི་སྦྱོར་སྡེ་བཤད་པ། ཕྱི་མ་རྒྱུད་ཀྱི་སྦྱོང་བྱེད་ལས་ཀྱི་མདོ་ཧྲིལ་པོར་སྨན་སྦྱོར་བརྒྱ་དང་སུམ་ཅུ་⑪ཡོད་ཅིང་། དེ་ལས་བཤལ་ལ་སྨན་སྦྱོར་བརྒྱད་ཅུ་རྩ་གཉིས་བསྟན་ཡོད་པས་སྨན་སྦྱོར་གྱི་གྲངས་ཀ་མང་ལ། སྨན་སྦྱོར་གྱི་གོ་རིམ་གྲུབ་ཚུལ་ལ་ནད་ཀུན་ཏུ་རྒྱུག་པའི་སྤྱི་བཤལ་དེད་དཔོན་བཞི་སྦྱོར་དང་བཅུ་སྦྱོར་གཉིས་ལ། དྲག་པོ་བཞི་སྦྱོར་ལ་ཁ་བསྒྱུར་སུམ་ཅུ། འཇམ་པོ་བཅུ་སྦྱོར་ལ་ཁ་བསྒྱུར་སུམ་ཅུ་སྟེ་རེ་གཉིས་དང་གནད་ཀྱི་མན་ངག་བདུན། ཐོར་བུའི་ནད་ཀྱི་སྒོས་བཤལ་བཅུ་གསུམ་བཅས་ཀྱིས་གྲུབ་ཅིང་། སྤྱི་བཤལ་ལའང་སྣ་སེལ་དང་དེད་དཔོན། ཁ་འཛིན་བཅས་གསུམ་ཡོད་ལ། སྣ་སེལ་ནི་བཤལ་མ་བཏང་བའི་སྔོན་དུ་ལྟོ་བ་སྲ་སྙི་བརྟག་བྱེད་ཀྱི་སད་མདའ་ཡིན་ཏེ། 《བཤད་རྒྱུད་》ལས། “བཤལ་གྱི་སད་མདའ་སྣ་སེལ་འཁྲོག་ཐང་བཏང་། །”⑫ཞེས་དང་། 《ཞལ་གདམས་ཟིན་བྲིས་ཉི་མའི་སྙིང་པོ་》ལས། “སྣ་སེལ་ཞེས་བྱ་ལྟོ་བའི་སད་མདའ། །”⑬ཞེས་གསུངས་པ་ལས་རྟོགས་ཐུབ་པ་དང་། ལྟོ་བ་རླུང་གི་རང་བཞིན་གྱིས་སྲ་ལ་བཤལ་སྨན་རྣོན་པོས་ཀྱང་ཕིགས་པར་དཀའ་བ་དང་། མཁྲིས་པས་སྙི་བར་འགྱུར་ཏེ་ཆང་དང་། ཞོའི་ཁ་ཆུ་ལྟ་བུས་ཀྱང་འཁྲུ་ནུས་སོ། །བད་ཀན་གྱིས་ནི་ལྟོ་སྲ་སྙི་བར་མར་གྱུར་པ་སྟེ་སྨན་རྟུལ་ན་ཕིགས་དཀའ་བ་དང་། རྣོ་ན་མྱུར་དུ་ཕིགས་པ་⑭ཡིན་པས། སྤྱིའི་ཆ་ནས་ལྟོ་བ་སྲ་སྙི་ལ་དཔགས་ནས་དེད་དཔོན་གྱི་ཐུན་ཚད་ཆེ་ཆུང་ཤེས་དགོས་ཤིང་། དེ་ལ་མཁས་དབང་བསྟན་སྲུང་གྲགས་པ་མཆོག་ནས་ནད་པ་ཁ་ཤས་ལ་སྣ་སེལ་གཏོང་དུས་སྣ་སེལ་ཁོ་ནས་ཐེངས་གཉིས་གསུམ་ལ་འཁྲུ་ནུས་པས་ལྟོ་བ་སྙི་བར་འདོད་ཀྱང་། དེད་དཔོན་གྱི་ཐུན་ཚད་ཆུང་ངུ་བསྟེན་ན་འཁྲུ་མི་ནུས་པ། ཡང་འགའ་རེར་སྣ་སེལ་གཏོང་དུས་ལྟོ་བ་སྲ་བ་དང་། དེད་དཔོན་ཐུན་ཚད་ཆེན་པོ་བསྟེན་ན་འཁྲུ་དྲགས་པ་འབྱུང་བའང་ཡོད་པ་སོགས་སྐབས་རེར་གནས་ཚུལ་དེ་འདྲའང་ང་ཚོ་ཕྱི་རབས་པས་མུ་མཐུད་དུ་ཞིབ་འཇུག་དང་སློབ་སྦྱོང་བྱ་ཡུལ་ཡིན།
          སྤྱིར་ན་སྦྱོང་སྨན་གཙོ་བོ་ཕལ་ཆེ་བ་དུག་ཤེད་ཆེ་བའི་སྨན་རྒྱུ་རྐྱང་རྐྱང་ཡིན་པས་ཐད་ཀར་སྨན་དུ་གཏོང་མི་རུང་བ་ནི་རྒྱུད་ཀྱི་སྔ་ཕྱི་བར་གསུམ་གང་དུ་དུག་གདོན་ལག་ལེན་ཁ་གསལ་བའི་སྒོ་ནས་གསུངས་པ་⑮ཀུན་ལ་མཁྱེན་གསལ་ཡིན་ཞིང་། སྒོས་སུ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་《ཞལ་གདམས་ཟིན་བྲིས་སྙིང་པོ་》ལས། “ཞི་སྦྱོང་ཀུན་གྱི་སྨན་ལ་དུག་ཕྲལ་དགོས། །ཁྱད་པར་ལས་ལྔའི་སྨན་ལ་དུག་ཕྲལ་གནད། །དུག་ཕྲལ་སྨན་ནི་འཇམ་རྣོ་འཇུ་བ་སླ། །དུག་མ་ཕྲལ་བས་མེ་ཉམས་འཇུ་བ་དཀའ། །” ⑯ཞེས་གསུངས་པ་ལས་དུག་འདོན་གྱི་དགོས་གལ་རང་བཞིན་བསྟན་ཡོད་ལ། སྒོས་སུ་བཤལ་གྱི་སྨན་རྒྱུའི་ངོས་འཛིན་དང་འདུལ་སྦྱོང་གི་དཀའ་གནད་སྐོར་སློབ་དཔོན་མཆོག་ནས་རང་ལུགས་དང་བཅས་རྒྱས་པར་གསུངས་ཤིང་། སྨན་རྒྱུའི་ངོས་འཛིན་ཐད་མཁས་དབང་དགའ་བའི་རྡོ་རྗེ་མཆོག་གི་《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》ལ་གཏུགས་ཤིང་། དེའི་སྟེང་རང་གི་ལོ་མང་རིང་གི་ལག་ལེན་ཁྲོད་ཤེས་རྟོགས་བྱུང་བའི་མན་ངག་གིས་ཟུར་བརྒྱན་ཡོད་པར་འདོད།⑰སྐབས་འདིར་སྨན་རྒྱུ་ཚང་མ་ཞིབ་ཏུ་སྤྲོས་ན་ཡིག་ཚོགས་ལ་འཇིགས་པས་དམིགས་བསལ་གྱི་སྨན་རྒྱུ་འགའ་རེའི་གསལ་བཤད་དང་ལྟ་བ་གསར་པ་རྣམས་གླེངས་ན།
          བ་ལེ་ཀ བ་ལེ་ཀ་ནི་ཀོང་པོ་དང་པདྨ་བཀོད་སོགས་ལྷོ་རོང་དམའ་ཤོས་ཀྱི་རྒྱུད་ལ་སྐྱེས་པའི་ཤིང་ཕྲན་གྱི་རིགས་ཤིག་ཏེ། 《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》ལས། “བ་ལེ་ཀ་ཞེས་བྱ་བའི་ཤིང་། །ཤིང་གཞན་དག་ལ་འཁྲིལ་ནས་སྐྱེ། །མེ་ཏོག་འབྲས་བུ་གང་ཡང་མེད། །རོ་ནི་ཁ་ལ་རྩུབ་པ་ཡིན། །རང་གི་ནུས་པས་བད་ཀན་དང་། །གཟེར་རིགས་ཁྲག་ནད་མ་ལུས་སེལ། །”ཞེས་དང་། 《དྲི་མེད་ཤེལ་ཕྲེང་》ལས།“འཁྲི་ཤིང་གི་རིགས་དབྱིབས་སླེ་ཏྲེས་འདྲ་ལ་ཤུན་པ་སྐྱ་ནག་མཐུག་པའོ། །”ཞེས་གསུངས། སྨན་དུ་སྦྱར་སྐབས་ཕྱིའི་དྲེག་པ་ནག་པོ་འདོར་དགོས་པར་གསུངས།⑱ ཞེས་གསལ། འདིའི་ཐད་ལ་རྒན་བསྟན་སྲུང་གྲགས་པ་ལགས་ནས་དེང་སང་བ་ལེ་ཀའི་གྲུབ་ཆ་གང་ཞིག་གིས་སྨན་དུ་གཏོང་མི་ཆོག་པར་བཤད་པས་གཅིག་བྱས་ན་ཕན་པ་ཡོད་ན་ཞོར་དུ་གནོད་པ་འབྱུང་བ་ཧ་གོ་དགོས་ལ་བོད་སྨན་ནང་དུའང་ཆིག་རྒྱུག་གཏོང་བ་མིན། དེང་སང་ཁྲོམ་རའི་ནང་འཚོང་བཞིན་པའི་བ་ལེ་ཀ་སྟེ་ཤིང་ཕྲན་ཁ་བྲོ་བ་ཚ་བ་དེ་གཅིག་གྱུར་གྱིས་སྤྱོད་བཞིན་ཡོད་ལ། བལྟས་ཚོད་དུ་དབྱི་མོང་གི་རྩ་ལག་བཏུབ་པ་ནང་བཞིན་ཁ་ཚ་ལུགས་དང་བཟོ་ལྟ་སོགས་གཅིག་པ་ཆགས་ཡོད་པས། དེ་ལྟར་ན་དབྱི་མོང་གིས་གྲང་བ་སེལ་བ་དང་། བ་ལེ་ཀས་ཚ་བ་སེལ་བས་ཚ་གྲང་གི་ངོ་བོ་གོ་ལོག་ཏུ་སོང་ནས་ཁྱད་པར་ཆེ་བས་བསམ་བློ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་གསུངས་པ་ནི་བློ་སྒོ་འབྱེད་པའི་དཔྱད་གཞི་གསར་པ་ཞིག་ཏུ་བགྲངས་ཆོག་པར་སེམས།
          དབྱི་མོང་། དབྱི་མོང་གི་རིགས་དབྱེའི་ཐད་ལ་《དྲི་མེད་ཤེལ་ཕྲེང་》གཙོ་བྱས་དཀར་ནག་ཁྲ་གསུམ་བཞེད་པ་ནི་ཡོངས་ཁྱབ་ཏུ་ཆགས་ཡོད་ལ། རྒན་ལགས་ནས་དབྱི་མོང་ལ་མེ་ཏོག་གི་སྒོ་ནས་རིགས་བཞི་ཙམ་ཕྱེས་ཡོད་དེ། དཀར་པོ་དང་ནག་པོ། སེར་པོ། ཁྲ་བོ་བཅས་ཡིན་ཞིང་། དམིགས་བསལ་དུ་ས་ཁུལ་དངོས་ཡོད་ཀྱི་སྟེང་ནས་སོག་རྫོང་གི་རྒྱུད་ན་དབྱི་མོང་མེ་ཏོག་སེར་པོ་ཅན་མ་གཏོགས་མི་འབྱུང་ཞིང་། དེ་དབྱི་མོང་ནག་པོའི་གྲས་ལ་འཇོག་ཀྱང་དོན་དངོས་ཡིན་པ་ནི་དབྱི་མོང་སེར་པོ་རེད། དབྱི་མོང་ནག་པོ་ནི་གཞིས་རྩེའི་རྒྱུད་ན་མེ་ཏོག་ནག་པོ་ནག་རྐྱང་ཡོད་པ་དེ་དང་། དབྱི་མོང་དཀར་པོ་ནི་ཀོང་པོ་དང་སྤོ་བོའི་རྒྱུད་ཀྱི་ཐང་ཤིང་དང་འདྲེས་ཏེ་འཁྲིལ་ནས་སྐྱེས་ཤིང་། རྩེ་སོགས་ནས་མེ་ཏོག་དཀར་པོ་འཆར་བའི་འཁྲི་ཤིང་གི་རིགས་ཤིག་ཡིན། དབྱི་མོང་ཁྲ་བོ་ནི་སོག་རྫོང་གི་ཁྲི་རྡོ་དང་རྒྱལ་ཆེན་ཤོག་གསུམ་རྒྱུད་ན་མེ་ཏོག་སྐྱ་ཁྲ་ཅན་རྐྱང་རྐྱང་གི་རིགས་ཁོ་ན་འདུག གང་ལྟར་མེ་ཏོག་དང་ས་ཆའི་ཁྱད་པར་ལས་རིགས་བཞི་པོ་གསལ་པོར་མཐོང་ཐུབ་ཅེས་གསུངས་པ་ནི་མཁས་དབང་གང་གི་སྨན་རྒྱུའི་ཡུལ་དངོས་རྟོག་ཞིབ་ལས་རྙེད་པའི་བདེན་དཔང་བཙན་པོ་ཡིན་པས་དང་ལེན་བྱ་དགོས་པའི་གནས་སོ། །
          ཙན་དན། སྤྱིར་བཏང་དུ་ཙན་དན་ལ་ཙན་དན་དཀར་དམར་གཉིས་ཏེ། ཁྲག་ཤས་ཆེ་ན་ཙན་དན་དམར་པོ་དང་།ཚ་བ་ཤས་ཆེ་ན་ཙན་དན་དཀར་པོ་གཏོང་བ་ནི་མན་ངག་གི་ཞལ་ཤེས་ཡིན་ཞིང་། འདིར་ཙན་དན་དཀར་པོ་གཏོང་དགོས་ཤིང་སློབ་དཔོན་མཆོག་ནས་དེང་སང་དག་མ་དཀོན་ལ་སྤུས་ལེགས་ནི་དཀར་ཡོལ་བཅག་པ་འདྲ་ཞེས་པ་ཤིང་རིགས་སྲ་ཞིང་མཁྲེགས་པ་ཁ་དོག་དཀར་པོ་དུམ་བུ་དཀར་ཡོལ་བཅག་པ་འདྲ་བ་དེ་ཡིན། ཡིན་ནའང་དཀར་ཡོལ་བཅག་པ་འདྲ་བའི་ཙན་དན་དཀར་པོའི་ཐང་ཆུ་དྲི་ཞིམ་དེ་ཤིང་གཞན་ལ་སྦྱར་ནས་བཙོང་བ་མང་བས་ནོར་ཉེན་ཡོད། སྔོན་མར་མ་ལ་ཡ་ནས་ཡོང་བ་ཡི། །སྡོང་དུམ་རྣམས་ལ་རིན་ཐང་ཆེ། །ཞེས་གསུངས་པ་བཞིན་མ་ལ་ཡ་ནས་ཙན་དན་གྱི་དྲི་མས་དེ་དང་ཉེ་བའི་ཤིང་གཞན་དག་ལ་དྲིས་ཁྱབ་པར་བྱས་པས་ཙན་དན་ལ་ནོར་བ་བཞིན་དེང་སང་ཐང་ཆུ་གཏོར་ནས་ཙན་དན་ལ་འཁྲུལ་བ་ཤིན་ཏུ་མང་། ཙན་དན་བཟང་ངན་མེ་ལ་དྲིས་ཞེས་ཕྱིའི་དྲི་མ་ཡོད་མེད་ཙམ་མིན་པར་ནང་གི་བསྲེགས་དུས་དྲི་མ་ཁྱབ་རྒྱུ་ཡོད་མེད་བརྟག་རྒྱུ་དང་། ཙན་དན་ཡིན་མིན་རྡོ་ལ་བརྡར་ཞེས་རྡོའི་སྟེང་ལ་བརྡར་ན་དྲི་མ་དམིགས་བསལ་ཁྱབ་རྒྱུ་ཡོད་མེད་བརྟག་རྒྱུ་གལ། དམིགས་བསལ་དུ་ཙན་དན་དཀར་པོའི་ཚབ་ཏུ་ཁ་ནུབ་ཕྱོགས་ལ་བསྟད་ཅིང་རི་མཐོན་པོའི་ཆུ་རྒྱུད་ལ་སྐྱེས་པའི་ཤང་ཤང་དྲིལ་བུ་དཀར་པོ་བཏང་ན་ཕན་ནུས་བཟང་བར་གསུངས་མྱོང་བ་ནི་སྨན་གྱི་དག་རྫུན་ལས་འཕྲོས་པའི་ཚབ་སྨན་གྱི་རིགས་ལམ་དང་དགོས་གལ་རང་བཞིན་དེ་གསལ་སྟོན་གནང་བའོ། །
          གསེར་གྱི་མེ་ཏོག གསེར་གྱི་མེ་ཏོག་ནི་འཁྲི་ཤིང་གི་རིགས་ཤིག་སྟེ། སྤྱིར་མེ་ཏོག་ཡིན་ཡང་ལག་ལེན་དངོས་ནང་འབྲུ་གཏོང་བ་ཡིན། གསེར་གྱི་མེ་ཏོག་ཟུར་གྱི་རྩེ་མོ་འདྲ་ཞེས་འབྲུ་གུ་ལ་ཟུར་གྱི་རྩེ་ནང་བཞིན་ཟུར་ཟུར་ཡོད་པ་དེ་ཡིན་ལ་ཕྱིའི་གོག་པ་བྲེགས་རྗེས་གཏོང་དགོས། ཡིན་ནའང་ཁ་ཏིག་གི་བྲོ་བ་ཡོད་མེད་ལ་བལྟ་དགོས་ཏེ། གསེར་མེ་ནི་ཁ་བའི་སྡེ་ཚན་ཡིན་པས་ཁ་ཏིག་ཤིན་ཏུ་ཆེ་དགོས་ཏེ། ཁ་ཏིག་མིན་ན་བཏང་ཡང་ནུས་པ་མེད། དེང་སང་ཁུའུ་ཀྭ་(苦瓜)ཞེས་པའི་འབྲུ་གུ་ནི་གསེར་མེའི་བཟོ་ལྟ་བུ་རྒྱ་གར་ནས་ཡོང་བའི་རིན་གོང་མཐོན་པོར་ཉོས་པ་ཁར་མྱངས་ན་རོ་ཁ་བ་མི་བྲོ་བས་མི་རུང་སྟེ་ཁ་ཏིག་བརྟག་རྒྱུ་ནི་ཤིན་ཏུ་གལ་ཆེ། ཀོང་པོའི་རྒྱུད་ཀྱི་གསེར་མེ་ལ་ཁ་ཏིག་ཤིན་ཏུ་ཆེ་བ་བཟོད་ཐབས་མེད་པ་དང་།སོག་པོའི་གསེར་མེ་ཟེར་བའི་འབྲུ་དེ་ལ་ཁ་ཏིག་ཤིན་ཏུ་ཆེ་ལ་རོ་དབྱིབས་སྐྱེ་ཚུལ་གང་ནས་བལྟས་ཀྱང་དཔྱད་ཀྱང་མི་འོས་པ་མེད་པས་སྨན་ལ་གཏོང་ཆོག་པར་གསུངས།
          ཟངས་དྲེག ཟངས་དྲེག་ནི་ཟངས་མེ་ལ་བསྲེགས་ནས་བརྡུངས་སའི་ཤུན་པའམ་དྲེག་པ་སྟེ། ཟངས་མེ་ལ་སྲེག་སྐབས་ཟངས་ལ་གཡའ་ཕྱི་དུག་འདོན་དགོས་ཤིང་། མེ་ལ་སྲེག་དུས་ལྕགས་དྲེག་ནང་བཞིན་ལིང་ལིང་གོག་ཡོང་བ་ཞིག་ཡིན་དགོས་པ་ལས་སྔོན་མ་ཟངས་མེ་ཐབ་ལ་བཞག་ནས་ཕྱིའི་དྲེག་པ་ནག་པོ་ཆགས་པ་དེ་སྨན་ལ་གཏོང་བ་མིན་ཏེ། དེའི་མིང་ལ་འཁྲུ་དྲེག་སྟེ་སྣོད་ཀྱི་ནང་ལ་ཆུ་བླུགས་ནས་བསྐོལ་བའི་དྲེག་པའི་དོན། ཡང་སླང་དྲེག་ནི་སླ་ངའི་འོག་ལ་ཆགས་པའི་དྲེག་པ་ལ་གོ། ཡང་རྒྱུད་བཞིའི་འགྲེལ་པ་ཁ་ཤས་སུ་ཟངས་ཀྱི་ངོས་སུ་ཞོ་བྱུགས་ནས་སྔོན་པོ་ཆགས་པ་དེ་བླངས་ནས་སྐམ་པ་ལ་ཟངས་དྲེག་ཟེར་སྲོལ་ཡོད། 
          དོམ་མཁྲིས། དོམ་མཁྲིས་ནི་དོམ་ནག་གི་མཁྲིས་པ་མཆོག་ཡིན་ཞིང་། ཡང་དྲེད་མོང་གི་མཁྲིས་པ་དོམ་དང་ནུས་ཕྱོགས་མཐུན་ཞེས་ཅུང་འདྲ་བར་སྣང་། དེང་སང་དོམ་མཁྲིས་རྫུན་མ་བཟོ་བ་དང་གསོད་ལུགས་ངན་པ་འདྲ་མིན་མང་པོ་མཐོང་ལ། དོམ་གྱི་མཁྲིས་པ་སྲང་ལྔ་དྲུག་བཏོན་པ་དང་དོམ་མཁྲིས་གསོན་པོའི་མཁྲིས་སྣོད་དྲངས་ན་སྡུག་བསྔལ་བཟོད་གླགས་མེད་པ་མྱངས་པའི་དོམ་མཁྲིས་ལ་རིན་གོང་མཐོན་པོ་ཆགས་ཡོད་པ་རེད། དེང་སང་ཉོ་རྒྱུ་ནི་དོམ་ཁྲ་ཁྲའི་མཁྲིས་པ་ལས་བཟོས་ཤིང་ནུས་པའང་བཟང་། དོམ་མཁྲིས་བཟང་ངན་ཆུ་ལ་དྲིས། །འཇའ་ཡི་ཀ་བ་ཚུགས་ན་བཟང་། །ཞེས་མཁྲིས་པའི་ཕྱེ་མ་ཆུ་སྟེང་ལ་ཅུང་བླུགས་ན་ལམ་སེང་ཆུའི་གཏིང་ལ་འགྲོ་ཞིང་སེར་ལ་ཞུ་བ་ཡིན། འཇའ་ཡི་ཀ་བ་ཚུགས་ཟེར་དོན་ནི་དོམ་མཁྲིས་ཧ་ཅང་འཇུ་བདེ་མོའི་རིགས་ཡིན་པས་ཆུ་དང་ཕྲད་ན་ཞུ་བས་སོ། །དོམ་མཁྲིས་ཀྱི་པགས་པ་ལ་གཞན་དང་མི་འདྲ་བའི་མཉེན་ཆ་ཆེན་པོ་ཡོད་ལ་སྐྱ་སོབ་སོབ་ཅན་ཞིག་སྟེ། རེ་ལྕག་པས་བཟོས་པའི་བོད་ཤོག་དང་འདྲ་བར་སྲབ་པ་རེད་ཅེས་སློབ་དཔོན་མཆོག་ནས་གསུངས་ཤིང་། འདི་དང་འབྲེལ་ནས་སྨན་རྒྱུའི་དག་རྫུན་གྱི་ཐད་ལ་གཞུང་ལུགས་ཙམ་མ་ཡིན་པར་ལག་ལེན་ཉམས་མྱོང་གི་ཁྲོད་ནས་ཤེས་ཤིང་བསླབ་པར་བྱ་རྒྱུ་དང་། ཁྱད་པར་དུ་དོམ་མཁྲིས་དང་། གི་ཝང་། བ་ཤ་ཀ བ་ལེ་ཀ བྲག་ཞུན་སོགས་སྨན་རྒྱུ་སྤུས་ཀ་ཅན་བཏང་ན་ནུས་པ་ཧ་ལས་པ་ཡོད་ཐག་ཆོད་པ་དང་། སྒོས་སུ་དོམ་མཁྲིས་དང་གི་ཝང་སོགས་སྨན་རྒྱུ་སྐོར་ཞིག་གི་ཆེད་སེམས་ཅན་གྱི་ལུས་ལ་ཟུག་རྔུ་དང་མནར་གཅོད་ཀྱི་སྡུག་བསྔལ་ཚད་མེད་མྱང་བཅུག་པ་འདིའང་ཧ་ཅང་སྙིང་རྗེ་བའི་གནས་ཡིན་པས། གི་ཝང་ལྟ་བུའང་ཟུར་མཁར་དང་དེལ་དམར་ལུགས་ཀྱི་བཟོ་ལག་ལེན་བྱ་རྒྱུ་ནི་ཡང་ཡང་གལ་ཆེ་བར་གསུངས་མྱོང་། འདི་ལས་གཅིག་ནས་གང་ཉིད་ཀྱི་སྨན་རྒྱུའི་དག་རྫུན་གྱི་གལ་ཆེན་རང་བཞིན་དང་དེའི་བཟོ་ལུགས་སྣ་ཚོགས་ཀྱི་ཐབས་སྒོ་འབྱེད་པའི་བློ་མཐའ་ཡངས་པ་དང་། གཉིས་ནས་བྱམས་སྙིང་རྗེ་དང་ཚེ་སྲོག་འདྲ་མཉམ་གྱི་གཤིས་སྤྱོད་རྒྱུད་ལ་ཕྱུག་པའི་མཁས་པའི་ཁྱད་ཆོས་མངའ་བ་ཤུགས་སུ་རྟོགས་ཐུབ་བོ། །
          མདོར་ན། མཁས་དབང་བསྟན་སྲུང་གྲགས་པ་མཆོག་ནི་སྨན་རྒྱུའི་ངོས་འཛིན་དང་འདུལ་སྦྱོང་། བདེན་རྫུན། ས་ཁོངས་ཀྱི་ཁྱད་པར་སོགས་ལ་ཞིབ་ཕྲའི་སྒོ་ནས་བྱང་ཆ་ཕུན་སུམ་ཚོགས་པར་མ་ཟད། སྨན་རྒྱུ་རེ་རེའི་ཐད་ལ་དབྱེ་ཞིབ་དང་ཞིབ་འཇུག་ཀྱང་མི་དམན་པ་གནང་ཡོད་པས་རྒྱས་པར་སྤྲོས་ན་ཡིག་ཚོགས་ལ་འཇིགས་པས་དེ་ཙམ་བྱ།
          2. གཏོང་ཚུལ་བཤད་པ། སྨན་གྱི་གཏོང་ཚུལ་ལ་ཐང་ཕྱེ་རིལ་བུ་སྨན་མར་བཞི་དང་དེ་དག་གི་གཏོང་ཚུལ་ནི་རྒྱུད་དང་ཉམས་ཡིག་ཁག་ཆེར་མི་མཐུན་པ་མེད་ཅིང་། ནད་ཐོག་ལག་ལེན་ཁྲོད་མང་ཆེ་བ་རིལ་བུ་གཏོང་བཞིན་ཡོད་དེ། རྒྱུ་མཚན་ནི་ཕྱེ་མ་བཏང་ན་གྲེ་བ་དང་མིད་པ་ཚ་ཤར་ཤར་བྱེད་པར་མ་ཟད། ཞེན་ཁ་ལོག་ནས་སྐྱུགས་འོང་བས་མི་རུང་། དེས་ན་རིལ་བུ་ཆེ་ཆུང་སྲན་མ་སྦོས་པ་ཙམ་དུ་བཅོས་པ་དང་སོ་ཡིས་བལྡད་ན་ཞེན་ཁ་ལོག་ནས་སྐྱུགས་ལང་འོང་བས། ཆུ་ཧུབ་གང་ཙམ་གྱིས་མིད་དགོས་ལ། རིལ་བུའི་རྗེས་ལ་ཆུ་མང་པོ་འཐུངས་ནའང་ཞེན་ཁ་ལོག་པས་ཉུང་ཙམ་གྱིས་འཕུལ་དགོས་ཞེས་སློབ་དཔོན་མཆོག་ནས་མན་ངག་གི་ཚུལ་དུ་གནང་བས། འདིས་མ་འོངས་པའི་སྦྱོང་བྱེད་ལས་ཀྱི་ནད་ཐོག་ལག་ལེན་ཁྲོད་ལ་མཛུབ་སྟོན་དང་རམ་འདེགས་ངེས་ཅན་འཐོན་པར་གདོན་མི་ཟ་བའོ། །
          3. ལྕག་བཤད་པ། ལྕག་ནི་མྱུར་དུ་འདེད་པར་བྱེད་པ་སྟེ། ཐུར་དུ་བཤལ་ཐེངས་གཉིས་སམ་གསུམ་དུ་ཁྲུས་ནས་དང་ག་མེར་བ་དང་སྐྱུགས་པ་སངས་ནས་ཆུ་བསྐོལ་གཏོང་བ་ཡིན་ལ། དང་ག་མེར་བ་མ་སངས་པར་ཆུ་བསྐོལ་བཏང་བ་སྔ་ན་སྐྱུག་པར་བྱེད་ལ། བཤལ་ཐེངས་ཁ་ཤས་ཐེབས་པའི་རྗེས་སུ་ཆུ་བསྐོལ་མ་བཏང་བར་ཕྱིས་ན་ནད་མི་ཁྲུས་པས་མཚམས་ཚིགས་ཟིན་པར་གཏང་དགོས་པ་ནི་ཐོག་མའི་གནད་འགག་ཅིག་དང་། ཆུ་བསྐོལ་ནང་ལ་རྒྱམ་ཚྭ་བྲོ་ཙམ་གྱིས་རུང་ཞིང་། དང་པོ་ཆུ་བསྐོལ་ཉུང་ཙམ་བསྟེན་ནས་ཞེན་ཁ་མི་ལོག་པ་བྱ་བ་དང་རིམ་གྱིས་ཆ་བསྐྱེད་རྒྱུ་ནི་ཤིན་ཏུ་གཅེས། གང་ལྟར་སྦྱོངས་ཀྱི་སྔ་ཕྱི་བར་གསུམ་གྱི་ནང་ཉེན་ཁ་ཆེ་ཤོས་ནི་རི་ཐང་མཚམས་ཀྱི་སྐབས་ཏེ་ཐོར་བུའི་རླུང་ལ་བྱ་ར་བསྒྲིམ་རྒྱུ་ཡིན་ཞིང་། ཐོར་བུའི་རླུང་གི་རྟགས་ཏེ་ལུས་པོ་ཤེད་ཆུང་བ་དང་ཤེས་པ་ཟི་ཉོག་བྱེད་པ། སྟོང་སྐྱུགས་མང་བ། རྐང་ལག་བཞི་ལ་རྔུལ་ནག་ཐོན་པ། ཚིགས་བཞི་གྲང་མོ་ཆགས་པ་སོགས་འབྱུང་དུས། སྣུམ་བཞི་གང་རུང་དང་ལྷག་པར་དུ་ཚ་བ་གསུམ་བསྲེས་པའི་འབྲུ་སྣུམ་གྱིས་ལྟོ་བ་མ་གཏོགས་བསྐུ་མཉེ་བྱ་བ་དང་། བུ་རམ་དང་མར།རྩམ་པ་བཅས་བསྲེས་པའི་གསུར་དུད་བདུག་པ། སྲེ་ལོང་སོགས་རུས་པ་གསར་པའམ་དྲི་མེད་པའི་རུས་ཁུ་བསྟེན་པ། གློག་དྲོད་སོགས་ཀྱིས་དྲོད་ལ་བསྒོར་བ། གསོ་རླུང་⑲རྔུབ་པ། མགོ་ལ་སྤགས་བཙོས་དང་གློག་ཞྭ་གོན་རྒྱུ་སོགས་ཀྱིས་ཐོར་བུའི་རླུང་ཁ་མནན་པར་བྱ་དགོས་ཤིང་རིག་པ་སྤྱང་བ་ཁྲ་འདྲ་བའི་སྒོ་ནས་བརྟག་རྒྱུ་གལ་ཆེ། ཡང་རྩ་སྦྱོང་ལེའུར།“དེ་ཕྱིར་ལྕག་དང་དྲོ་བ་ཤིན་ཏུ་གཅེས། །” ⑳ཞེས་གསུངས་པའི་གནད་འདི་ལ་སྦྱར་ན་ཤིན་ཏུ་འཚམ་ཞིང་རྒྱུད་ཀྱི་སྔ་ཕྱིའི་འབྲེལ་བ་ཚགས་དམ་པོ་ཡིན་པའང་ཤེས་ཐུབ། འདིར་དམིགས་བསལ་དུ་ཞུ་རྒྱུ་ཞིག་ལ། དྲོ་བ་ལ་བསྒོར་དྲགས་ན་མི་རུང་སྟེ་རྔུལ་ནག་ཆེན་པོ་འཐོན་ཞིང་བ་སྤུའི་བུ་གའི་སྒོ་ནས་སྨན་གྱི་ནུས་པ་ཕྱིར་འཐོན་པས་སྣུམ་བྱུག་གིས་སྒོ་བཀག་པར་བྱ་རྒྱུ་ནི་གལ་གནད་ཅིག་གོ །
          4.འདོན་ཚད་བཤད་པ། འདོན་ཚད་ལ་འཁྲུ་བའི་གྲངས་ཚད་དང་མང་ཉུང་གི་བུངས། ཁ་དོག་གི་སྒོ་ནས་བརྟག་པ་གསུམ་ལས་སྦྱོངས་ལེགས་པོ་ཐེབས་མིན་གྱི་ཚད་གཞི་སྟེ་རབ་ཆུ་འདྲ་བ་དང་འབྲིང་བད་ཀན་ཏེ་བེ་སྣབས་ལྗན་ལྗིན་སྐྱ་ལ་དཀར་ཤས་ཅན། ཐ་མ་མཁྲིས་པ་སེར་ཤས་ཅན་ཡིན་པ་དང་། ལུས་ཟུངས་བཟང་ངན་དང་ནད་དག་ཡོད་མེད་གཉིས་ཀྱིས་ལྕག་གི་མཚམས་ལེགས་པར་འབྱེད་དགོས་པ་ནི་སྤྱིར་བཏང་གི་རྒྱུད་ཀྱི་དགོངས་པ་ཡིན། འདིར་གནད་ཆེ་ས་ནི་འཁྲུ་བའི་གྲངས་ཚད་དང་མང་ཉུང་གི་བུངས་གཉིས་ནི་སྦྱོངས་རབ་འབྲིང་ཐ་གསུམ་གྱི་གཞི་འཛིན་ས་གཙོ་བོ་མིན་པར་ནད་དག་ནས་ཆུར་འཁྲུ་བ་དབང་བཙན་པར་འདོད་དེ། 《ཕྱི་མ་རྒྱུད་》ལས། ནད་དག་ཆུར་འཁྲུ་ཇི་ལྟར་འདུག་ཀྱང་བཅད། །(21)ཅེས་པ་ལས་གསལ་པོར་གོ་བར་ནུས། དེ་མིན་བུངས་ཚད་ནི་དེང་གི་ཧའོ་ཧྲེང་ལ་འཇལ་ནས་ཚད་གཞི་བཟོ་བ་དང་། ནད་ཁུ་ལས་འབུ་དང་ཁྲག་སོགས་སྣ་ཚོགས་འབྱུང་བས་རྫས་འགྱུར་བརྟག་དཔྱད་བྱ་རྒྱུ་དང་དམར་དཔེ་རྒྱུ་ཆ་བསགས་ནས་ཚད་ལྡན་གྱི་དཔྱད་རྩོམ་དང་ཡིག་ཆ་ཚད་ལྡན་བཟོ་རྒྱུ་ནི་མ་འོངས་པའི་ཞིབ་འཇུག་དང་ལས་ཀ་གལ་ཆེན་པོའི་གྲས་སོ། །
          5. ལོག་གནོན་བཤད་པ། བཤལ་གྱི་སྐབས་སུ་ལམ་དུ་འགྲོ་བར་གནོད་པའི་སྐྱུག་པ་དང་སྟོར་བ། འགྱིངས་པ། འབྱམས་པ། སྲོག་ལ་ཉེན་པ་སོགས་ལོག་པ་བྱུང་ན། དེ་ཡི་ལོག་གནོན་གྱི་ཐབས་སུ་རྒལ་བ་མནན་པ་དང་སྟོར་བ་བཙལ། འགྱིངས་པ་དྲང་། འབྱམས་པ་བཅད། སྲོག་གི་བྱ་ར་འཇོག་པ་བཅས་རྣམ་པ་ལྔ་ཡིན་ཞིང་། དེ་དག་དང་འབྲེལ་བའི་སྐོར་ནས་སློབ་དཔོན་གྱི་དགོངས་པ་དང་ནད་ཐོག་ལག་ལེན་གྱི་མཐོང་ཐོས་ཟུང་འབྲེལ་གྱིས་གནད་འགའ་རེ་གླེང་ན། རྒལ་བ་ནི་སྐྱུག་པའི་དོན་ལ་གོ་ཞིང་། དེ་ལས་སྨན་རྩུབ་པས་སྐྱུག་པ་ལ་གཉེན་པོ་སྨན་དུས་སུ་བརྐོ་བ་དང་འདུལ་སྦྱོང་ལེགས་པར་བྱ་རྒྱུ་གདམས་ཡོད་ལ། བཤལ་སྨན་དུས་སུ་བཏུ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། སྔོ་སྦྱོར་ལེའུར།“བཤལ་སྨན་རྩི་སྐམ་ནུས་པ་གཏིང་འགྲོའི་དུས། །” (22)ཞེས་དུར་བྱིད་དང་ཐར་ནུའི་རྩ་བ་སོགས་(23)བཤལ་སྨན་རྣམས་རྩི་ཏོག་བསྐམས་ནས་ས་ཆུའི་ནུས་པ་གཏིང་དུ་འགྲོ་བའི་སྐབས་སྟོན་མཇུག་གི་དུས་ཏེ་ས་མ་འཁྱགས་པའི་གོང་དུ་བཏུ་དགོས་པ་དང་། མན་ངག་ཞལ་ཤེས་སུ་སྦྱར་ནས་འདུལ་སྦྱོང་ཚུལ་བཞིན་བྱ་རྒྱུ་ནི་སྨན་རྩུབ་པས་སྐྱུག་མི་འབྱུང་བའི་གནད་འགག་ཡིན། ཡང་ནད་ཀྱི་དབང་གིས་སྐྱུག་པ་ལ་ཆུ་མ་རྩི་མཆོག་ཡིན་ཏེ། ཆུ་མ་རྩི་ལ་རིགས་དང་ངོས་འཛིན་མང་ཡང་འདིར་མཁའ་འགྲོའི་ལ་ཕུག་ལ་བཞེད་ཅིང་། ནད་གཅིག་པུའི་དབང་གིས་མ་གཏོགས་རྒྱུ་རྐྱེན་གཞན་གྱིས་སྐྱུག་པའི་གཉེན་པོར་མི་འགྲོ། བཤལ་སྟོར་བ་ལ་སྨན་དང་ནད་གཉིས་ཡོད་ལ། སྟོར་བ་ནི་ཐོར་བའི་དོན་ཏེ་སྦྱོངས་ཀྱི་ནུས་པ་སྟོར་ནས་བཤལ་མི་འོངས་པའི་དོན་ནོ། །རྒྱུད་ལས་སྨན་གྱིས་སྟོར་བའི་རྟགས་ཙམ་ལས་བསྟན་མེད་ཀྱང་དེ་ནི་ལྟོ་བ་སྲ་བ་དང་སྨན་ཉུང་བ། བཤལ་སྨན་ལ་འདུལ་སྦྱོང་ཐལ་དྲགས་པའི་སྐྱོན་ཡིན་པས་སླར་ཡང་གཉེན་པོའི་སྐྱོན་བསལ་ནས་བསྐྱར་ལ་གཏང་བར་བྱའོ། །འགྱིངས་པ་ནི་ཐུར་དུ་བཤལ་མི་ཐུབ་པར་ཕོ་བ་རྫིང་ལ་ཧྲེམ་ཧྲེམ་བྱེད་པ་འབྱུང་སྟེ། གཉེན་པོ་ནི་ཕོ་བར་དུགས་ཏེ་ལན་ཚྭ་ཚ་མོ་དང་རྡེའུ་ཆང་བྲན། བྱེ་མ་བརྔོས་པར་ཆང་གིས་བརླན་ཅུང་ཕབ་པ། སོ་ཕག ལག་པས་འཕུར་བའི་དུགས་སོགས་ལ་གཟེར་གཅོག་གི་ནུས་པ་བཟང་བ་དང་། ནི་རུ་ཧ་རྣོ་འཇམ་བར་གསུམ་ལས་བར་མ་བཏང་ན་ཕན་ནུས་ཆེ། སྐབས་འདིར་ཕོ་བར་ནད་མི་ལུས་ཞེས་པའི་དོན་ནི་ནད་རོ་མི་ལུས་པ་གོ་དགོས། འབྱམས་པ་ནི་ཧ་ཅང་འཁྲུས་དྲགས་ནས་མི་ཆོད་པ་ལ་ཚ་འབྱམས་དང་གྲང་འབྱམས། སྨན་གྱི་རོ་ལུས་ནས་འབྱམས་པ། ནད་ཁ་བྱེ་ནས་འབྱམས་པ་བཅས་བཞི་ཡོད་ལ། དེ་ལས་གྲང་འབྱམས་ལ་ཚོ་ཁུ་(24)སྟེ་ཆུ་ཚ་མོ་བཟོས་རྗེས་མེ་དང་བྲལ་བར་བྱས་ནས་ནང་དུ་ཤ་ཚོན་པོ་འཕངས་ནས་དམར་པོར་གྱུར་པ་དེ་ཡིན། ཡང་ནད་ཁ་བྱེ་ནས་འབྱམས་པ་ལ་ཨིནྡ་བཞི་ཐང་ལ་དོམ་མཁྲིས་བཏབ་པ་དང་། ཨིནྡྲ་བཞི་ཐང་ངད་ཡལ་ཙམ་གྱི་དུས་སུ་དོམ་མཁྲིས་བླུག་དགོས་ཏེ་རྒྱུ་མཚན་ནི་ནུས་པ་མི་འཕྲོག་པའི་ཕྱིར་ཡིན། ཡང་སློབ་དཔོན་མཆོག་ནས་ཏིག་ཏ་བརྒྱད་པ་ཐུན་ཆུང་ངུ་བཏང་ནའང་ཕན་ཞེས་གསུངས། ཐུན་མོང་སྤྱི་བཤད་ལས་ནས་ཐུག་(ནས་སྔོན་གྱི་ཁུ་བ)སྟེ་ཆུ་བསྐོལ་ཚ་མོའི་ནང་བླུགས་ནས་ཅུང་བརྡུངས་པ་ན་ཕྱི་ཤུལ་ཡོང་བ་དང་ནང་གི་འབྲུ་སྔོ་རིལ་རིལ་ཡུན་རིང་པོ་བཙོ་དགོས་ལ། དེའི་ཁུ་བས་གཙོ་བོ་ཚ་བའི་རྗེས་གཅོད་ལ། བསྟེན་ཚུལ་ཐད་གཞོན་ནུ་དར་མའི་རིགས་ལ་ཉིན་གཉིས་གསུམ་དང་བྱིས་པ་དང་རྒན་པའི་རིགས་ལ་ཉིན་གཅིག་ཙམ་གྱིས་ཆོག་ལ་དེ་ལས་བརྒལ་ན་མཁལ་མ་དང་རྐེད་ཚིགས་ལ་གཟེར་འབྱུང་ངེས་སོ། །
          གསུམ། ཕྱི་རྗེས་སྐོར།
          བཤལ་གྱི་སྔོན་འགྲོ་དང་དངོས་གཞི་གྲུབ་ནས་ཕྱི་རྗེས་གཅོད་པའི་ཐབས་ལ་རྗེས་གཅོད་སྤྱིར་བསྟན་པ་དང་། དམིགས་བསལ་ལམ་ཁྱད་པར་བ། རྗེས་གཅོད་ནོར་བའི་སྐྱོན་གསུམ་གྱིས་བསྟན་ཡོད་པ། དོན་དུ་སྦྱོངས་བཏང་རྗེས་ཀྱི་ཟས་སྐོམ་བསྟེན་ཚུལ་ཡིན་ཏེ། ལུས་ཟུངས་གསོ་བ་དང་ནད་རོ་ཕྱིར་འདེད་པ་གཉིས་རྨང་གཞི་བྱས་ནས་ཁྱད་པར་རམ་དམིགས་བསལ་ཚ་རྗེས་གྲང་རྗེས་གཉིས་ཀྱི་རྗེས་གཅོད་དང་། གོ་རིམ་དེའི་ཁྲོད་ཚད་རོ་མི་འཕེལ་བ་དང་ཕོ་བའི་མེ་དྲོད་བསྲུང་རྒྱུ་ནི་གལ་ཆེན་དུ་གདམས་པ་ཡིན་ལ། སྤྱིའི་ཆ་ནས་ཟས་སྐོམ་ཉུང་ཙམ་ནས་རིམ་གྱིས་ཆ་བསྐྱེད་པ་དང་། སླ་བ་ནས་རིམ་གྱིས་གར་པོར་གཏོང་དགོས་ཤིང་། ལྟོ་བ་ཡུན་རིང་ན་རླུང་འཕེལ་བ་དང་སྣུམ་ཆེ་དྲགས་ན་མཁྲིས་པ་ལ་གནོད་པས་གཟབ་རྒྱུ་ནི་སློབ་དཔོན་མཆོག་གི་དུས་རྒྱུན་གྱི་ཞལ་ཤེས་མན་ངག་ཏུ་གྲུབ་ཡོད་པས་གླེངས་པའོ། །
          གསུམ་པ། སྦྱོངས་ཀྱི་སྐྱོན་ཡོན་ལས་འཕྲོས་པའི་གནད།
          སྦྱོངས་ཀྱི་ཉེས་སྐྱོན་ལ་ཐལ་དྲགས་པ་དང་ཞན་པའི་སྐྱོན་གཉིས་ཡོད་ལ། སྦྱོངས་དྲགས་པ་ན་ལུས་ཟུངས་ཟད་ཅིང་རླུང་སྐྱེ་བ། མེ་དྲོད་འཆི་བས་ཟས་སྨན་གཉིས་ཀ་དྲོད་བཅུད་བསྟེན་དགོས། སློབ་དཔོན་མཆོག་ནས་ཟས་ནི་ཡང་ཞིང་འཇུ་བའི་རིགས་དང་། སྨན་ནི་སེ་འབྲུ་བཞི་པ་(25)དང་། རྒྱམ་ཚྭ་བཞི་ཐང་། སེ་འབྲུ་དྭངས་གནས་སོགས་བསྟེན་དགོས་པ་དང་། སྦྱོངས་ཞན་པ་ནི་ནད་སློང་བ་ཙམ་ལ་དོན་དུ་ནད་མ་དག་པ་ཡིན་པས། ནད་ཀྱི་སྟོབས་བསྐྱེད་ནས་བད་མཁྲིས་འཕེལ་བས་ཕོ་བ་ལྟོགས་པ་དང་ཁ་སྐོམ་པ། ཟས་འཇུ་མི་འདོད་པའི་རིགས་ལ་གོང་གི་ཟས་སྨན་བསྟེན་ལ། སྐབས་འདིར་ནད་པའི་ཟུངས་ལ་བལྟོས་ནས་ཟུངས་བཟང་ན་སླར་ཡང་སྔོན་འགྲོ་བྱས་ལ་བསྐྱར་ལ་གཏོང་བ་དང་། ཟུངས་ངན་ན་ནི་རུ་ཧ་དང་འཇམ་རྩི་སྤེལ་མར་(26)གཏོང་བ་ནི་གཞུང་གི་དགོངས་པ་དང་སློབ་དཔོན་གྱི་ཉམས་མྱོང་ལས་བྱུང་བའི་གདམས་པའོ། །
          སྦྱོངས་ལེགས་པའི་ཡོན་ཏན་ནི་ནད་ཀྱི་རྩ་བ་ཆོད་ཅིང་བད་མཁྲིས་ལས་གྱུར་པའི་ཕྱི་ནང་གི་ནད་ཀུན་དག་པ་དང་།ལུས་ཡང་ལ་ཁོང་པའི་དྲོད་འབར་བས་ཡི་ག་འབྱེད་ཅིང་བཀྲེས་སྐོམ་དུས་སུ་འབྱུང་བ་དང་། བཤང་བ་དང་གཅིན་པ་གར་སླ་རན་པ་བདེ་བར་ཕྱིར་འབྱིན་པ་ནི་རྒྱུད་དང་ཉམས་ཡིག་ཁག་གཅིག་མཐུན་དུ་བསྟན་ཞིང་། འདིར་གནད་འགག་གཙོ་བོ་ནི་སྨན་ལ་ཞི་སྦྱོང་གཉིས་སུ་མ་འདུས་པ་མེད་ལ། དེ་གཉིས་ལས་སྦྱོང་བྱེད་སྨན་ནི་ནད་ཀྱི་རྩ་བ་རྩད་ནས་གཅོད་པར་བྱེད་པ་དངོས་བསྟན་ཡིན་ཞིང་། ཤུགས་སུ་ཞི་བྱེད་སྨན་ནི་ནད་ཀྱི་རྩེའམ་གཉའ་འགོ་གནོན་པར་བྱེད་པ་ཡིན་པ་གོ་ཐུབ་པས། འདི་ནི་ཞི་བྱེད་སྨན་དང་སྦྱོང་བྱེད་སྨན་གཉིས་ཀྱི་ཁྱད་པར་དངོས་འབྱེད་པའི་སྒྲུབ་བྱེད་རྣལ་མ་ཞིག་ཏུ་གྲུབ་པར་འདོད་དོ། །
          མཇུག་བསྡུ་བ།
          མཁས་དབང་ཆེན་མོ་བསྟན་སྲུང་གྲགས་པ་མཆོག་ནས་རྒྱུན་དུ་བཀའ་སློབ་གནང་དོན། བོད་ལུགས་གསོ་བ་རིག་པའི་ཞི་སྦྱོང་གཉིས་ཀྱི་ལག་ལེན་ཁག་གཞུང་བཞིན་ཚད་དུ་སྤེལ་ནས་བོད་ལུགས་གསོ་བ་རིག་པའི་རྐང་པ་བརྟན་པོ་འཛུགས་དགོས་ལ།གལ་སྲིད་དེ་གཉིས་ཀྱི་ལག་ལེན་རྣམས་མཐར་ཕྱིན་པར་སྤེལ་མ་ཐུབ་ཚེ་བོད་ལུགས་གསོ་བ་རིག་པའམ་ཡང་ན་བོད་ལུགས་གསོ་བ་རིག་པའི་སྨན་ཁང་ཞིག་ནམ་ཡང་བརྟན་པོར་འཛུགས་མི་ཐུབ། སྨན་པ་ཕན་ཚུན་བར་རོགས་རམ་བྱེད་པ་ལས་མཚང་འདྲུ་མི་ཉན་ལ་སྦྱོང་བྱེད་ལས་ལྔའི་ལག་ལེན་ལ་ཕྲད་པའི་དཀའ་ངལ་དང་དེའི་ཉེན་ཁར་གཡོལ་མི་ཉན། སློབ་མ་རྣམས་ནས་བོད་ལུགས་གསོ་བ་རིག་པར་མཐར་ཕྱིན་པར་བསླབས་ནས་བོད་ལུགས་གསོ་བ་རིག་པའི་ཐུན་མིན་རིག་གནས་སྦྱོང་བྱེད་ལས་ལྔའི་ལག་ལེན་ཁག་ཚུལ་བཞིན་དུ་སྤེལ་བ་དང་རང་ཉིད་ཀྱིས་ཁོང་དུ་ཆུད་པའི་རིག་གནས་རྣམས་སྦ་གསང་མེད་པར་དར་སྤེལ་དང་རྒྱུད་འཛིན་གཏོང་བ་ལས་རང་དགར་ཆུད་ཟོས་སུ་གཏོང་མི་ཉན་པ་སོགས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ལ་སྙིང་ནས་ཤ་ཚ་ཞིང་ཀུན་སློང་རྣམ་པར་དག་པ། རིག་གཞུང་གི་དགོངས་པ་དང་མཐུན་པའི་ཞལ་གདམས་རིན་ཐང་ཆེ་བ་གང་མང་ཡང་ནས་ཡང་དུ་གནང་ཞིང་ནན་གྱིས་གསུངས་པ་ནི་བོད་ཀྱི་གསོ་རིག་གི་ཚེ་རིག་འཛིན་པ་ཡོངས་ནས་དོ་སྣང་དང་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་པར་སེམས། རང་ཉིད་ཀྱིས་ཀྱང་སྦྱོང་བྱེད་ལས་ཧྲིལ་པོར་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་ལས་ལྔའི་མཆོག་གྱུར་བཤལ་གྱི་གནད་འགའ་ལ་དམིགས་བསལ་དུ་མཁས་དབང་ཆེན་མོ་བསྟན་སྲུང་གྲགས་པ་མཆོག་གི་རིག་གཞུང་དགོངས་པ་རྨང་གཞིར་བཞག་ནས་ཉམས་ཡིག་ཁག་དང་ནད་ཐོག་མྱོང་བྱང་དངོས་ལ་སྦྱར་ནས་གླེངས་ཡོད་པས། ཚད་ངེས་ཅན་ཞིག་ནས་དེ་དག་ནི་མཁས་དབང་བསྟན་སྲུང་གྲགས་པའི་སྦྱོང་བྱེད་ལས་ལྔའི་མཆོག་གྱུར་བཤལ་གྱི་དགོངས་བཞེད་ཡིན་ཞེས་བཤད་ཀྱང་མི་འགྲིག་པ་ཆེར་མེད་མོད། རང་ཉིད་ཀྱི་རྣམ་དཔྱོད་དང་ཤེས་བྱའི་ཆུ་ཚད་དམན་པའི་དབང་གིས་མ་རྟོགས་ལོག་རྟོག་དང་། གང་ཉིད་ཀྱི་དགོངས་བཞེད་དང་མི་མཐུན་པ། ལོག་པར་འགྲེལ་བ་སོགས་ཡོད་སྲིད་པས་རྒན་ལགས་ལ་སྙིང་ཐག་པ་ནས་དགོངས་འགལ་མེད་པར་ཞུའོ། །
          དཔྱད་གཞིའི་ཡིག་ཆ།
①གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་ 610
②སྤྱིར་དགུན་དུས་ནི་མཁྲིས་པ་ཞི་བ་དང་ཕྱི་རོལ་གྲང་ངར་ཆེ་བས་བ་སྤུའི་བུ་ག་ཆེ་ཕྲ་ཐམས་ཅད་བསྡམས་ཡོད་པས་མི་རུང་ཞིང་། འོན་ཀྱང་དེང་དུས་དྲོད་རླངས་སོགས་ཆ་རྐྱེན་འཛོམས་ན་རུང་། རྒན་པ་ལོ་བདུན་ཅུ་ཡན་ལ་མི་རུང་ཡང་གསོ་བྱ་སོ་སོའི་ཟུངས་སྟོབས་ལ་དཔགས་ནས་ཟས་ལ་དང་ག་ཡོད་པ་དང་། ལུས་ཀྱི་སྟོབས་ཡོངས་རྫོགས་ཟད་མེད་པ་ལ་སྦྱོང་གཏོང་རུང་ཞིང་། ལག་ལེན་དངོས་ནང་ལོ་བརྒྱད་ཅུའི་ནང་ལ་བཏང་མྱོང་། འདྲེ་ཁ་རྒོད་པ་སྟེ་འགྲུལ་སྣ་ཅན་དང་གདོན་ཅན་གྱི་རིགས་ལ་སྦྱོངས་གཏོང་མི་རུང་སྟེ། གདོན་བཅོས་རིགས་ཁོང་དུ་གཏོང་བའམ་ཡང་ན་མར་ཁུའི་རིགས་བཏང་ནས་གདོན་བཟི་བའམ། བསྲུང་བ་ལུས་ལ་འདོགས་པ། དྲི་མ་སྣ་ལ་བདུག་རྒྱུ། དྲག་པོའི་སྒོ་ནས་སྔགས་དང་རྫས་ཀྱིས་འདུལ་བ། ཞི་བའི་སྒོ་ནས་བརྔན་པ་བྱིན་ནས་དབྱུང་རྒྱུ་སོགས་གདོན་རྟགས་ཞི་བའི་རྗེས་སྦྱོང་གཏོང་རུང་། རྩ་བའི་ཆ་ནས་སྦྲུམ་ལྡན་ལ་སྦྱོངས་གཏོང་མི་རུང་བར་གསུངས་ཀྱང་། ཡིན་ནའང་དམིགས་བསལ་གྱི་སྦྱོངས་གཏོང་དགོས་ཚེ་བ་སྤྲུ་བསྡེབས་པས་བུ་མི་འཆོར་བས་ལག་ལེན་གལ་ཆེ་ལ། ཡང་འཇམ་སྦྱོང་དེད་དཔོན་བཅུ་སྦྱོར་ལྟ་བུ་གཏོང་ཚེ་བདུན་ཕྲག་མང་པོ་མ་འགོར་ཚེ་མངལ་གནས་ལ་ཕོག་ཐུག་ཆེ་བ་དང་། ཟླ་བ་དྲུག་བདུན་འདས་ན་མངལ་གནས་སྨིན་ཡོད་པས་ཕོག་ཐུག་ཆུང་བའོ། །རླུང་ནད་ཅན་ནི་བཤལ་དགྲ་རླུང་ཡིན་པས་མི་རུང་ཡང་། རླུང་ནད་ཁ་ཅིག་དང་ཡང་ན་སྣུམ་འཆོས་བྱས་ཚར་རྗེས་སྦྱོངས་གཏོང་རུང་། ཐུར་སེལ་ལོག་པ་སྟེ་སྦྱོངས་བཏང་ན་མར་རྒྱུ་ལམ་དུ་མི་འགྲོ་བར་ཡར་སྐྱུག་པས། སྔ་ཙམ་ནས་རླུང་མར་གནོན་པའམ་འཇམ་རྩི་དང་ནི་རུ་ཧ་སྤེལ་མར་བཏང་ནས་རླུང་ལོག་པ་བསྲངས་ནས་གཏོང་དགོས། སྐྱུག་ལངས་ཅན་ལ་གསང་ནས་གཏོང་རུང་། ཞེས་སློབ་དཔོན་མཆོག་གི་སློབ་ཁྲིད་ཟིན་བྲིས་ལས་བཤུས།
③མན་ངག་རྒྱུད་ཀྱི་ཚ་བ་སྤྱིའི་སྨིན་ཐང་གསུམ་ནི། སྨིན་པར་བྱེད་པའི་ཐང་ལ་རྣམ་གསུམ་སྟེ། །མ་ནུ་བཞི་པས་བད་རླུང་སྨིན་པར་བྱེད། །ཏིག་ཏ་གསུམ་པས་མཁྲིས་ཚད་སྨིན་པར་བྱེད། །འབྲས་བུ་གསུམ་གྱིས་ཁྲག་ཚད་སྨིན་པར་བྱེད། །ཅེས་སོ། །བྱེར་བ་སྡུད་པ་ནི། ཚ་བ་སྤྱིའི་སྡུད་ཐང་ནི། སྡུད་ཐང་མ་ནུ་བཞི་དང་འབྲས་བུ་གསུམ། །ག་བྲ་གསུམ་པའི་ཐང་ལ་བུ་རམ་བཏབ། །ཚད་པ་རླུང་གིས་བྱེར་བ་སྡུད་པར་བྱེད། །ཅེས་དང་། སྨུག་པོའི་སྐབས་སུ། བྱེར་ཚབས་ཆེ་ན་བསྡུ་བསད་སྦྱང་བར་བྱ། །བསྡུ་བ་ཕག་ཁྲག་མ་ནུ་འུ་སུ་དང་། །སྟར་བུ་ཀ་ར་སྦྱར་བས་བྱེར་བ་བསྡུ། །ཡང་ན་སེ་འབྲུ་སེ་རྒོད་བར་ཤུན་དང་། །རེ་རལ་ཕག་ཁྲག་ཀ་ར་བ་འོས་དབུལ། །ཡང་ན་ཚ་ལ་འོ་མ་སྦྱར་བས་བསྡུ། །དེ་དག་ཀུན་གྱིས་སྨུག་པོ་སྤྱི་རུ་སྡུད། །སེར་པོ་གསུམ་ཐང་སྟོད་དུ་བྱེར་བ་བསྡུ། །ཚ་ལ་ཚོས་གསུམ་ཐང་གིས་སྨད་བྱེར་སྡུད། །ཅེས་སོ། ། དེལ་དམར་གྱི་《གསོ་རིག་གཅེས་བཏུས་》ལས། “ཆུ་སེར་བྱེར་བར་སེ་རྒོད་ཐང་གིས་བསྡུ། །མཁྲིས་བྱེར་མ་ནུ་སྐྱེར་ཤུན་ཐང་གིས་བསྡུ། །མོ་ནད་སྟོད་བྱེར་སླེ་སྐྱེར་ཕག་ཁྲག་དང་། །འུ་སུ་འཕང་མའི་འབྲུ་དང་འབྲས་གསུམ་བསྡུ། །སྨད་བྱེར་ཚོས་གསུམ་འོལ་མོ་འབྲས་སྣ་གསུམ། །སྲམ་ཤ་ཚ་ལའི་ཐང་གིས་བསྡུ་བར་བྱེད། །ཚིགས་བྱེར་མ་ནུ་ཕག་ཁྲག་འུ་སུ་དང་། །བྱི་བཟུང་འཕང་མ་ཀར་སྦྱར་ཐང་གིས་བསྡུ། །དེ་སོགས་ཀུན་ལ་བསྡུ་ཐང་ཞག་བདུན་གཏོང་། །འདུས་རྟགས་མིག་སྤྲིན་བཞིན་མདོག་དཀར་བ་དང་། །ཆུ་དམར་དང་ག་འགག་ཅིང་ལུས་ཁམས་ཉོབ། །གཉིད་ཆེ་ཁ་ཁ་ལུས་ལྕི་ན་ཡུལ་ལྡང་། །སྐོམ་དད་ཆེ་ལ་ཤེས་པ་འཐིབ་དུས་སྦྱོང་། །”ཞེས་དང་། ཡང་འདྲིལ་བ་བཤིག་པ་ལ་རྒྱུད་ལས། ནང་སྐྲན་སྨན་ལ་བར་སྐྲན་ཐུར་མས་བཤིག །ཕྱི་སྐྲན་བུམ་པར་དྲངས་ལ་དམར་འབྱིན་བྱ། །དེ་ལྟར་ཤེས་ན་འཚོ་བྱེད་སྨན་པ་ཡིན། །ཞེས་དང་། ཐལ་སྨན་སྦྱར་བའི་རིལ་བུས་བཤིག་ལ་སྦྱང་། །ཞེས་སོགས་དང་གཞན་《ཤིང་བཟའི་ཕྱི་མ་རྒྱུད་ཀྱི་མཆན་འགྲེལ་》ནང་དུའང་རྒྱས་པར་གསུངས་ཡོད།
④གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་ 618
⑤⑥⑩གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་ 616; 616; 640
⑦དེའུ་དམར་བསྟན་འཛིན་ཕུན་ཚོགས། 《ཤེལ་གོང་ཤེལ་ཕྲེང》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་ 273
⑧《ཕྱི་མ་རྒྱུད་》ཀྱི་བཤལ་གྱི་ལེའུར། “མཁན་པ་སྦང་མ་ཆུ་འཇམ་བསྲོས་པ་ཡིས། །ལུས་ཀུན་དག་པར་བཀྲུས་རྗེས་མར་གསར་དང་། །འབྲུ་མར་ཚ་གྲང་ནད་དང་སྦྱར་བྱས་ཏེ། །”ཞེས་གསུངས་སོ། །
⑨《དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་གསོ་རིག་གཅེས་བཏུས》 (སྨད་ཆ) ཤོག་ངོས་907ལས། “བཤལ་སྐྱུག་དང་རྩ་སྦྱོང་གི་ལག་ལེན་རྒྱུད་ཀྱི་དགོངས་པ་གསལ་བར་བྱེད་པའི་ཞལ་གདམས་ཟིན་བྲིས་ཉི་མའི་སྙིང་པོ་ལས། གུ་གུལ་སྤང་སྤོས་སྦྱར་བའི་བྱུག་པ་བྱ། །”ཞེས་གསུངས་ཡོད་པ་ལས་ཤེས།
⑪གཙོ་སྒྲིག་པ། བསོད་ནམས་འཆི་མེད། 《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་བཞུགས་སོ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2019ལོ། ཤོག་ངོས་345
⑫གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་89
⑬དེའུ་དམར་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས》(སྨད་ཆ) [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་907
⑭སྐྱེམ་པ་ཚེ་དབང་གིས་མཛད་པའི་《སྐྱེམ་པའི་རྒྱུད་བཞིའི་འབྲུ་འགྲེལ་》གྱི་གྲུབ་པ་ལུས་ཀྱི་སྐབས་སུ་གསུངས་ཡོད། སྟོད་ཆའི་ཤོག་ངོས་195རུ་གསལ།
⑮དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་གསུང་རྩོམ་ལས་དཔལ་ལྡན་རྒྱུད་ཀྱི་དགོངས་པ་ལྟར་འགྲོ་དགོས་ཚུལ་གསུངས་ཡོད་པས་བཀོད་པ་སྟེ། 《ཕྱི་མ་རྒྱུད་》ལས།“ཨ་རུ་ར་ནི་ཐལ་ཚན་གསེབ་ཏུ་འདུལ། །དནྡ་རོག་པོ་ལྕེ་གདོན་ཕྱེ་ལ་འདུལ། །ཤཱི་ཁཎྜ་མར་དཀར་ནང་དུ་འདུལ། །དུར་བྱིད་རྐང་ཤུན་དུག་ཕྲལ་ཡོས་སུ་འདུལ། །”ཞེས་དང་། “དུག་དང་ཕྲལ་བ་རྩ་སྡོང་ལྤགས་རྐང་དུག །ཡལ་གའི་ཚིགས་དུག་ངར་པ་ལོ་མའི་དུག །མེ་ཏོག་གོས་དུག་རུས་པ་འབྲས་བུའི་དུག །ཞོ་རྐང་ཚི་བ་གསུམ་ལ་དུག་མེད་དེ། །དྲེག་པ་ལྤགས་དུག་ཤ་གདན་བར་ཤུན་དུག །དུག་ཕྲལ་སྨན་ནི་འཇམ་ཞིང་འཇུ་བ་སླ། །”ཞེས་བསྟན་ནོ། །
⑯དེའུ་དམར་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས》 (སྨད་ཆ) [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་908
⑰རང་ཉིད་ཀྱིས་སློབ་དཔོན་མཆོག་གི་དཔེ་ཁྲིད་རེ་རེ་ཟིན་བྲིས་སུ་བཏབ་ནས་དབྱེ་ཞིབ་བྱས་ན་《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》གི་དགོངས་པ་དང་མཐུན་ས་མང་བར་མཐོང་བས་དེ་ལྟར་བཤད་པ་ཡིན་ལ། གལ་ཏེ་ནོར་བའི་ཆ་ཡོད་ན་སློབ་དཔོན་མཆོག་ལ་མཐོལ་ལོ་བཤགས་སོ། །
⑱དགའ་བའི་རྡོ་རྗེ། 《སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་143
⑲སློབ་དཔོན་མཆོག་ནས་གསོ་རླུང་ནི་སྤྱིའི་ཆ་ནས་དེང་སང་གི་“氧气”ལ་གོ་བ་དང་། འབྲོང་དང་གཡག་གི་སྙིང་མེ་ལ་བསྲེགས་ཤིང་དུད་པས་བདུགས་ན་ནུས་པ་ཡག་པར་མཐོང་ཞེས་དཔེ་ཁྲིད་སྐབས་སུ་གསུངས་མྱོང་།
⑳གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་626 
(21) (22)གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་616; 616
(23)《བཤད་རྒྱུད་》ལས། “ཨ་རུ་དནྡ་དོང་ག་ཤྲཱྀ་ཁཎ། །དུར་བྱིད་ཐར་ནུ་ལྕུམ་རྩ་སྔོན་བུ། །ཁྲོན་བུ་ཙི་སྟག་རེ་ལྕག་ཆུ་རྩ་རྣམས། །འཁྲུ་བར་བྱེད་པའི་སྨན་གྱི་སྡེ་ཚན། །”ཞེས་གསུངས་པ་ལས་བཤལ་སྨན་སྡེ་བསྟན་ཡོད་ལ། སྒོས་སུ་ཐར་ནུ་དང་། དུར་བྱིད། ཁྲོན་བུ་སོགས་ཀྱི་བཏུ་དུས་ནི་གལ་ཆེ་བར་མ་ཟད། རྩ་བ་ཡོངས་རྫོགས་མི་བསྣད་པར་ནང་གི་ཞོའི་བཅུད་མི་འཆོར་བ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། ཞོ་ཤོར་ན་ནུས་པ་ཡལ་འགྲོ་བ་ཡིན་ཞེས་དཔེ་ཁྲིད་སྐབས་སུ་སློབ་དཔོན་མཆོག་ནས་ཡང་ཡང་གསུངས་མྱོང་།
(24)《དེའུ་དམར་གྱི་ཞལ་གདམས་ཟིན་བྲིས་སྙིང་པོ་》ལས། “དེ་ལ་ཚོ་ཁུས་བཅད་ཅེས་གསུངས་པ་ནི། །ཤ་ཚོ་ཞིབ་བཏུལ་ཚིལ་དང་རུས་པ་དོར། ། རྡོ་ཁོག་མེར་བསྲེགས་མེ་མེད་བདེ་སར་ཕོག །དེ་ཡི་ནང་དུ་ཤ་དང་ཆུ་ཚན་བླུགས། །ཁོག་མར་བསྐོལ་ལ་ཡང་ཡང་བསྣན་པའི་ཆུ། །སྙིགས་མ་ཕྱུངས་པའི་ཁུ་བ་བཏང་བས་ཆད། །”ཅེས་དང་། 《གཡུ་ཐོག་དགོངས་རྒྱན་》གྱི་ཤོག་ངོས་497ལས། “ཚོ་ཁུ་མེ་མ་འཕྲད་པ། རྡོ་ཁོག་མེ་ལ་བསྲེག་པ་ཕྱིར་ཕོག་པའི་ནང་དུ་ཚོ་ཤ་གྲི་འཐག་བྱས་པ་དང་། ཆུ་ཕྲན་བུ་གཉིས་མཉམ་བུ་བླུག་པའི་ཁུ་བ་ལ་ཟེར་ཞེས་གོང་སྨན་པས་མཛད་པའི་པོད་དམར་ལས་གསལ།” ཞེས་གསུངས་པ་ལས་དཔྱོད་ཅིག
(25)《དེའུ་དམར་གྱི་ཞལ་གདམས་ཟིན་བྲིས་སྙིང་པོ་》ལས། “བཀྲེས་ལ་སྐོམ་ན་སེ་འབྲུ་བཞི་པ་དང་། །རྒྱམ་ཚ་བསྣན་པས་ཕོ་བའི་མེ་དྲོད་གསོ། །” ཞེས་གསུངས་པ་ལས་དྲངས་པའོ། །
(26)སློབ་དཔོན་མཆོག་གི་དཔེ་ཁྲིད་ཀྱི་སྐབས་སུ། ནི་རུ་ཧས་རྒྱུ་མའི་བད་མཁྲིས་འཕེལ་བ་དག་པར་བྱེད་པ་དང་། འཇམ་རྩིས་རླུང་ནི་དཔྱི་རྐེད་ལ་བརྟེན་སྨད་ན་གནས་པས་སྨད་ཀྱི་དྲོད་གསོས་ནས་རླུང་ཁ་གནོན་པས་ཕན་ཞིང་། དེར་དག་པར་བྱེད་པ་ལ་ཡང་ནི་རུ་ཧ་སྤེལ་ནས་ནང་གི་བད་མཁྲིས་ཀྱི་སྟོབས་རྫོགས་པར་བྱ་དགོས་ཞེས་གསུངས་མྱོང་།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1