ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་སྒྱུ་རྩལ་པར་འཕྲིན་ལན་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-29



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་དངོས་སུ་བཙུགས་ནས་ལོ་ངོ་20འཁོར་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་12ཚེས་25ཉིན་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་སྒྱུ་རྩལ་པར་འཕྲིན་ལན་སྤྲིངས་ནས་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་འཁྲབ་སྟོན་མི་སྣ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་ཚོས་ཏང་གི་རིག་རྩལ་མཛད་ཕྱོགས་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས་ཟློས་གར་ཁང་བཙུགས་པའི་ཡན་ཨན་གྱི་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་། ཡན་ཨན་གྱི་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། སྒྱུ་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བླ་ན་མེད་པའི་འོས་འགན་ལག་ལེན་ཧུར་ཐག་བཅས་བྱས་ནས་རིག་རྩལ་བྱ་གཞག་དར་རྒྱས་དང་འཕེལ་རྒྱས་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། སྒྱུ་རྩལ་པ་ཚོས་གར་སྟེགས་ཐོག་སྐད་གྲགས་མེད་པར་འབད་འབུངས་དང་དཀའ་སྤྱད་ཀྱིས་ལེགས་སྐྱེས་ཕུལ་ནས་ནང་དོན་ཕུན་སུམ་ཚོགས་པ་དང་། ཀུན་སྤྱོད་བཟང་བ། ཤུགས་རྐྱེན་ཟབ་པ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ནས་ཀུན་སྤྱོད་དང་སྒྱུ་རྩལ་གྱི་རྣམ་པ་ཟབ་ཏུ་བཏང་ཡོད་ཅེས་གསུངས་ཡོད།
     ཞི་ཅིན་ཕིང་གིས་ཚང་མས་ཡང་འབད་བསྐྱར་འབད་བྱས་ཏེ་དུས་རབས་ཀྱི་འཕེལ་ཕྱོགས་ལ་དམ་པོར་དམིགས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ། དྲང་སྲུང་གསར་གཏོད་མཐའ་འཁྱོངས་བཅས་བྱས་ཏེ་བརྩེ་སེམས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ཏེ་དུས་རབས་གསར་པའི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་དང་མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
     རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་སྔ་མིང་ནི་1941ལོར་བཙུགས་པའི་ཡན་ཨན་གཞོན་ནུ་སྒྱུ་རྩལ་ཟློས་གར་ཁང་ཡིན་ཞིང་། ཕྱིས་སུ་མིང་ཁ་ཤས་བསྒྱུར་བ་དང་2001ལོའི་ཟླ་12ཚེས་25ཉིན་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་དངོས་སུ་བཙུགས་པ་རེད། ཉེ་ཆར། རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་སྒྱུ་རྩལ་པ་16གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་བཅུ་གཅིག་པ་དང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་བཅུ་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་དེ་བཞིན་ཟློས་གར་ཁང་བཙུགས་ནས་ལོ་ངོ་80སོང་རིང་གི་འཕེལ་རྒྱས་གནས་ཚུལ་སྙན་སེང་ཞུས་ནས་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱས་ཏེ་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1