གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

བསོད་ནམས་འཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༢༩ཉིན།

༄༅།།དེང་རབས་སློབ་ཁྲིད་བྱེད་ཐབས་སྐོར་གྱི་བསམ་ཚུལ་ཐོར་བུ།


ཀོས་ནན་རྫོང་མི་རིགས་སློབ་འབྲིང་། བསོད་ནམས་འཚོ།
        སློབ་ཁྲིད་ཀྱི་ལྟ་བ་ཡིས་དགེ་རྒན་གྱི་ལག་ལེན་བྱེད་སྒོར་ཁ་ལོ་བསྒྱུར་བ་སྟེ། དགེ་རྒན་གྱིས་ཁྲིད་པ་ནས་སློབ་མས་སློབ་པའི་ཕྱོགས་སུ་སྙེག་པ་ནི་དེང་རབས་སློབ་ཁྲིད་བྱེད་ཐབས་ཀྱི་ལྟ་ཚུལ་གསར་པ་རེད། དེ་བས་ང་ཚོས་ཕྱོགས་ཡོངས་ལ་དམིགས་ཏེ་སློབ་མ་རེ་རེར་ཐུགས་ཁུར་དང་བརྩི་འཇོག་བྱ་དགོས་པར་མ་ཟད་ཁོ་ཚོར་མཛུབ་སྟོན་ཡང་བྱ་དགོས། དེས་ན་གཤམ་དུ་ལོ་འདི་འགའི་རིང་གི་བྱ་བའི་ཉམས་མྱོང་ལས་ཐོབ་པའི་ལྟ་ཚུལ་ཕྲན་བུ་འགའ་བརྗོད་པ་ལ།

གཅིག སློབ་གསོ་མཁན་དང་སློབ་སྦྱོང་བྱེད་མཁན་གཉིས་ལས་གང་ཞིག་ལྟེ་བར་འཛིན་དགོས་སམ།
        སྔོན་ཆད་ཡོད་ཚད་བཀག་རྒྱ་ཞིག་ལས་མ་འདས་པས། ཐུན་ཧྲིལ་པོར་སློབ་གསོ་གཏོང་མཁན་ལྟེ་བ་དང་སློབ་སྦྱོང་བྱེད་མཁན་ཕལ་བར་སྣང་སྟེ། ཁོ་ཚོས་ས་ལ་བརྡབས་པའི་ཕུར་བ་བཞིན་གཡོ་འགུལ་ཅི་ཡང་མེད་པའི་ཁར་སྐྲག་སྣང་དང་ཐེ་ཚོམ། སུན་སྣང་སོགས་རྐྱེན་གང་རུང་གིས་གཉའ་སྒུར་སྒུར་དང་གུས་ཞུམ་ཞུམ་ངང་སློབ་ཁྲིད་ལ་མི་ཉན་ཐབས་མེད་ཡིན། ངས་བལྟས་ན་ང་ཚོ་སྲོལ་རྒྱུན་གྱི་ལྟ་བ་དེ་དག་ལས་རིང་དུ་བརྒལ་ནས་རིག་སྟོབས་བཀོལ་སྤྱོད་ཀྱི་བྱེད་སྒོ་གསར་འཛུགས་བྱེད་མཁན་ཞིག་ཡིན་རྒྱུ་ན་བསམས། རྒྱུ་མཚན་ནི། གལ་ཏེ་སློབ་མའི་ལྷན་སྐྱེས་ཀྱི་ཤེས་རབ་དང་དེའི་སྒུལ་ཤུགས་ཁས་མི་ལེན་པར་དྲག་ཤུགས་དང་རང་རློམ་གྱི་བྱེད་ཐབས་སྤྱད་ན་འཇོན་ཐང་ལྡན་པའི་མི་སྣ་ཞིག་སྐྱེད་སྲིང་བྱ་ནུས་སམ། ང་ཚོས་སློབ་མས་གཞན་ལ་མ་བརྟེན་པར་རང་སྟོབས་ལ་གཞི་བཅོལ་ཏེ་མིག་སྔར་གྱི་གནད་དོན་ཐག་གཅོད་ཐུབ་པའི་ནུས་པ་ངོ་མ་དེར་ཡིད་ཆེས་དང་བརྩི་འཇོག་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་སློབ་ཁྲིད་བྱེད་མཁན་དང་སློབ་སྦྱོང་བྱེད་མཁན་གཉིས་ལ་སོ་སོར་སྤྱི་ཚོགས་ཀྱིས་ལས་བགོས་མི་འདྲ་བ་རེ་བཀོད་སྒྲིག་བྱས་ཡོད་པ་རྟོགས་ཐུབ་ལ། རེ་རེ་ནས་བཏོན་པའི་སྟོབས་ཤུགས་ལའང་ཁྱད་ཆོས་མཚུངས་མིན་མངའ་བ་ཤེས་ནུས། དེ་བས་དགེ་རྒན་གྱིས་ཁྲིད་པ་ཁོ་ནའི་ཐད་ལ་བསམ་བློ་མི་གཏོང་བར་སློབ་མས་ཇི་ལྟར་སློབ་པའི་ཐད་ལའང་དོ་སྣང་གལ་ཆེན་བྱས་ན། སྔོན་ཆད་ཀྱི་སློབ་གསོ་གཏོང་མཁན་ལྟེ་བ་ཡིན་པ་ནས་ད་ལྟའི་སློབ་སྦྱོང་བྱེད་མཁན་ལྟེ་བར་གྱུར་པའི་འགྲོས་དང་མཐུན་པར་འགྱུར་ངེས།

གཉིས། དགེ་སློབ་འདྲ་མཉམ་གྱི་ལྟ་བ་ནི་དེང་རབས་སློབ་གསོའི་འཕེལ་རྒྱས་དང་འབྲེལ་བ་ཡོད།
        དགེ་རྒན་ནི་སྤུས་ཚད་སློབ་གསོ་ལག་བསྟར་བྱེད་པ་པོ་དང་སློབ་མ་ནི་དང་ལེན་བྱེད་མཁན་ཏེ། དགེ་སློབ་ཟུང་གི་འབྲེལ་བ་གསར་འཛུགས་བྱ་དགོས་ན། འདྲ་མཉམ་གྱི་ལྟ་བ་ནི་དེང་རབས་སློབ་གསོའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་རྟོགས་པར་བྱ་དགོས། ཡིན་ནའང་འདས་ཟིན་པའི་སློབ་ཁྲིད་ཀྱི་བྱེད་སྒོའི་ནང་ང་དང་འདྲ་བའི་མི་བགྲང་ལས་འདས་པ་ཞིག་གིས། ཟུར་ཟ་དང་རྡུང་རྡེག་སྡིགས་མོ་སོགས་ལ་བརྟེན་པའི་སློབ་གསོ་མྱངས་པས། དགེ་རྒན་ལ་བྲན་བདག་ཡིན་པའི་འདུ་ཤེས་ཤིག་སྐྱེས། ད་ལྟ་བསམ་ཞིང་བསམས་ན་བྱེད་ཐབས་དེ་དག་ནི་མིའི་རང་དབང་འཕྲོག་བྱེད་ཀྱི་མི་མངོན་པའི་ལག་ཆ་ཡིན་ལ། མིའི་ཐོབ་ཐང་ལ་དོ་སྣང་མི་བྱེད་པའི་ལྟ་ཚུལ་རྙིང་པ་ཞིག་ཀྱང་རེད།གལ་ཏེ། ང་ཚོས་ལག་པ་གཉིས་ཀ་འགུལ་ཤེས་པའི་མི་གཞི་ཞིག་སྐྱོང་བར་རང་དབང་དང་འདྲ་མཉམ་གྱི་ལྟ་བ་ཅི་ཡང་མི་འདོན་པར་གླེན་རྟགས་འབའ་ཞིག་གི་ནུས་པ་བཀོལ་སྤྱོད་བྱ་རྒྱུ་ཟེར་ན། སློབ་མའི་དགའ་ཞེན་དང་ཡིད་ཆེས་ཐོབ་སྲིད་དམ། དེ་ཡང་སུའུ་ལེན་རྒྱལ་ཁབ་ཀྱི་སློབ་གསོ་པ་སུའུ་ཧོ་མོ་ལིན་སི་ཅུས་བྱིས་པ་ཞིག་སློབ་གྲྭའི་སྒོ་ཆེན་འགྲིམས་ནས་ཁྱོད་ཀྱི་སློབ་མར་གྱུར་པའི་སྐབས་ཉིད་ན། ཁོས་ཁྱོད་ལ་ཡིད་རྟོན་ཚད་མེད་བྱེད་པས། ཁྱོད་ཀྱི་སྐད་ཆ་རེ་རེ་ཁོ་ཚོར་མཚོན་ན་བླ་ན་མེད་པའི་བདེན་དོན་ཉིད་དང་ཁྱད་དུ་འཕགས་པའི་དཔེ་མཚོན་ཡིན། ཞེས་གསུངས་པ་ལྟར། ང་ཚོས་སྒོ་ཀུན་ནས་ཁོ་ཚོ་ལ་བྱམས་སེམས་དང་དྲང་གཞག གཅེས་སྐྱོང་དང་ཡིད་ཆེས་སོགས་བྱས་ན། ད་གཟོད་དགེ་སློབ་ཟུང་གི་སེམས་ནི་ཆུ་དང་ཉ་མོ་བཞིན་ཡོངས་སུ་འདྲེས་ཏེ་སུས་ཀྱང་སོ་སོར་ཕྱེས་མི་ཐུབ་པའི་གནས་ལ་བསླེབ་སྲིད། མདོར་ན། སློབ་མའི་བདེ་ཐང་གི་མི་གཤིས་གསོ་སྐྱོང་བྱས་ཏེ། དེང་རབས་སློབ་གསོའི་འཕེལ་རྒྱས་ཀྱི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་ནི་དགེ་རྒན་གྱི་ལས་གནས་ན་འདུག་ཁུལ་བྱེད་པའི་ང་རང་ཚོའི་འོས་འགན་ལགས།

གསུམ། རང་གཤིས་གོང་འཕེལ་གྱི་ལྟ་བ་མཐོ་རུ་འདེགས་པ་དེ་གསར་གཏོད་དང་འབྲེལ་བ་དམ་པོ་ཡོད།
        དེ་ཡང་ང་ཚོས་སློབ་མ་ནི་དགེ་རྒན་གྱི་བཀའ་བཀོད་ལ་ཉན་པའི་གཞན་དབང་གི་ཡུལ་ཅན་དུ་མི་འཛིན་པར། ཁོ་ཚོར་བསམ་གཞིག་གཏོང་བ་དང་། ཞིབ་དཔྱོད་བྱེད་པའི་གོ་སྐབས་སྟེར་བ་དང་། གཞན་ཡང་དགེ་རྒན་རང་ཉིད་ཆེས་མཐོ་བའི་ཡོན་ཏན་ཅན་དང་བསླབ་དེབ་ཡོན་ཏན་གྱི་འབྱུང་ཁུངས་ཉག་གཅིག་ལ་ངོས་མི་འཛིན་པར། སློབ་མའང་མཐོང་ཐོས་མྱོང་གསུམ་ལས་ཐོབ་པའི་ཤེས་བྱས་ཀུན་ནས་ཕྱུག་ལ། སྤྱི་ཚོགས་ཀྱང་ཡོན་ཏན་གྱི་འབྱུང་ཁུངས་ངོ་མ་ཞིག་ཡིན་པ་ཁས་ལེན་རྒྱུ་དེ་ཡིན་པས། ང་ཚོས་ཁོ་རང་ཚོའི་གསར་གཏོད་ཀྱི་ནུས་པ་སྔོག་འདོན་དང་གྲུབ་འབྲས་ལ་གདེང་འཇོག་བྱེད་པ་ལས་དགག་རྒྱག་དང་ངོ་རྒོལ་བྱེད་མི་རུང་།
        དཔེར་ན། དུས་རྒྱུན་སློབ་ཁྲིད་ཀྱི་བྱེད་སྒོའི་ཁྲོད་ནས་བྱིས་པའི་ལྟ་བ་དང་ལེན་བྱེད་པ། འཚོ་བར་ཐུགས་ཁུར་བྱེད་པ། དཀའ་ངལ་སེལ་རོགས་བྱེད་པ། དགའ་སྣང་གསོ་སྐྱོང་བྱེད་པ་བཅས་བྱས་ན། ཁོ་ཚོར་ཐོབ་པ་ནི་དགེ་རྒན་གྱི་བརྩི་བཀུར་རེད། འོན་ཀྱང་དེ་ལས་ལྡོག་སྟེ། ཁོ་ཚོའི་མི་གཞི་ཁྱད་གསོད་དང་འཚོ་བར་བཀག་རྒྱ་སོགས་བཏང་ན། ཁ་སང་དྲན་པའི་གསར་གཏོད་ཀྱི་འདུ་ཤེས་དེ་དེ་རིང་མེད་པར་འགྱུར་འགྲོ་ལ།དེ་རིང་དྲན་པའི་གསར་གཏོད་གྱི་ཀུན་སློང་ཡང་སང་ཉིན་ཡལ་འགྲོ་བས། སློབ་མ་དང་བར་ཐག་ཇེ་ཉེར་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་སློབ་མའི་རང་གཤིས་གོང་འཕེལ་དུ་གཏོང་བར་འབད་རྒྱུ་ནི་གཙོ་ཆེ་བ་ཞིག་ལགས། མདོར་ན་ང་ཚོས་སྤུས་ཚད་སློབ་གསོའི་ཁ་ཕྱོགས་དང་བསྟུན་ནས་ལུས་སེམས་གཉིས་ཀ་བདེ་ཐང་ཡིན་པའི་མི་སྣ་ཞིག་གསོ་སྐྱོང་བྱ་དགོས་པ་དེ་ཡིན་ནོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1