ཉག་ཆུའི་ཆུ་ཁ་གཉིས་ཀྱི་ཆུ་ཤུགས་གློག་ཁང་གི་རགས་ཆེན་བཀག་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-30



     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ས་རྡོ་མཐའ་མ་དེ་རགས་ཆེན་གྱི་སྒྲོམ་ནང་བླུགས་ནས་རགས་ཆེན་གྱི་མཐོ་ཚད་སྨི་2875བར་བསྐངས་བ་དེ་ཐོག་ནས་ཉག་ཆུའི་ཆུ་ཁ་གཉིས་ཀྱི་ཆུ་ཤུགས་གློག་ཁང་གི་རགས་ཆེན་དགག་རྒྱུ་ལེགས་གྲུབ་ཟིན་པ་མཚོན་ཡོད་པ་རེད།
     ཆུ་ཁ་གཉིས་ཀྱི་ཆུ་ཤུགས་གློག་ཁང་དེ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་གནས་པ་དང་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་300ཟིན་གྱི་ཡོད་པ་དང་། གློག་ཁང་གི་ཆུ་མཛོད་ཀྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་108ཟིན་པ། ལོ་མང་སྙོམས་སྒྲིག་ནུས་པ་ལྡན་པ། ལོའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་110ལྷག་ཙམ་ཟིན་གྱི་ཡོད་པ་བཅས་རེད།
     ཆུ་ཁ་གཉིས་ཀྱི་ཆུ་ཤུགས་གློག་ཁང་ནི་རྒྱལ་ཁབ་དང་སི་ཁྲོན་ཞིང་ཆེན་གྱི་གཙོ་གནད་ལས་གྲྭ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ནུས་རྒྱུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལེགས་སུ་གཏོང་བའི་འཐབ་ཇུས་ལས་གྲྭ་ཞིག་ཡིན་ཞིང་། ཞིབ་བཤེར་ཆོག་མཆན་ཐོབ་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་664.57ཟིན་པ་དང་། 2014ལོའི་ཟླ་10པར་ལས་འགོ་ཚུགས་པ་དང་འཆར་གཞི་ལྟར་ན་2023ལོར་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།
     རགས་ཆེན་བཀག་ཟིན་པ་དང་བསྟུན་ནས་རགས་ཆེན་གྱི་ཆུ་ཁ་གཉིས་ཀྱི་ཆུ་ཤུགས་གློག་ཁང་ནས་ཉག་ཆུའི་དབུས་རྒྱུད་སྨད་རྒྱུད་དང་། འབྲི་ཆུའི་སྨད་རྒྱུད། འབྲི་ཆུའི་ཆུ་ཕྲན་བཅས་ཀྱི་གློག་ཁང་དུ་ཆུ་ཆུང་བའི་དུས་སུ་ལོའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་342ཟིན་གྱི་ཡོད་པ་རེད། རང་རྒྱལ་གྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱ་ཆེད། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ནང་ཆུ་ཁ་གཉིས་ཀྱི་ཆུ་ཤུགས་གློག་ཁང་ཚུད་པའི་ཉག་ཆུའི་རྒྱུག་ཁུལ་གྱི་ཆུ་ཤུག་དང་རླུང་ནུས་འོད་ཤུགས་བཅས་ཕན་ཚུན་གསབ་རེས་ཀྱི་ལྗང་མདོག་དྭངས་གཙང་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་དཔེ་སྟོན་རྟེན་གཞི་བསྐྲུན་རྒྱུ་དང་རྟེན་གཞི་དེ་བསྐྲུན་རྗེས་རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་ཁ་གསལ་བཏོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1