༄༅།། འབྲོག་པ་རྡོ་རྗེ་ཡིས་བསྐྲུན་པའི་འདབ་ཆགས་ཀྱི་དག་ཞིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-04



        ཟླ10པའི་ཚེས20ཉིན་གྱི་སྔ་དྲོར། གློ་བུར་དུ་བབས་པའི་ཁ་བ་ཞིག་གིས་མ་བསམས་ས་ནས་འབྲོག་ཐང་ཡོངས་རྫོགས་གཡོགས་པས། རྩེ་གཞུང་གི་ཡུལ་གྲུ་ཆེན་མོའི་སྟེང་དར་གྱིས་ཁེངས། ལོ་ན70ལ་བུད་པའི་འབྲོག་པ་རྡོ་རྗེ་ཡིས། རྒྱུན་ལྡན་གྱི་ཉི་མ་རེ་རེ་དང་འདྲ་བར། ཁོའི་རྐང་འོག་གི་བརླན་ས་དེར་སྐོར་སྲུང་བྱེད་བཞིན་ཡོད།
        “གསེར་ཐང་བྱ་གླིང”ནི་རྒན་པོ་ཁོས་བརླན་ས་འདི་ལ་བཏགས་པའི་མིང་རེད། ཁོའི་མཐའ་འཁོར་གྱི་རི་ཐང་ཁ་བས་གཡོགས་ཡོད་ནའང་། ཁོའི་མིག་མདངས་རྣོན་པོས་ཁ་བ་བརྟོལ་ཏེ་འདབ་ཆགས་རེ་རེའི་འབབ་ས་འཚོལ་ཐུབ།
        འདི་ནི་རྩེ་གཞུང་རྩྭ་ཐང་གི་འདབ་ཆགས་ཀྱི་ཞིང་ཁམས་ཡིན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་ཕྱུག་རྐྱལ་སྡེ་བ་ཡོད་སར་གནས། གཤིས་རྒྱུད་གྱོང་བའི་འབྲོག་པ་འདི་ཆུང་དུས་ནས་འབྲོག་ཐང་འདི་རུ་འཚར་ལོངས་བྱུང་བ་ཡིན་པས། རྩྭ་ཆུ་རབ་ཏུ་འཛོམས་ལ་འདབ་ཆགས་མང་པོ་རྒྱུད་སྤེལ་བྱེད་སའི་གནས་འདི་རང་གི་ཕ་ཁྱིམ་དུ་ངོས་བཟུང་ཡོད།
        དོན་དངོས་སུ། བརླན་ས་འདི་ནི་རྒན་པོ་རྡོ་རྗེ་ཚང་གི་ཕྱུགས་ས་རེད། སྐབས་དེར། ཁོའི་ནོར་ཁྱུས་རྒྱང་རིང་ན་གཟན་རྩྭ་ཟ་བཞིན་འདུག ཉིན་འགའི་སྔོན་ལ། ཁོའི་བུ་བཀྲ་ཤིས་རབ་བརྟན་གྱིས་རྒན་པོ་འཐད་མིན་དྲིས་རྗེས། ཕྱུགས་ས་གནས་འདིར་སྤར་ཡོང་བ་རེད། ཁྱིམ་མི་གང་པོས་ཤེས་པ་ནི་ལོ་རེའི་ཟླ5པ་ནས་ཟླ9པ་ནི་རི་སྐྱེས་འདབ་ཆགས་རྣམས་ཀྱིས་ཕྲུ་གུ་གསོ་བའི་དུས་ཚིགས་ཡིན་པས། འདབ་ཆགས་དེ་དག་ལ་རང་གི་ས་གཞིའི་སྟེང་གནོད་པ་མེད་པར་རང་གི་ཕྲུ་གུ་བཙའ་རུ་འཇུག་ཆེད། ཨ་ཕ་རྡོ་རྗེ་ཡིས་རང་ཚང་གི་ནོར་ལུག་རྣམས་བརླན་སའི་ཕྱི་རོལ་ཏུ་དེད་པ་དང་། དེ་ནས་བཟུང་ཁོ་ཚོ་ཡོང་ནས“གཙང་སེལ”བྱས་ཏེ། རང་ཉིད་དང་གཞན་གྱིས་གནས་འདིར་ཕྱུགས་མི་འཚོ་བ་འགན་སྲུང་བྱས།
        ད་ལོའི་ཟླ4པར། ཁྲུང་ཁྲུང་གི་ཁྱུ་ཚོགས་ཡང་བསྐྱར་གསེར་ཐང་གི་བརླན་སའི་སྟེང་འཕུར་ཡོང་དུས། ཡང་རི་སྐྱེས་འདབ་ཆགས་ཀྱིས་ཕྲུ་གུ་སྐྱེ་བའི་དུས་ཚིགས་ཤིག་ཡིན་པས། བརླན་ས་དེ་ནི་ཡང་བསྐྱར་ཁོ་ཚོའི“ཕྲུ་གུ་བཙའ་ཁང”དུ་གྱུར། རྡོ་རྗེ་ཡིས་ཉིན་ལྟར་ཐ་ན་མིག་བཙུམས་ནས་སོང་ཡང་འགྲོ་ལམ་མི་ནོར་བའི་ལམ་དུ་བསྐྱོད་པ་དང་། བརླན་སར་ལྟ་ཞིབ་བྱས་ནས། ལོ་ངོ20ལྷག་འདས་ཡོད།
        ངས་ཆུང་དུས་ནས“འདབ་ཆགས་འཕུར་ཡོང་བའི་ས་དེ་ནི། རྩྭ་ཐང་གི་གཡང་ཡིན། གལ་ཏེ་དེ་ཚོ་མེད་ན། རྩྭ་ཐང་གི་རྣམ་ཤེས་བོར་བ་རེད”ཅེས་པའི་ཨ་ཕའི་མངགས་བཅོལ་དེ་སེམས་ལ་བཟུང་ཡོད། རྒན་པོས་བལྟས་ན། འདབ་ཆགས་འཕུར་འོང་བ་ནི་རྩྭ་ས་འདིའི་གཡང་ཡིན་པར་མ་ཟད། འབྲོག་པའི་བསོད་ནམས་ཀྱང་རེད། ཁོས་གསལ་པོར་ཤེས་པ་ནི། ག་དུས་ཡིན་ཡང་། གསར་དུ་བཙས་པའི་ཕྲུ་གུ་ལ་སྲོག་ཆགས་ཀུན་ལ་སྐྲག་པའི་སེམས་ཁམས་ཤིག་ཡོད། ཁོ་ཚོར་སྐྲག་མི་སློང་བའི་ཆེད་དུ། རྒན་པོས་རང་འགུལ་གྱིས་རྩྭ་ས་དེ་རུ་ཕྱུགས་འཚོ་སྐྱོང་བྱེད་མཚམས་བཞག་སྟེ། ཆེད་དུ་རྩྭ་ས་ཞིག་གླས་ནས་བསྡད།
        “ཕྱིར་དྲན་ཞིག་བྱས་ན། དེ་ནི1999ལོ་ཡིན་ལ། སྡེ་བའི་ནང་ཡང་བསྐྱར་རྩྭ་ས་བགོ་བཞིན་ཡོད། རྩྭ་ས་འདི་འགན་གཙང་ལེན་བྱེད་མཁན་མེད། རྒྱུ་མཚན་ནི་ས་ཆ་ཕལ་ཆེ་བ་མཚེའུ་དང་བརླན་ས་ཡིན་པས་རེད། ཕྱུགས་ས་ཆུང་ཆུང་ཞིག་ལས་མེད་པས། ནོར་ལུག་མང་པོ་འཚོ་སྐྱོང་བྱེད་མི་ཐུབ།”རྡོ་རྗེ་ཡིས་ང་ཚོར་བཤད་རྒྱུར། སྐབས་དེར་ཁོས་རང་འགུལ་གྱིས“འདྲི་མཁན་མེད་པའི”རྩྭ་ས་འདི་ཁོ་ལ་བགོ་བའི་བླང་བྱ་བཏོན་ཏེ། བསམ་ཐོག་ལ་བབས་ནས་དེའི་བདག་པོར་གྱུར།
        དེའི་རྗེས་སུ། འདབ་ཆགས་འཕུར་ཡོང་ལ་ཉེ་དུས། ཁོས་རྩྭ་ཐང་འདི་རུ་མགོ་བོ་ཡར་ལ་བཀྱགས་ཏེ་རེ་སྒུག་བྱས་ནས་བསྡད།
        མཛེས་ལྗོངས་ས་ཁུལ་དུ། ང་ཚོས་རྡོ་རྗེ་ཡིས་རྐུབ་སྟེགས་བཅས་པའི་ཤིང་དུམ་ཞིག་དང་ཝུ་སོབ་ཀྱི་སྟན་ཞིག་མཐོང་བྱུང་། རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱེད་སྐབས། འདི་རུ་བཙོག་པ་ཡིན་ལ། རྒྱང་ཤེལ་བཀོལ་ནས་རི་འདབས་ཀྱི་བརླན་སར་བལྟས་པ་ཡིན། རྒན་པོའི་བག་ཆགས་ཀྱི་ཀློང་ན། ལོ་ངོ20ཡར་སྔོན་ལ། འདི་རུ་རི་སྐྱེས་འདབ་ཆགས་རིགས་ཁ་ཤས་ལས་མེད་ལ། གྲངས་ཀ་བཅུ་ཕྲག་ཙམ་ལས་མེད། འདིས་ཁོ་ལ་སེམས་ཁུར་ཚད་མེད་མྱོང་དུ་བཅུག་ལ། ཁོ་ལ་བྱ་རིགས་སྲུང་སྐྱོབ་ཀྱི་སེམས་ཐག་སྔར་ལས་རྦད་ཆོད་དུ་གྱུར་བ་དང་། དེའི་ཆེད་དུ་དཀའ་སྡུག་གང་མང་མྱངས།
        རྡོ་རྗེ་སློབ་གྲྭར་འགྲིམ་མ་མྱོང་བས་ཡི་གེ་མི་ཤེས། ཉིན་སྐོར་བསྐྱར་སྐོར་གྱི་ཁྲོད་ནས། ཁོས་རང་གི་གོ་བ་ལྟར་དུ་བྱ་རིགས་ལ་མིང་འདོགས་མགོ་བརྩམས། མིང་འདི་དག་གཞན་གྱི་གོ་ན་གད་མོ་འཆོར་མོད། འོན་ཀྱང་ཤིན་ཏུ་གསོན་ཉམས་ལྡན་པ་ཞིག་རེད། དཔེར་ན་རྐེ་ཁྲ་དང་། ངང་བ་མགོ་ཁྲ། མགོ་དཀར་རལ་གཉིས་སོགས་ལ་བརྟེན་ནས། ཁོ་རང་གིས་འདབ་ཆགས་ཀྱི“མིང་ཐོ”ཞིག་བསྒྲིགས།
        ཡུལ་མི་རྣམས་ཀྱིས་ཤེས་པ་ནི། ཐེངས་ཤིག་ལ། རྡོ་རྗེ་ཡིས་ནོར་འཚོ་སྐབས། གློ་བུར་དུ་སྐད་སྒྲ་ཆེན་པོ་ཞིག་ཐོས་བྱུང་། ཉེ་སར་བཏུད་པ་ན་ཆུ་ནང་དུ་ཀོ་གྲུ་ཞིག་གཡེང་ནས་འདུག ཉ་འཛིན་མཁན་སྐོར་ཞིག་གིས་རང་གིས་བཟོས་པའི་འབར་དམ་གྱིས་ཉ་སྲེག་བཞིན་འདུག “ཁོ་ཚོ་འགོག་ཆེད། ཁོས་ཁ་ཁྲག་མགོ་ཁྲག་ཉོས་ཀྱང་། ཕྱིར་སྣུར་སྤུ་ཙམ་ཡང་མ་བྱས་པས། སྟོབས་ཤུགས་དེས་གཞན་རྣམས་སྐྲག་ཐག་ཆོད་པ་དང་། ཁོ་ཚོ་བྲོས་པའི་རྗེས་ལ། རྡོ་རྗེ་ཡིས་འགྱིག་གི་ཀོ་གྲུ་དང་འབར་དམ་ཚང་མ་བསྡུ་ཉར་བྱས། ”
        དེའི་རྗེས་སུ། ཉ་འཛིན་དང་ལྐོག་རྔོན་བྱེད་མཁན་འགོག་ཆེད། རྡོ་རྗེ་ཡིས་གནས་དེ་ནས་རས་གུར་ཆུང་ཆུང་ཞིག་ཕུབ་སྟེ། ལོ་གཉིས་ལ་བསྡད།
        ལོ་ངོ20རིང་ལ། རྒན་པོར“ལས་རིགས་གོམས་གཤིས”ཀྱི་དབང་གིས། ཉིན་རེར་ནམ་ལངས་མ་ཐག ཁོས་ནངས་ཇ་སྟབས་བདེ་ཞིག་འཐུང་རྗེས། ཆུ་དམ་བུ་གང་དང་རྩམ་པ་ཁྱེར་ནས། བརླན་ས་དེད་ནས་སྐོར་ཞིབ་བྱེད་པའི་གོམས་གཤིས་ཤིག་ཆགས་ཡོད། ཉི་མ་ནུབ་རག་བར་དུ་བསྲུངས་ཤིང་། ས་རུབ་རྗེས་ད་གཟོད་ཡུལ་ལ་ལོག དེ་ལྟར་དུས་ཚོད་རིང་པོ་ཞིག་འདས་རྗེས། གནས་འདིའི་འདབ་ཆགས་དག་གིས་རིམ་གྱིས“བདེ་འཇགས་གནོད་མེད”ཀྱི་གྲོགས་པོ་འདི་དང་ལེན་བྱས་ཏེ། ཉེ་སར་བཏུད་པ་ཐལ་མ་དྲགས་ན། འདབ་ཆགས་རྣམས་ཀྱིས་ཁོ་རང་སླེབས་པར་མི་འདྲོགས་པས། རིམ་གྱིས་ཕྱོགས་གཉིས་ཀ“རྒྱང་འཕྲད”ཀྱི་གྲོགས་པོར་གྱུར།
        ན་ནིང་གི་དཔྱིད་ཀར། གསེར་ཐང་བྱ་གླིང་གི་མཚེའུ་ཆུང་གི་ཆུ་རགས་ལ་ཁུང་བུ་ཞིག་བརྡོལ་བ་དང་། མཚོ་ཆུ་རྣམས་ཁུང་བུ་དེ་ལས་ཕྱི་ལ་བཞུར། རྡོ་རྗེ་ཡིས་མཚོ་ནང་གི་ཆུ་སྐམ་ཚེ་འདབ་ཆགས་རྣམས་གནས་འདིར་འཕུར་མི་ཡོང་བར་སེམས་ཁུར་བྱས། “འདབ་ཆགས་རྣམས་ཀྱིས་ཕྲུ་གུ་བཙའ་བའི་དུས་ཚིགས་སླེབས་ལ་ཉེ་བས། གལ་ཏེ་འབབ་སྡོད་བྱ་ཡུལ་མེད་ཚེ། ཁོ་ཚོ་གང་དུ་འཕུར། ཁོ་ཚོར་འཚམ་པའི་ཕྲུ་གུ་སྐྱེ་ས་ཞིག་རྙེད་ཐུབ་བམ། ”ཉིན་དེ་དག་གི་རིང་ལ། དོན་དག་དེ་ནི་རྡོ་རྗེ་ཡི་སེམས་ཀྱི་ཁུར་བོ་ཞིག་ཏུ་གྱུར།
        མཚན་གང་བོར་བསམ་བློ་བཏང་རྗེས། རྡོ་རྗེས་རང་ཁྱིམ་ནས་ཁུག་མ་སྐོར་ཞིག་བསླེས་ཏེ་དེའི་ནང་དུ་ས་གང་རེ་བླུགས་རྗེས། དེ་དག་ཁུར་ནས་རུས་པར་ཟུག་པའི་ཆུ་ནང་དུ་བརྒལ་ཏེ། ཆུ་རགས་ལས་གྲབས་བྱས་ཀྱང་། ཆུ་དྲག་ཏུ་བཞུར་བའི་དབང་གིས། ཚོད་ལྟ་ལེགས་འགྲུབ་མ་བྱུང་། ཁོ་སོང་ནས། སྡེ་བའི་ནང་གི་མི་རྣམས་དང་། ཞང་སྲིད་གཞུང་དང་རྫོང་ནགས་ལས་ཅུས་ལ་རེ་བ་བཤད་ཅིང་། ལས་བྱེད་མང་ཚོགས་མཉམ་དུ་སོང་ནས། ཁ་སྒོ་འདི་བཅད་མོད་འོན་ཀྱང་ལེགས་འགྲུབ་མ་བྱུང་།
        སྟབས་ལེགས་པ་ཤིག་ལ། ལོ་དེའི་ཕྲུ་གུ་སྐྱེ་བའི་དུས་ཚིགས་སུ། དུས་བསྟུན་བྱ་རིགས་མང་པོ་ཞིག་སྔར་བཞིན་གནས་དེར་འཕུར་ཡོང་། བྱ་ཕྲུག་རྣམས་སྒོ་ང་ལས་ཕྱུར་བུད་པ་མཐོང་བ་ན། ཁོའི་ཉིན་འགའི་སེམས་ཁྲལ་དེ་རིམ་གྱིས་མེད་པར་གྱུར། འོན་ཀྱང་ཁོ་ལ་འགྱོད་སེམས་ཤིག་ཡོད་པ་ནི། མཚོ་ཆུ་ཤིན་ཏུ་སྲབ་པ་དང་མཐའ་ཁ་ཕལ་ཆེར་སྐམ་ཡོད་པས། འདབ་ཆགས་སྐོར་ཞིག་སྤྱང་ཀི་དང་། ཝ་དང་ཁྱི་ལྡོམ་སོགས་གཅན་གཟན་དག་གི་ཁ་ཟས་སུ་གྱུར་པ་དེ་རེད།
        ད་ལོའི་དཔྱིད་ཀར། རྡོ་རྗེ་ཡིས་སྒོར6000བཀོལ་ནས་ས་བརྐོ་འཕྲུལ་འཁོར་ཞིག་གླས་ཏེ་མཚོའི་རགས་ཞིག་གསོ་བྱས་ཤིང་ཆུ་བཀག་བྱུང་བས། ད་གཟོད་ཁོའི་སེམས་བདེ་ལ་འབབ་ཐུབ་པ་བྱུང་། དེ་འདྲ་ཞིག་ཡིན་པར་མ་ཟད། ཁོས་བརྐོས་ཟིན་པའི་གནས་དེར་རྩྭ་འབྲུ་བཏབ་པ་ན། ཟླ6པར་སླེབས་དུས། རྩྭ་འབྲུ་དེ་དག་ལ་ལྗང་མྱུག་འབུས་ཏེ། འདབ་ཆགས་གང་མང་ལ་ཁ་ཟས་ཞིམ་པོ་སྦྱིན། འདབ་ཆགས་རྣམས་ཀྱིས་ཁ་ཟས་ལ་ཅི་དགར་རོལ་བ་མཐོང་ཚེ། ཁོའི་སེམས་ཀྱི་དགའ་བ་དེ་ཉི་འོད་འབྲོག་ཐང་ལ་འཕྲོས་པ་དང་འདྲ་ཁར་དྲོ་སྐྱིད་ཀྱིས་ཁེངས།
        རྡོ་རྗེ་ཡིས་ང་ཚོར་བཤད་རྒྱུར། ད་ལོའི་སྟོན་ཁར། ཁོས་ཁྲུང་ཁྲུང་མགོ་ཁྲ200ཡས་མས་ཤིག་མཐོང་ཐུབ་པར་གྱུར་ལ། བྱ་གག་དམར་སྐྱ100དང་ཆུ་སྐྱར50ཙམ་ཞིག་མཐོང་། དེ་ལས་གཞན། ང་ཚོས་ད་དུང་རྒྱང་ཤེལ་ལས་གེ་སར་རྟ་རྫི་དང་། ཁྲུང་ཁྲུང་ནག་པོ་སོགས་འདབ་ཆགས་རྩ་ཆེན་མང་པོ་མཐོང་བྱུང་།
        རྡོ་རྗེ་ཡིས་གདེང་འཇོག་གི་ཚུལ་དུ་བཤད་རྒྱུར། ལོ་ངོ20ལྷག་གི་ཉམས་མྱོང་འདིས་དམིགས་ཡུལ་ཆུང་ཆུང་ཞིག་མངོན་འགྱུར་བྱས་ཤིང་། ཁོས་བརླན་ས་འདི་ལ་ལྕགས་ར་བསྐོར་བ་དང་། ཁོས་སྤྲོ་དགའི་ཀློང་ནས་ཡོང་བའི་བྱ་གཟིགས་མཁན་རྣམས་ལ་ཕྱོགས་བཞི་ནས་བལྟ་ཆོག་པའི་ལྗོངས་གཟིགས་སྟེགས་བུ་གསུམ་བསྐྲུན་ཡོད་ལ། ཁོས་བསྲུང་བའི་བརླན་སའི་སྟེང་གི་འདབ་ཆགས་ཀྱི་གྲངས་ཀ་དང་རིགས་ཇེ་མང་དུ་སོང་བ་ན། ཁོའི་སེམས་སུ་མ་འོངས་པ་ན་པར་ཆས་བཀོལ་ནས་གསེར་ཐང་བྱ་གླིང་གི་འདབ་ཆགས་རྣམས་ཀྱི་གནས་སྤོ་སྣང་ཚུལ་པར་དུ་ལེན་ཨེ་ཐུབ་ལ་འཆར་གཞི་འགོད་བཞིན་ཡོད་པ་དང་། ཉི་མ་རེ་རེར་ཤེས་བྱ་མང་ཙམ་སྦྱངས་ཏེ་ཆེད་ལས་རང་བཞིན་གྱིས་བརླན་ས་ལྟ་ཞིབ་ཀྱི་ཟིན་ཐོ་རེ་འབྲི་ཨེ་ཐུབ་བསམ་བཞིན་ཡོད། ལྗོངས་གཟིགས་ས་ཚིགས་བར་དུ་ཤར་ཐོན་བྱེད་ཐུབ་པའི་ཤིང་ལམ་ཞིག་བཟོས་ཏེ་རྩྭ་སར་སྔར་ལས་སྲུང་སྐྱོབ་ཐུབ་པར་འཆར་གཞི་འགོད་བཞིན་ཡོད། རྡོ་རྗེ་ཡིས་འདབ་ཆགས་སྲུང་བའི་གཏམ་རྒྱུད་ད་དུང་མཇུག་བསྒྲིལ་མེད་ལ། ཁོས་བརླན་ས་འདིའི་ཆེད་དུ་བསྒྲུབ་དགོས་པའི་ལས་དོན་ད་དུང་ཤིན་ཏུ་མང་པོ་ཞིག་འདུག་བསམ་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1