བོད་ལུགས་ལོ་གསར་དགོང་ཚོགས་ལ་ཁྱེད་རང་ཡོད་པས་ངོ་མཚར་ལྡན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-05


ལྷ་སའི“ལོ་གསར་དགོང་ཚོགས”ནི།
ཧ་ཅང་ཡག་པོ་འདུག
          དེ་རིང་རྩོམ་སྒྲིག་པས་ལྷ་སའི“ལོ་གསར་དགོང་ཚོགས”ཀྱི་གར་སྟེགས་རྒྱབ་ཀྱི་ལས་དོན་མི་སྣ་ཚོའི་གསང་བ་སྐོར་གྱི་གནས་ཚུལ་སྤེལ་རྒྱུ་ཡིན། ང་ཚོ་གར་སྟེགས་ཀྱི་རྒྱབ་ཕྱོགས་སུ་བསྐྱོད་དེ་བོད་ལུགས་ལོ་གསར་དགོང་ཚོགས་ཀྱི་གྱོན་ཆས་ཚོ་ཆུང་གི་ལས་དོན་མི་སྣར་རྒྱུས་ལོན་ཞིག་བྱ།

 
          ཡིན་ཡང་། ང་ཚོས་སྔོན་ལ་ཁོང་ཚོས་གྲ་སྒྲིག་བྱས་པའི་དགོང་ཚོགས་ཀྱི་གྱོན་ཆས་ལ་རོལ་མྱོང་ཞིག་བྱ། གྱོན་ཆས་ནི་འཁྲབ་མཁན་ལ་ཞབས་ཞུ་དམ་པོ་བྱེད་པ་ཞིག་ཡིན་པ་དང་། མི་སྣའི་གཟུགས་བརྙན་གསར་བཞེངས་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཀྱང་ཡིན། དེས་འཁྲབ་མཁན་གྱི་ལོ་ཚད་དང་། ཐོབ་ཐང་། གཤིས་ཀ་སོགས་ཀྱི་ཁྱད་ཆོས་མཚོན་པ་མ་ཟད། དུས་རབས་དང་། མི་རིགས། ས་ཁོངས་སོགས་ཀྱི་ཁྱད་ཆོས་མངོན་གྱིན་ཡོད་པས་རྟག་ཏུ་ལེ་ཚན་གྱི་བརྗོད་བྱ་གཙོ་བོ་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད།
          ད་ལོའི་ལྷ་སའི“ལོ་གསར་དགོང་ཚོགས”ཀྱི་གར་སྟེགས་རྒྱབ་ཀྱི་མི་སྣ་ཚང་མས་འཁྲབ་སྟོན་གྱི་ཆེད་དུ་ནུས་ཤུགས་ཡོད་རྒུ་བཏོན་ཞིང་། གྱོན་ཆས་ཚོ་ཆུང་གི་ངོས་ནས་བརྗོད་ན། དང་ཐོག་འཁྲབ་ཁྲིད་ཚོ་ཆུང་གིས་གཏན་འཁེལ་བྱས་པའི་གྱོན་ཆས་ཀྱི་ཁྱད་ཆོས་དང་བཟོ་དབྱིབས་ལ་གཞིགས་ནས་བཟོ་བ་དང་། ཉོ་སྒྲུབ་བམ་གཡར་ནས་གྱོན་ཆས་ཐོ་ཡིག་བཟོ་བ་དང་རིགས་མི་འདྲ་བར་གཞིགས་ནས་ཞིབ་ཏུ་དབྱེ་དགོས།

          གྱོན་ཆས་ཚོ་ཆུང་གི་འགན་འཁུར་བ་པ་སངས་སྒྲོལ་དཀར་གྱིས། “ང་ཚོ་གྱོན་ཆས་ཚོ་ཆུང་གིས་འཁྲབ་སྟོན་པ་ཚང་མར་གྱོན་ཆས་སྤྲོད་རྒྱུའི་འགན་འཁུར་གྱིན་ཡོད་པས་གྲ་སྒྲིག་ཆ་ཚང་བ་ཞིག་བྱེད་དགོས་པ་དང་། འཁྲབ་སྟོན་པས་གྱོན་ཆས་ལེན་པའི་སྐབས་སུ་ཐོ་འགོད་བྱེད་དགོས་པ་དང་ཚུར་བསྡུ་བའི་སྐབས་སུའང་ཐོ་ཡིག་ལྟར་བསྡུ་བ་ཡིན། གང་ཡིན་ཟེར་ན། འཁྲབ་སྟོན་གྱི་གྱོན་ཆས་དང་རྒྱན་སྤྲས་འཁྲབ་ཆས་བོར་བརླག་མི་འགྲོ་བའི་གནས་ཚུལ་འོག་འཁྲབ་སྟོན་གཞི་ནས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཐུབ་པས་རེད”ཅེས་བཤད།

          འཁྲབ་སྟོན་པ་སྤེན་སྒྲོན་གྱིས། “ང་ཚོས་འཁྲབ་སྟོན་བྱེད་ཐེངས་རེར་གྱོན་ཆས་ཚོ་ཆུང་གི་དགེ་རྒན་ཚོས་གཟབ་ནན་ངང་ང་ཚོར་གྱོན་ཆས་བཀོད་སྒྲིག་བྱེད་ཀྱིན་ཡོད་ལ། ང་ཚོས་བདེ་བླག་ངང་འཁྲབ་སྟོན་བྱ་རྒྱུར་འགན་ལེན་བྱ་ཆེད། ཁོང་ཚོས་ ང་ཚོའི་ཆེད་དུ་ནུས་པ་ཆེན་པོ་བཏོན་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
          གྱོན་ཆས་ཚོ་ཆུང་ལ་བདེ་ལྕག་འཁྱུག་པའི་ལག་ཟུང་དང་། གནད་ལ་འཁེལ་བའི་མིག་མདངས། ཚོར་བ་སྐྱེན་པའི་སྒུལ་ཤུགས་བཅས་ཡོད། མི་དེ་འདྲ་མང་པོ་ཞིག་ཡོད་པའི་རྐྱེན་གྱིས་ང་ཚོས་ད་གཟོད་དགོང་ཚོགས་ཀྱི་ངོ་མཚར་ལོངས་སྤྱོད་བྱེད་ཐུབ། ཟློས་གར་ཚོ་ཆུང་གི་ཁྱིམ་ཚང་ཆེན་པོ་འདིའི་ནང་དུ་སུའང་ཆད་མི་རུང་།
          ལྷ་སའི“ལོ་གསར་དགོང་ཚོགས”ཀྱི་གར་སྟེགས་རྒྱབ་ཀྱི་ལས་དོན་མི་སྣ་ཚང་མར་གུས་འདུད་ཞུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1