གཞི་རིམ་ནས་ཕེབས་པའི་འཐུས་མི་ཁོང་རྣམ་གཉིས་ཀྱིས་འདི་ལྟར་གསུངས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 01-07



ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ནས། འགན་འཁྲི་འཁུར་སེམས་མངོན་པར་བྱེད་ཀྱི་ཡིན།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་སྟོབས་རྒྱལ།
           “མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མིན། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚང་མ་ཕྱུག་པོ་ཆགས་ན། རང་ཉིད་གཞི་ནས་ཚད་གཞི་ལོན་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞིག་ཡིན”ཞེས་པ་འདི་ནི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་སྟོབས་རྒྱལ་གྱིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད།
           2007ལོར་མཐོ་ལྡིང་གྲོང་ལྷན་གྱིས་ཧོ་པེའི་བོད་སྐྱོར་མ་དངུལ་སྒོར་ཁྲི་175བཏང་ནས་སྔོ་ཚལ་དྲོད་ཁང་ཆེ་མོ་5བསྐྲུན་པ་དང་། 2014ལོར་བཀྲ་ཤིས་སྟོབས་རྒྱལ་མཐོ་ལྡིང་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་རྗེས། ཁོང་གིས་གྲོང་ལྷན་གྱི་དྲོད་ཁང་རྟེན་གཞི་སྔར་བས་རྒྱ་སྐྱེད་བཏང་བ་དང་། བཏབ་པའི་སྔོ་ཚལ་དང་ཀྭ་རིགས་སྣ་ཁ་30ལྷག་ཙམ་བར་མང་དུ་བཏང་ཡོད། སྔ་ཕྱི་བར་གསུམ་དུ་འབྲོག་ལས་ཡོང་འབབ་དམའ་ཙམ་ཡིན་པའི་གནས་ཚུལ་དངོས་ལ་གཞིགས་ནས། ཁོང་གིས་གྲོང་ལྷན་གྱི་ཉེ་འགྲམ་དུ་ཡོད་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་མཛེས་ལྗོངས་ཁུལ་དང་། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཀྱི་ཁུལ་ཁོངས་ལེགས་ཆར་དམ་འཛིན་གྱིས་རྫོང་གི་ཡུལ་སྐོར་སྡེ་ཚན་ནས་དམངས་སྲོལ་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་དང་ཡུལ་སྐོར་ཚོང་ཟོག་སོགས་ཀྱི་རྣམ་གྲངས་རག་ཐབས་བྱས་པས། གྲོང་ལྷན་གྱི་མང་ཚོགས་ལ་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4000ནས་5000བར་འཕར་ཡོད།
           2015ལོའི་ཟླ་5པར། བཀྲ་ཤིས་སྟོབས་རྒྱལ་གྱི་སྣེ་ཁྲིད་འོག་མང་ཚོགས་ཀྱིས་མ་རྩ་གཏོང་བ་དང་ཕྱོགས་མང་པོ་ནས་གྲབས་གསོག་བྱེད་པའི་ཐབས་ལ་བརྟེན་ནས། སྒོར་ཁྲི་240གྲབས་གསོག་གིས་རྩྭ་མདའ་རྫོང་གི་བྱེ་རྡོ་ར་བ་ཆེ་ཤོས་དེ་ཉོས་པས། ལོ་དེ་རང་ལ་ཁེ་སྤོགས་སྒོར་ཁྲི་80ལྷག་ཙམ་བྱུང་ཡོད།
           འདི་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་བཀྲ་ཤིས་སྟོབས་རྒྱལ་གྱིས་རྩྭ་མདའ་རྫོང་གི་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི་ཞིག་འབུལ་རྒྱུའི་གྲ་སྒྲིག་བྱས་ཡོད། མཐའ་མཚམས་སུ་ཤང་གྲོང་མང་པོ་ཡོད་པའི་རྩྭ་མདའ་རྫོང་ནི་རི་མཐོ་གཡང་གཟར་གྱི་ཁུལ་དུ་གནས་པ་དང་ཐོན་ཁུངས་དེ་ཙམ་སྙོམས་པོ་མེད་པར་བརྟེན། ས་སྲུང་མཐའ་བརྟན་གྱི་རྨང་གཞིའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ། ཐོན་ལས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་དང་། ཕྱུག་འགྱུར་ལ་ཐབས་ལམ་ཡོད་པ། མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་ཞིག་གཏོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
རང་འགན་གཙང་སྒྲུབ་ཀྱིས་འཕེལ་རྒྱས་ཐུབ་པ་དོན་གཉེར་བྱེད་ཀྱི་ཡིན།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འཇིགས་མེད་རྡོ་རྗེ།
           “མི་དམངས་ཀྱིས་ང་རང་འཐུས་མིར་བདམས་པས། ངས་འཐུས་མིའི་ངོས་ནས་དམངས་དོན་སྒྲུབ་ཀྱི་ཡིན”ཞེས་པའི་བཀའ་མོལ་དེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གངས་ས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་སྔ་ཕྱི་བར་གསུམ་དུ་བྱ་སྤྱོད་ཀྱི་ཐོག་ནས་ལག་ལེན་དུ་བསྟར་གྱི་ཡོད།
           འཇིགས་མེད་རྡོ་རྗེ་གནས་སའི་གངས་ས་གྲོང་ཚོ་དེ་གངས་རིན་པོ་ཆེའི་རི་འདབས་སུ་གནས་ཡོད་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པའི་འཇིགས་མེད་རྡོ་རྗེས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ལས་དོན་དོ་དམ་གྱི་འགན་འཁུར་བཞིན་ཡོད་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལོ་རེ་བཞིན་སྟོབས་ཆེར་ཕྱིན་ཡོད་ཅིང་། དེའི་ཁྲོད་ལོ་30ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འབྲི་གཡག་སྐྱེལ་འདྲེན་རུ་ཁག་དེ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་6000ལྷག་ཙམ་ཟིན་པའི་དེང་རབས་ཅན་གྱི་ཁེ་ལས་སུ་གྱུར་ནས་ཡུལ་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་དང་ལས་ཞུགས་གཞན་སྒྱུར་བྱ་ཡུལ་གྱི་ཐབས་ལམ་གཙོ་བོར་གྱུར་ཡོད།
           འདི་ལོའི་ཚོགས་འདུ་གཉིས་ཐོག་འདོན་རྒྱུའི་གྲོས་འགོའི་སྐོར་གླེང་སྐབས། འཇིགས་མེད་རྡོ་རྗེས་མཐའ་མཚམས་ས་ཁུལ་གྱི་སློབ་གྲྭར་དྲོད་རླངས་དང་གསོ་རླུང་མཁོ་འདོན་བྱ་རྒྱུ་དང་དེ་བཞིན་གཞི་རིམ་གྱི་སྤྱི་ཕན་རང་བཞིན་ལས་གནས་ཀྱི་ཐོབ་ཐང་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད། དེ་དང་ཆབས་ཅིག་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསར་འགོད་པར་གསུངས།
           མི་དམངས་ཀྱི་འཐུས་མིས་དམངས་ཀྱི་བསམ་ཚུལ་ཉན་པ་དང་དམངས་ཀྱི་སེམས་འདུན་ཞུ་དགོས་པས། ལས་འགན་བཞེས་ཚུན། འཇིགས་མེད་རྡོ་རྗེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཕྲག་ཏུ་འཁུར་བའི་འགན་འཁྲི་ལྕི་པོ་ཚོར། “སླད་ཕྱིན་ངས་འགན་ནུས་མུ་མཐུད་འདོན་སྤེལ་དང་ཐབས་དང་ཇུས་ཧུར་ཐག་བཏོན་ནས། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་མང་ཙམ་འབུལ་ཐུབ་པའི་རེ་བ་ཡོད”ཅེས་གསུངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1