འབད་འབུངས་ཆེར་སྐྱེད་དང་བརྩོན་འགྲུས་ལྷོད་མེད་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-07



—— ཀྲུའུ་ཞི་ཞི་ཅིན་ཕིང་གི་2022ལོའི་ལོ་གསར་གྱི་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ། 

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
        ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུར་འགྱུར་ལྡོག་ཆེ་ལ་ཡོ་ལང་མང་། ལོ་བརྒྱ་ཡི་འབད་འཐབ་ཀྱི་གྲུབ་འབྲས་ལ་འོད་སྟོང་རབ་ཏུ་འབར། 2022ལོའི་ལོ་གསར་གྱི་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་བརྩེ་སེམས་ཟབ་མོས་ཕྱིར་དྲན་གནང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་བརྗིད་ཆེའི་དམིགས་ཚད་ལ་གཞིགས་ནས“ང་ཚོས་འབད་འབུངས་ཆེར་སྐྱེད་དང་བརྩོན་འགྲུས་ལྷོད་མེད་བྱས་ཚེ། གཞི་ནས་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་ཡོང་ཐུབ”ཅེས་བསྟན་གནང་བ་དང་། “བསམ་བློ་རྒྱང་རིང་ཙམ་གཏོང་བ་དང་། བདེ་སྡོད་ཉེན་བསམ་བྱེད་པ། འཐབ་ཇུས་ཀྱི་གཏིང་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་རྒྱ་ཆེན་པོ་བསམ་གྱིན་ཞིབ་ཚགས་པོས་སྒྲུབ་ཅེས་པ་ལྟར་རེད”ཅེས་ནན་བཤད་གནང་ཡོད།
        2021ལོར། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཤིང་། ལོ་ངོ་100ཡི་གོང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་སྐབས་ཏང་ཡོན་50ལྷག་ཙམ་ལས་མེད་པ་ནས་ད་ཆ་ཏང་ཡོན་ཁྲི་9500ལྷག་ཙམ་ཡོད་པ་དང་། མི་འབོར་དུང་ཕྱུར་14ལྷག་ཙམ་ལ་འགོ་ཁྲིད་བྱེད་པའི་རྒྱལ་ཁབ་ཆེན་པོ་ཞིག་དང་། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་སྲིད་སྐྱོང་ཏང་ཆེན་པོ་ཨང་དང་པོར་གྱུར་ཡོད། ཧྲི་ཁུ་མོན་ནས་གནམ་བདེ་སྒོ་མོ་བར་དང་། ལས་དར་ལམ་ནས་བསྐྱར་དར་ལམ་བར། གྲུ་དམར་ཆུང་ཆུང་ནས་བརྗིད་ཆགས་གྲུ་གཟིངས་ཆེན་པོའི་བར་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཆེད་བདེ་སྐྱིད་དོན་གཉེར་དང་མི་རིགས་ཆེད་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་བསྲུངས་ནས། མི་འབོར་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་དཀའ་ངལ་དུ་མ་འཕྲད་ཀྱང་དཔའ་མི་ཞུམ་པ་དང་། ཉེན་ཁ་མང་པོ་འཕྲད་ཀྱང་དམ་བཅའ་འགྱུར་མེད་ཀྱིས་སྒྲོལ་དཀའ་བའི་དཀའ་གནད་མང་པོ་སྒྲོལ་བ་དང་། ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་མང་པོ་བཏོད་པ། ལོ་བརྒྱའི་ཏང་ཆེན་པོའི་བརྗིད་ཆེའི་ཉམས་འགྱུར་མངོན་པར་བྱས་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་དུ་འགྱུར་རྒྱུ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཆུད་ཟོས་སུ་བཏང་མེད་པས་རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཏང་ཞིག་ལ་གྱུར་བ་དང་། ཀྲུང་གོ་གུང་ཁྲན་ཏང་མེད་ན། ཀྲུང་གོ་གསར་པ་མེད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡང་མེད་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད།
        ཐོག་མའི་བསམ་འདུན་མ་བརྗེད་ན། མཐའ་མའི་རྒྱལ་ཁ་ཐོབ་པར་ངེས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་ཨང་གསུམ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་དང་། ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་བཏོད་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ད་ཆ། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་དམིགས་ཚད་དང་དེ་བས་ཐག་ཉེ་བ་དང་། དེ་བས་གདེང་ཚོད་དང་འཇོན་ཐང་ལྡན་ཡོད་པ་དང་དུས་མཚུངས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་ལས་སླ་པོར་འབྱུང་བ་དང་། རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་མིན་ལ། ལམ་བདེ་པོ་ཞིག་དང་འཕྲལ་མར་སྒྲུབ་ཐུབ་པ་ཞིག་དེ་བས་མིན་པ་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས།
        ལྕགས་རྡུང་པར་ཐོ་བ་མཁྲེགས་དགོས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས “ངས་དེ་སྔ་མའོ་ཀྲུའུ་ཞི་དང་སྐུ་ཞབས་ཧོང་ཡན་ཕའེ་ཡི‘ས་ཕུག་ནང་གི་གླེང་མོལ’སྐོར་བརྗོད་མྱོང་། ང་ཚོས་རང་ངོས་གསར་བརྗེ་བྱེད་ཕོད་ཚེ་གཞི་ནས་ལོ་རྒྱུས་ཀྱི་རང་འགུལ་ཐོབ་སྲིད”ཅེས་བསྟན་གནང་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལས། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་སྲིད་ཏང་ནི་ལྷུན་གྱིས་གྲུབ་པ་ཞིག་མིན་པར། དུས་ཡུན་རིང་པོའི་སྤྱི་ཚོགས་ལག་ལེན་ནང་སྦྱོང་བརྡར་བྱས་ཏེ་གྲུབ་པ་ཞིག་དང་། རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱེད་རིང་ཞུན་བརྡར་བྱས་ནས་གྲུབ་པ་ཞིག་ཡིན་པ་གསལ་པོ་མངོན་ཡོད། ཏང་གི་རླབས་ཆེན་ནི་ནོར་འཁྲུལ་མི་ཤོར་བར་མི་ཐུག་པར་སྐྱོན་གསང་ནས་བཅོས་འདོད་གཏན་ནས་མེད་པར་ཐུག་པས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཧུར་ཐག་བྱེད་པ་དང་། གནད་དོན་ལ་ཐད་ཀར་གཏུག་ཕོད་པ་བྱས་ཏེ་རང་ངོས་གསར་བརྗེ་བྱེད་ཕོད་པ་བྱེད་དགོས། ཏང་གིས་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་བརྒྱུད་རུང་། སྔར་བཞིན་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པ་ཞིག་ཡོད་པ་དང་། དེའི་དཔོག་དཀའ་བའི་གནས་ནི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་ཆེར་གཏོང་བཅས་ཀྱི་འཇོན་ཐང་ཆེན་པོ་ཞིག་ལྡན་པར་ཐུག་ཡོད།
        དུས་རབས་གཅིག་ལ་སྐྱིད་སྡུག་མཉམ་མྱོང་བྱས། ལེ་དབར་ཁྲི་དགུར་བདེན་པའི་བྱ་སྤྱོད་སྤེལ། དུས་རབས་ནི་རྒྱུགས་ཤོག་འདོན་མཁན་དང་། ང་ཚོ་ནི་རྒྱུགས་ལན་འདེབས་མཁན། མི་དམངས་ནི་རྒྱུགས་བཅོས་མཁན་བཅས་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ། འབད་འབུངས་ཆེར་སྐྱེད་དང་། བརྩོན་འགྲུས་ལྷོད་མེད། དུས་བསྟུན་འཕེལ་རྒྱས། མུ་མཐུད་འབད་འཐབ་བཅས་བྱས་ཚེ། ང་ཚོས་ཏང་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་གྲུབ་འབྲས་གསར་པ་གཏོད་ཐུབ་ངེས་ཡིན་པས། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1