བྱ་སྤྱོད་འདི་དག་གིས་བོད་ལྗོངས་ཀྱི་ཆ་སྙོམས་མི་རེའི་ཚེ་ཚད་ད་དུང་རིང་དུ་འགྲོ་སྲིད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-10




       གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། བདེ་ཐང་བོད་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་ཆབས་ཅིག་སྤྱི་ལོ་2021ལོར་བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་པ་དེ་སྤྱི་ལོ་2020ལོ་ལས་ལོ་1.09རིང་དུ་ཕྱིན་ཏེ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།  



       ཉེ་བའི་ལོ་ཤས་རིང་བོད་ཀྱི་སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་རྒྱུན་ཆད་མེད་པར་འཐུས་ཚང་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྨན་བཅོས་འགན་ལེན་ནུས་ལྡན་ཐུབ་ཡོད། མིག་སྔར་བོད་ཀྱི་རིམ་གསུམ་སྨན་ཁང་14བར་མང་དུ་ཕྱིན་ནས་ནད་ཆེན་400ལྷག་ཙམ་བོད་ལྗོངས་སུ་སྨན་བཅོས་ཐུབ་ཀྱི་ཡོད་པ་རེད། 


        བོད་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ད་ལོ་བོད་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཆུ་ཚད་མཐོ་རུ་བཏང་ནས། སྨན་གསུམ་བསྒྱུར་བཅོས་ཟབ་སྤེལ་དང་། སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་ཡག་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ནད་གཞི་ལྕི་རིགས་དང་ནད་ཚབས་ཤིན་ཏུ་ལྕི་བའི་རིགས་ཀྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་འགན་སྲུང་ལག་བསྟར་བྱེད་རྒྱུ། རྒྱལ་ཁབ་ཀྱི་ས་མཐོའི་ནད་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་གཏོད་རྒྱུ། རང་སྐྱོང་ལྗོངས་ཀྱི་སྨན་ཁང་འཛུགས་སྐྲུན་གྱིས་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་དང་། གཞན་ཡང་སྙན་སྒྲོན་ནང་འདི་ལོ་བོད་ལྗོངས་ཀྱིས་ད་དུང་ཁྱིམ་སྡོད་རྨང་གཞི་དང་། སྡེ་ཁུལ་རྟེན་གཞི། སྒྲིག་གཞི་ཁ་གསབ་བཅས་ཀྱི་བང་རིམ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་རྒྱུ་དང་འབྲེལ་ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་སྔར་བས་མཐོ་རུ་གཏོང་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1