གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

ཡུལ་ལྷ་ཐར་གྱིས་ཡི་གེར་ཕབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༡༡ཉིན།

༄༅།།ཚེ་རིང་འབུམ།

པར་མིག་ལས་རྙེད་པའི་མདུན་ལམ།


●ཚེ་རིང་འབུམ།
        སྤྱི་ལོ1986ལོར་རེབ་གོང་ཧོར་རྒྱ་སྡེ་བ་ནས་སྐྱེས། སྔ་ཕྱིར་ཧོར་རྒྱ་སློབ་ཆུང་དང་རེབ་གོང་རྫོང་དབྱི་ཧྥུའུ་མི་རིགས་སློབ་འབྲིང་། ཁུལ་མི་རིགས་སློབ་འབྲིང་བཅས་ལ་འགྲིམས་པ་དང་། སྤྱི་ལོ2005ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ཞུགས། སྤྱི་ལོ2009ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སྡེ་ཁག་ནས་སློབ་མཐར་ཕྱིན། རྨ་ལྷོ་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་ཡིན། པར་རིས་བརྩམས་ཆོས་ལ《གསེར་མདོག་གི་རེབ་གོང》དང《རབ་གནས》 《དམེ་ཤུལ་ནགས་ཚལ་གྱི་སྟོན་ལྗོངས》སོགས་ཡོད་ཅིང་། བརྩམས་ཆོས་རེ་གཉིས་ལ་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་བྱ་དགའ་རེ་གཉིས་ཐོབ་མྱོང་།སྤྱི་ལོ2010ལོ་ནས་ད་ལྟའི་བར་དུ་རྨ་ལྷོ་ཚགས་པར་ཁང་དུ་གསར་འགོད་པ་དང་ཚགས་པར་ཇུས་འགོད་ཀྱི་ལས་གནས་སུ་ཞུགས་ཡོད། ཞོར་དུ་རེབ་གོང་རིག་འབྱུང་གླིང་བརྡ་ཁྱབ་ཇུས་འགོད་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་པའི་འགན་ཁུར་ཡོད།

        སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་ཁ་ཡར་ནས་ཡར་ལ་ཕྱོགས་ཤིང་མི་རྣམས་ཀྱི་འཚོ་བ་དང་འདུ་ཤེས་གང་ཅིའི་ཐད་ལའང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་པ་དང་། སྒོས་སུ་མི་རྣམས་ཀྱི་བསམ་པའི་འཁྱེར་སོ་དང་ཕུགས་བསམ་འཚོལ་སྙེག་གི་ལམ་ཁ་ཡང་ཁོད་ཇེ་ཡངས་དང་སྣ་ཇེ་མང་དུ་གྱུར་ནས། སྤྱི་ཚོགས་ཀྱི་ལས་སྒོ་འདྲ་མིན་དང་ལས་རིགས་མི་འདྲ་བའི་ཁྲོད་དུ། རང་རང་གི་སེམས་ཀྱི་ཕུགས་འདུན་མ་བོར་ཞིང་། རང་རང་གི་མི་ཚེའི་དམིགས་བྱ་མ་གཡེལ་བར་ལས་ཀྱིས་བདམས་པའི་ལམ་བུར་ཤུགས་ཀྱིས་སྐྱོད་ཀྱིན་ཡོད་ལ། རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ལ་སྤོབས་པས་འཇུག་བཞིན་ཡོད།

        དེ་བཞིན་དུ། ཕ་ཡུལ་རེབ་གོང་ཧོར་རྒྱ་སྡེ་བ་ནས་འཚར་ལོངས་བྱུང་བའི་ན་གཞོན་པར་ལེན་སྒྱུ་རྩལ་པ་ཚེ་རིང་འབུམ་ལ་མཚོན་ནའང་། པར་ལེན་པ་དང་དེ་ལ་མདངས་སྣོན་པ། ཚོས་ཁ་སྒྲིག་པ་སོགས་ཀྱིས་ཁོའི་པར་མིག་ལས་འཁྲུངས་པའི་པར་རིས་རེ་རེ་བཞིན་མཚོན་སྟོབས་ཆེ་ཞིང་ཉམས་ཀྱིས་ཕྱུག་པ་ཞིག་ཏུ་བཟོ་བ་ནི་ཁོའི་ལོ་ངོ་དུ་མའི་རིང་ལ་མ་ལྷོད་འབད་པས་བསྐྱངས་པའི་ལས་དོན་གཙོ་ཤོས་སུ་གྱུར་ཡོད་ལ། ཁོའི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུའང་ངང་གིས་གྲུབ་ཅིང་། རང་བྱུང་དང་རང་བྱུང་མ་ཡིན་པའི་པར་མིག་ནང་གི་མཛེས་ལྗོངས་རེ་རེ་ཡང་ཡང་བཤིག་ཅིང་ཡང་ཡང་བསྒྲིགས་ནས་འཇིག་རྟེན་ལ་ལེགས་སྐྱེས་སུ་བསྟར་བཞིན་འདུག

        མདོ་འཛིན་པ། ཐོག་མར་ཁྱོད་རང་ལ་མཚོན་ན་རེབ་གོང་ས་ཆ་འདི་རུ་པར་ལེན་ལག་རྩལ་གྱི་ཐད་ནས་སྐད་གྲགས་ཡོད་པའི་ན་གཞོན་པར་ལེན་སྒྱུ་རྩལ་པ་ཞིག་རེད། དེས་ན་དང་ཐོག་ཁྱོད་རང་པར་ལེན་སྒྱུ་རྩལ་གྱི་ལམ་ཁ་འདིར་ཇི་ལྟར་ཞུགས་པ་ཡིན། དེའི་བརྒྱུད་རིམ་དང་ད་ལྟའི་བར་དུ་པར་ལེན་སྒྱུ་རྩལ་གྱི་ལམ་ཁ་འདིར་ཞུགས་ནས་ལོ་ངོ་ག་ཚོད་ཅིག་འགོར་ཡོད་པའི་སྐོར་ནས་ཁ་བརྡ་ཐུང་ཐུང་ཞིག་བྱ་རོགས།

        ཚེ་རིང་འབུམ། ང་རང་ལ་མཚོན་ན། ཐོག་དང་པོར་ལམ་ཁ་འདིར་ཞུགས་དུས་ནི་སྤྱི་ལོ2009ལོ་ཡིན་ལ། ལོ་དེར་ང་རང་སྔར་བཞིན་སློབ་ཆེན་འགྲིམ་བཞིན་ཡོད། སྤྱིར་པར་ལེན་པ་དང་པར་ལེན་སྒྱུ་རྩལ་གྱི་སྐོར་འདི་ལ་ང་རང་ཉིད་གྱི་ཨ་ཕར་ཡང་སྤྲོ་བ་ཆེན་པོ་ཡོད་པ་རེད། དེ་བས། སྤྱི་ལོ2009ཡི་ལོ་དེར་ངའི་ཨ་ཕས་ང་ལ་པར་ཆས་ལེགས་ཤོས་ཤིག་ཉོས་པ་དང་ངས་པར་ལེན་པའི་མགོ་ཡང་དུས་དེ་ནས་བརྩམས་པ་ཡིན། སློབ་ཆེན་འགྲིམ་དུས་སུ་པར་རེ་འགའ་ཞིག་བཏབ་ནས་པོད་ཁུག(博客)ནང་བཞག་པར་དགའ་བསུ་ཡང་མང་པོ་ཐོབ། དེ་ནས་སྤྱི་ལོ2010ལོར་རྨ་ལྷོ་ཚགས་པར་ཁང་གི་མགོ་གཙོ་ཡིས་ང་ལ་འབྲེལ་བ་བྱས་ཏེ་ཁོང་ཚོའི་ལས་ཁུངས་ནང་ལ་པར་ལེན་མཁན་ཞིག་མཁོ་བས་ཁྱོད་རང་སློབ་མཐར་ཕྱིན་རྗེས་ཁོང་ཚོའི་ལས་ཁུངས་ནང་དུ་ཤོག་ཟེར། དེའི་རྗེས་སྤྱི་ལོ2010ལོར་ང་རང་སློབ་མཐར་ཕྱིན་རྗེས་རྨ་ལྷོ་ཚགས་པར་ཁང་དུ་སོང་ནས་ལས་ཞུགས་བྱས་པ་ཡིན་ལ། ལས་ཁུངས་ནང་སོང་རྗེས་ལས་ཀ་གཙོ་བོ་ནི་གསར་འགོད་པ་དང་པར་ལེན་རྒྱུ་དེ་རེད། ཁོ་ཚོའི་དེ་རུ་པར་ཆས་ཀྱང་ཧ་ཅང་བཟང་ཤོས་འབའ་ཞིག་ཡོད་པ་རེད། དེ་ལྟར་སྤྱི་ལོ2010ལོ་ནས་བཟུང་སྟེ་ད་བར་དུ་རང་ཉིད་ཀྱིས་གསར་འགོད་པའམ་པར་ལེན་གྱི་ལས་ཀ་འདི་གཉེར་ནས་བསྡད་པ་ཡིན།

        མདོ་འཛིན་པ། རེད་རེད། སྤྱིར་ན་རེབ་གོང་ས་ཆ་འདི་ལ་མཚོན་ན་ཤིང་བརྐོས་དང་འབག་བཟོ། ལྷག་པར་དུ་ཐང་ག་དང་གཙགས་དྲུབ་སོགས་སྒྱུ་རྩལ་གྱི་རྣམ་གྲངས་མང་པོ་ཡོད་པ་དང་དར་ཡུན་ཡང་ཧ་ཅང་རིང་བོ་འདུག མ་ཟད་དེ་འདྲའི་སྒྱུ་རྩལ་གྱི་རྣམ་གྲངས་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་རེབ་གོང་ས་ཆ་ལ“སྒྱུ་རྩལ་གྱི་ཕ་ས”ཞེས་འབོད་པའི་མཚན་སྙན་ནི་གནའ་དེང་གང་གི་ཆ་ནས་ཀྱང་ཧ་ཅང་དར་ཁྱབ་ཆེ་བ་རེད། ཁྱོད་རང་ཉིད་ལ་མཚོན་ན་པར་ལེན་སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས། འདི་ལྟ་བུའི་ཁོར་ཡུག་དང་རིག་གནས་མཁའ་དབུགས་ཀྱིས་ཁྱོད་ལ་ཕན་ནུས་ཅི་འདྲ་ཐོན་པ་དང་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་འདུག་གམ།

        ཚེ་རིང་འབུམ། རེབ་གོང་ཡིན་ན་སྒྱུ་རྩལ་གྱི་ཕ་ས་ཞེས་འབག་བཟོ་ཡིན་ན་འདྲ་ལ། ཐང་ག་ཡིན་ཡང་འདྲ། གཞན་གོས་དྲུབས་དང་ལྡེབས་རིས་སོགས་སྒྱུ་རྩལ་སྣ་ཁ་མང་པོ་ཡོད་པ་རེད། དེའི་རྐྱེན་གྱིས་རྒྱུན་དུ་ཐང་ག་དང་ཚོན་མདངས་ཀྱི་སྐོར་མང་པོ་མཐོང་ཐུབ་ཀྱིན་འདུག་ཅིང་། རང་ཉིད་ཀྱི་ཆེད་ལས་རི་མོ་ཡིན་པས་རང་ཉིད་ལའང་པར་རིས་ཀྱི་ཚོན་མདངས་ཐད་ལ་སྤྲོ་བ་ཆེན་པོ་འདུག་ཁར། སྔོན་ཆད་ཐང་ག་སོགས་ཀྱང་བྲིས་མྱོང་བ་དང་རི་མོ་འབྲི་སྦྱོང་བྱས་མྱོང་ལ། ཚོན་མདངས་སོགས་གང་ཅིའི་ཐད་ནས་ཀྱང་རང་དང་བར་ཐག་ཉེ་བ་དང་། ལྷག་པར་ཏུ་ཚོན་མདངས་ཀྱི་སྡེབ་ཁ་སྒྲིག་སྟངས་སོགས་ལ་རང་ཉིད་ཀྱི་སེམས་སུ་འཆར་སྣང་སོགས་ངེས་ཅན་ཞིག་ཡོད་ཅིང་། རེབ་གོང་གི་ཐང་ག་ལ་མཚོན་ན་མདོག་དང་ཚོན་གྱི་ཐད་ནས་ཁྱད་མཚར་བ་དེ་འདྲ་ཡོད་པས། རང་གིས་ནམ་རྒྱུན་པར་ལེན་དུས་ཀྱང་འདི་དག་ལ་དཔེ་ལྟོས་བྱེད་ཀྱིན་ཡོད་ལ། ད་ལྟ་རང་ལའང་ཚོན་མདོག་གི་ཆ་ནས་ཡིད་ངོ་ན་ཚད་འཛིན་ས་ཞིག་གྲུབ་འདུག དེ་བས་རེབ་གོང་སྒྱུ་རྩལ་གྱི་ཚོན་མདངས་ཀྱིས་ང་ལ་ཤན་ཤུགས་ངེས་ཅན་ཞིག་ཐེབས་ཡོད་ངེས་རེད།

        མདོ་འཛིན་པ། དེང་སྐབས་བོད་ཀྱི་ནང་ནའང་པར་ལེན་མཁན་དང་པར་རིས་སྒྱུ་རྩལ་གྱི་སྐོར་ལ་ཆེད་དུ་འཇུག་བཞིན་པའི་མི་མང་པོ་ཞིག་འདུག་ཅིང་། དེ་དག་གི་ཁྲོད་ན་ཕུལ་དུ་བྱུང་བ་དང་ཀུན་གྱིས་གདེང་འཇོག་བྱེད་ཀྱིན་པའང་མང་པོ་ཞིག་འདུག་པས། འདི་དག་གི་ཁྲོད་དུ་ཁྱོད་རང་ལ་ཤན་ཤུགས་བསྒོས་པའམ། ཡང་ན་ཁྱོད་ལ་བློ་སྐྱེད་བསྩལ་མྱོང་མཁན་དེ་འདྲ་ཡོད་དམ།

        ཚེ་རིང་འབུམ། དེང་སྐབས་ཀྱི་སྤྱི་ཚོགས་སུ་དངོས་གནས་རང་རང་གི་ལས་གནས་སུ་གྲུབ་འབྲས་ཡག་པོ་བླངས་ཡོད་མཁན་དང་ལག་རྩལ་ཕུལ་དུ་བྱུང་བའི་པར་ལེན་པ་ཡང་མང་པོ་ཡོད་ལ། རེ་འགའ་ཞིག་ལ་ཀུན་གྱིས་དགའ་བསུ་དང་གདེང་འཇོག་ཀྱང་ཆེ་རུ་ཐོབ་བཞིན་པ་མང་དུ་འདུག དཔེར་ན་རྨ་ལྷོ་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ནི་པར་ལེན་སྒྱུ་རྩལ་སྦྱངས་ཆེ་ཞིང་ཉམས་མྱོང་འཛོམས་པ་ཞིག་ཡིན་ལ། ཁོང་གི་པར་ལེན་སྟངས་དང་པར་རིས་ཀྱི་ཚོས་ཁ་དང་མདངས་སྣོན་ལེགས་སྒྲིག་སོགས་ནི་ཤིན་ཏུ་ཁྱད་མཚར་པོ་ཡོད་པ་རེད། དེ་བས་ང་ལ་མཚོན་ནས་བཤད་ནའང་ཁོང་ལྟ་བུས་ཤུགས་རྐྱེན་ངེས་ཅན་རེ་ཐོབ་ཡོད་སྲིད།

        མདོ་འཛིན་པ། ཁྱོད་རང་པར་ལེན་སྒྱུ་རྩལ་པ་ཞིག་ཡིན་པའི་ངོས་ནས། ད་ལྟའི་བར་དུ་པར་རིས་བརྩམས་ཆོས་མང་པོ་ཞིག་བླངས་མྱོང་བ་རེད། དེས་ན་ཁྱོད་རང་ཉིད་ཀྱི་སྣང་ངོར་ཁྱོད་ཀྱི་པར་རིས་བརྩམས་ཆོས་མང་པོའི་ཁྲོད་ནས་རང་ཉིད་ཆེས་ཡིད་ཚིམ་པའི་བརྩམས་ཆོས་དེ་གང་ཡིན་ནམ།

        ཚེ་རིང་འབུམ། ང་རང་ཉིད་ལ་མཚོན་ན། ད་བར་དུ་པར་མང་པོ་ཞིག་བླངས་ཡོད་པ་དང་དེའི་ནང་རང་ཉིད་ཀྱི་བློ་ཡིད་ཚིམས་པའམ་མི་གཞན་པ་མང་པོས་ཀྱང་གདེང་འཇོག་ཐོབ་ཡོད་པའི་བརྩམས་ཆོས་ཡིན་ན། 《གསེར་མདོག་གི་རེབ་གོང》ཞེས་པ་དེ་རེད། དེ་ཡང་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། པར་འདི་ལེན་དུས་ནི་སྟོན་མཇུག་ཅིག་ཡིན་པ་དང་། སྤྱིར་རེབ་གོང་ལ་རེབ་གོང་གསེར་མོ་ལྗོངས་ཞེས་མཚན་སྙན་ཡང་ཐོབ་ཡོད་པས་པར་འདིའི་ཚོན་མདོག་གི་སྟེང་ནས་ཀྱང་སེར་པོ་གསེར་གྱི་མདོག་དེ་བརྗོད་གཞིར་བཟུང་ཡོད་ལ། རྗེས་སུ་ང་རང་གིས་ལས་སྣོན་བྱེད་སྐབས་ཀྱང་དེ་ལྟར་ལས་སྣོན་བྱས་པ་ཡིན། དེ་ལས་གཞན་པར་རིས་འདི་ཡིན་ན་ང་ཚོའི་སྲིད་གཞུང་དང་ཡུལ་སྐོར་དུས་ཆེན་མང་པོའི་སྟེང་སོགས་སུ་ཡང་མང་དུ་བཀོལ་བཞིན་ཡོད་པ་དང་། ཐ་ན་ཟི་ལིང་གི་བརྡ་ཁྱབ་ཆེན་པོའི་རིགས་ཏེ་ལམ་འགྲམ་གྱི་སྦྱར་བྱང་ཆེན་པོའི་སྟེང་ཡང་བཀལ་ནས་འགྲེམ་སྟོན་བྱེད་ཀྱིན་འདུག

        མདོ་འཛིན་པ། ད་ལྟ་ཡིན་ན་ཁྱོད་རང་ཉིད་ཀྱིས་པར་རིས་སྒྱུ་རྩལ་དང་འབྲེལ་བའི་པར་རིས་ཇུས་འགོད་བྱེད་སའི་ཀུང་སི་ཞིག་བཙུགས་འདུག་པས། ནམ་རྒྱུན་ཁྱོད་ཚོའི་པར་རིས་ཇུས་འགོད་ཀུང་སི་འདིས་པར་རིས་སྒྱུ་རྩལ་དང་འབྲེལ་བའི་ལས་ཀ་གང་དག་ཅིག་གཉེར་བཞིན་ཡོད་དམ།

        ཚེ་རིང་འབུམ། གཅིག་ནས་རྨ་ལྷོ་ས་ཆའི་པར་དེབ་སོགས་མང་པོ་ཞིག་གི་སྟེང་ང་ཚོའི་པར་རིས་མང་པོ་ཞིག་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། གཉིས་ནས་རྨ་ལྷོ་ས་ཆའི་མགྲོན་ཁང་དང་ཇ་ཁང་སོགས་ནང་གི་བར་ཁྱམས་ཇུས་འགོད་དང་མཛེས་བཟོ་བྱེད་པར་སྤྱོད་པའི་པར་རིས་ཀྱང་མང་པོ་ལས་སྣོན་བྱེད་བཞིན་ཡོད། ད་དུང་ང་ཚོའི་ཇུས་འགོད་ཁང་དུ་རེབ་གོང་གི་རིག་གནས་སྐོར་གྱི་པར་རིས་ཕལ་ཆེར་ཆ་ཚང་བ་ཞིག་ཡོད་ལ། རིག་གནས་དྲིལ་སྒྲོག་སོགས་ཀྱི་བྱ་འགུལ་དང་བཅས་པའི་སྐོར་གྱི་པར་རིས་དང་འགྲེམ་པང་མང་པོ་ཞིག་ཀྱང་ང་ཚོའི་ཇུས་འགོད་ཁང་དུ་ཇུས་འགོད་བྱས་ཡོད་པས། རེབ་གོང་རིག་གནས་ཅུས་ལྟ་བུས་ཀྱང་ང་ཚོར་འབྲེལ་བ་བྱས་ནས་དེའི་སྐོར་གྱི་ནང་དོན་དང་བསྡེབས་ནས་འགྲེམས་སྤེལ་མང་པོ་བྱེད་ཀྱིན་ཡོད་པ་རེད། དཔེར་ན་ཐང་ཆེན་དུ་སྤྱོད་པའི་འགྲེམ་པང་དང་། ཐོག་ཁང་སོགས་ཀྱི་སྟེང་དུ་སྦྱར་ཡོད་པའི་ཡིག་རིས། སྦྱར་བྱང་སོགས་ལས་བཞིན་ཡོད། གཞན་ཡང་ལས་ཁུངས་འགའ་རེས་དཔེ་ཆ་རྩོམ་སྒྲིག་སོགས་ཀྱི་སྐབས་སུ་ནང་དུ་པར་གསབ་དགོས་པའམ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་པར་རིས་དགོས་མཁོ་ཡོད་ནའང་ང་ཚོས་མཁོ་སྤྲོད་བྱེད་ཀྱིན་ཡོད།

        མདོར་ན། ན་གཞོན་པར་ལེན་སྒྱུ་རྩལ་པ་ཚེ་རིང་འབུམ་ལ་མཚོན་ན། ནམ་རྒྱུན་པར་རིས་སྒྱུ་རྩལ་གྱི་ཕྱོགས་ལ་ཤ་ཐང་རུས་ཐང་གིས་འབད་པ་བྱེད་བཞིན་པའི་ན་གཞོན་ཞིག་རེད་ལ། ཁོའི་པར་རིས་བརྩམས་ཆོས་མང་པོར་ཡང་སྤྱི་ཚོགས་སྟེང་ན་དགའ་བསུ་དང་གདེང་འཇོག་ཀྱང་མི་དམན་པ་ཐོབ་དང་འཐོབ་བཞིན་འདུག་པས། ང་ཚོས་ཀྱང་ན་གཞོན་པར་ལེན་སྒྱུ་རྩལ་པ་ཚེ་རིང་འབུམ་གྱི་པར་རིས་སྒྱུ་རྩལ་གྱི་ལམ་ཁ་སྔར་ལས་ཡངས་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །





39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1