༄༅།། བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལ་བཟོ་བཅོས་ཆེན་པོ་བརྒྱབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-11



        བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དེ་ཐོག་དང་པོར2021ལོའི་ཟླ12པའི་ཚེས20ཉིན་བསྡུས་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པའི་སྟེང་སྤྲད་དེ་གྲོས་ཞིབ་བྱེད་དུ་བཅུག་པ་དང་།དེ་ནི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་པའི་ལོ་ངོ30ལྷག་གི་རྗེས་ནས་བཟོ་བཅོས་བརྒྱབ་པ་ཆེས་ཆེན་པོ་ཞིག་རེད།བཟོ་བཅོས་འཆར་ཟིན་སྟེང་སློབ་མ་བསྡུ་བ་དང་ལས་ཀར་ཞུགས་སྐབས་ཀྱི་ལུས་རྟེན་མཐོང་ཆུང་ནས་ཞིང་སྡེའི་བུད་མེད་ཀྱི་ས་ཞིང་དབང་ཆར་འགན་སྲུང་བྱེད་པའི་བར་གྱི་འབྲེལ་ཡོད་ཁེ་དབང་སོགས་ལ་རེ་རེ་བཞིན་དྲིས་ལན་བཏབ་ཡོད་པ་དང་།དེའི་ནང་གི་ཁ་ཤས་ནི་ཧ་ཅང་དོ་སྣང་བྱེད་རིན་ཡོད་པ་ཞིག་རེད།

གཅིག “བུད་མེད་ལ་མཐོང་ཆུང”བྱེད་མི་ཆོག་པ།
        ད་སྤྱོད་ཀྱི་བཅའ་ཁྲིམས་དང་བསྡུར་ན།བཟོ་བཅོས་འཆར་ཟིན་སྟེང“བུད་མེད་ལ་མཐོང་ཆུང”ཞེས་པ་དེར་འགྲེལ་བཤད་གསལ་པོ་བརྒྱབ་ཡོད།རྒྱལ་ཁབ་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ།བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་ལམ་ལུགས་སྣ་ཚོགས་རིམ་གྱིས་འཐུས་ཚང་དུ་གཏོང་བ་དང་།བུད་མེད་ལ་མཐོང་ཆུང་བྱེད་སྟངས་ཡོད་ཚད་མེད་པར་བཟོས་ཏེ།ལུས་རྟེན་མཐོང་ཆུང་དང་བུད་མེད་ཀྱིས་ཁྲིམས་ལྟར་ལོངས་སྤྱོད་བྱེད་ཆོག་པའི་ཁེ་དབང་སྣ་ཚོགས་ལོངས་སྤྱོད་བྱེད་དུ་མི་འཇུག་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས་པ་གཏན་འཁེལ་བྱས་ཡོད།
        བཟོ་བཅོས་འཆར་ཟིན་ནང་ད་རུང་སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་ཡོངས་ཀྱིས་མཐུན་སྦྱོར།སྤྱི་ཚོགས་ནང་དུ་ཞུགས་པ་བཅས་ཀྱི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་བྱ་བའི་ནང་རྐྱེན་འཛུགས་པ་དང་།བཅའ་ཁྲིམས་དང་སྲིད་ཇུས་ཀྱི་སྟེང་ནས་ལུས་རྟེན་འདྲ་མཉམ་ཡིན་མིན་ལ་དཔྱད་དཔོག་བྱེད་པའི་ནང་རྐྱེན་ཇེ་དྲག་ཏུ་བཏང་སྟེ།ལུས་རྟེན་སྡོམ་རྩིས་ལྟ་སྐུལ་ཞིབ་བཤེར་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་གསལ་པོར་བསྟན་ཡོད།
        “རང་རྒྱལ་བུད་མེད་ཀྱི་གོ་གནས་བསྟུད་མར་ཇེ་མཐོར་འགྲོ་བཞིན་ཡོད་ནའང་།མི་མངོན་པའི་མཐོང་ཆུང་གི་བྱ་སྤྱོད་ཁ་ཤས་སྔར་བཞིན་གནས་པ་རེད།སྲིད་ཇུས་མ་བཏོན་པའི་སྔོན་ལ་ལུས་རྟེན་འདྲ་མཉམ་གྱི་དཔྱད་དཔོག་ལེགས་པོར་བྱས་ན།བུད་མེད་ལ་མཐོང་ཆུང་བྱེད་པའི་རྣམ་པ་མགོ་ཁུངས་ནས་འགོག་པར་ཕན་ལ། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་དུས་ཐོག་ལྟ་འཇལ་དང་རྗེས་འདེད་བྱེད་པར་ཤུགས་སྣོན་བྱས་ཏེ།བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྔར་ལས་འགན་སྲུང་བྱེད་དགོས”ཞེས་ཁྲུང་ཆིན་གྲོང་ཁྱེར་ཁྲིམས་རྩོད་པ་མཐུན་ཚོགས་ཀྱི་ལྟ་ཞིབ་མགོ་འཛིན་ཕེང་ཅིན་གྱིས་དེ་ལྟར་བཤད།

གཉིས། དམིགས་བསལ་གྱི་ཆེད་ལས་མ་གཏོགས་པའི་ཆེད་ལས་གཞན་པ་དག་གིས་སློབ་མ་བསྡུ་སྐབས་བུད་མེད་མི་བསྡུ་བ་དང་ཡང་ན་བུད་མེད་ཀྱི་སྐར་གྲངས་ཇེ་མཐོར་བཏང་མི་ཆོག
        རང་རྒྱལ་བུད་མེད་ཀྱིས་མཐོ་རིམ་སློབ་གསོ་མྱོང་བའི་བསྡུར་ཚད་བསྟུད་མར་ཇེ་མཐོར་སོང་བ་དང་བསྟུན་ནས། ཕོ་མོའི་བསྡུར་ཚད་སྙོམས་སྒྲིག་བྱེད་ཆེད། སློབ་གྲྭ་ཁ་ཤས་ཀྱིས་ཆེད་ལས་ཁ་ཤས་ལ་བུད་མེད་མི་བསྡུ་བ་དང་ཡང་ན་བུད་མེད་ཀྱི་སྐར་གྲངས་ཇེ་མཐོར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱོད་ཀྱིན་ཡོད།
        བཟོ་བཅོས་འཆར་ཟིན་ནང་། སློབ་གྲྭས་སློབ་མ་བསྡུ་བའི་སྐབས་སུ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དམིགས་བསལ་གྱི་ཆེད་ལས་མ་གཏོགས་པའི་ཆེད་ལས་གཞན་པ་དག་གིས་བུད་མེད་མི་བསྡུ་བ་དང་ཡང་ན་བུད་མེད་ཀྱི་སྐར་གྲངས་ཇེ་མཐོར་གཏོང་བ་སོགས་བྱེད་མི་ཆོག་པ་དང་། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ།བུད་མེད་ཚོས་འདྲ་མཉམ་སྒོས་མཐོ་འབྲིང་རིམ་གྱི་སློབ་གསོ་མྱོང་བའི་དབང་ཆ་དང་གོ་སྐབས་འགན་སྲུང་བྱེད་དགོས་པ་གསལ་པོར་བསྟན་ཡོད།
        “འཆར་ཟིན་ནང‘དམིགས་བསལ་གྱི་ཆེད་ལས’ཞེས་པའི་སྔོན་དུ‘རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི’ཞེས་བྲིས་ཡོད་པའི་རྒྱུ་མཚན་ནི། ཆེད་ལས་ཐད་ཀྱི་ལུས་རྟེན་ཚོད་འཛིན་དབང་ཆ་དེ་རྒྱལ་ཁབ་ལ་དབང་བས། བཅའ་ཁྲིམས་ཀྱི་དོན་ཚན་ནང་དུ་གང་འདོད་དུ་བེད་སྤྱོད་བྱེད་པ་གཏན་འགོག་བྱས་ཡོད”ཅེས་ཀྲུང་ཧྭ་བུད་མེད་སློབ་གླིང་གི་དགེ་རྒན་ཆེན་མོ་ལི་མིང་ཧྲུན་གྱིས་དེ་ལྟར་བཤད།

གསུམ། མི་བཀོལ་སྡེ་ཁག་གིས་བུད་མེད་ཀྱི་བྱ་བ་སྒྲུབ་པའི་དབང་ཆ་དང་ཕྲུ་གུ་བཙའ་བའི་དབང་ཆར་བརྩི་འཇོག་བྱེད་དགོས།
        ལོ་རྒྱུས་མདོར་བསྡུས་སྤྲོད་པའི་སྐབས་སུ“ལུས་རྟེན་འགག་སྒོ”བསྡམས་པ་དང་།ཁ་རྒྱུགས་ལེན་པའི་སྐབས་སུ“བུ་སྐྱེས་འཆར་གཞི”འདྲི་བ། ཕྲུ་གུ་བཙས་རྗེས་གོ་གནས་འཕར་བའི་བར་སྟོང་མེད་པར་བཟོ་བ་སོགས་ཉེ་བའི་ལོ་འདི་འགར། ལས་རིགས་སྟེང་གི་བུད་མེད་མང་པོ་ཞིག་དཀའ་གནད་སྣ་ཚོགས་ལ་འཕྲད་ཀྱིན་ཡོད།
        དེའི་ཐད་ལ་བཟོ་བཅོས་འཆར་ཟིན་གྱི་ནང་དུ། རྒྱལ་ཁབ་ཀྱིས་གཏན་འཁེལ་གཞན་པ་བྱས་ཡོད་ན་མ་གཏོགས། མི་བཀོལ་སྡེ་ཁག་གིས་སྐྱེས་པ་ལས་མི་བསྡུ་བའམ་ཡང་ན་སྐྱེས་པར་དམིགས་བསལ་ཡོད་པ་སོགས་ཀྱི་གཏན་འཁེལ་གང་ཡང་བྱེད་མི་ཆོག་པ་དང་། བུད་མེད་ལས་བཟོ་པར་གཉེན་བསྒྲིགས་མི་ཆོག་པ་དང་ཡང་ན་ཕྲུ་གུ་བཙའ་མི་ཆོག་པ་སོགས་ཀྱི་བསྡུ་ལེན་ཆ་རྐྱེན་བཏོན་མི་ཆོག
        བཟོ་བཅོས་འཆར་ཟིན་ནང་ད་རུང་བུད་མེད་ལས་བཟོ་པའི་ཟླ་མཚན་འབབ་སྐབས་དང་མངལ་སྦྲུམ་སྐབས། ཕྲུ་གུ་བཙའ་སྐབས། ནུ་མ་སྣུན་སྐབས་སོགས་ཀྱི་དམིགས་བསལ་དུས་སྐབས་ཀྱི་སྲུང་སྐྱོབ་ལ་འགན་སྲུང་བྱས་ཡོད། ལི་མིང་ཧྲུན་གྱིས་བསྟན་དོན། ཐེངས་འདིར་རྒྱ་ཆེའི་བུད་མེད་རྣམས་ཀྱིས་བརྩི་བཀུར་ཡོད་པའི་སྒོ་ནས་ངལ་རྩོལ་དང་སྔར་ལས་མཛེས་པའི་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་དང་དགོས་མཁོ་གསར་པར་ཨ་ལན་བྱིན་ཏེ། ཁྲིམས་འཛུགས་སྐབས“ཕྲུ་གུ་སྐྱེས་པའི་སྤྱི་ཚོགས་ཀྱི་རིན་ཐང་ལ་བརྩི་བཀུར”བྱས་ཡོད།

བཞི། ཞིང་སྡེའི་བུད་མེད་ཀྱི་ས་ཞིང་ཁེ་དབང་འགན་སྲུང་བྱེད་དགོས།
        དུས་རྒྱུན་འཚོ་བའི་ཁྲོད། ས་ཆ་ཁ་ཤས་ཤིག་གིས་ས་ཞིང་གཞུང་བསྡུ་དང་གཞན་སྤོ་བྱེད་པའི་སྐབས་སུ་བུད་མེད་ལ་ཁ་གསབ་མ་དངུལ་མི་བགོ་བའི་སྲོལ་ཞིག་ཆགས་ཡོད་པ་དང་། ཐ་ན་སྡེ་སྲོལ་དམངས་ཆིངས་ཁྲོད་འདྲ་མཉམ་མིན་པའི་གཏན་འཁེལ་བྱས་ཏེ་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་གིན་ཡོད།
        བཟོ་བཅོས་འཆར་ཟིན་ནང་། སྡེ་དམངས་ཀྱིས་རང་སྟེང་ནས་སྒྲིག་སྲོལ་དང་སྡེ་སྲོལ་དམངས་ཆིངས་བཟོ་བའམ་ཡང་ན་སྡེ་དམངས་ཀྱི་གྲོས་ཚོགས་དང་སྡེ་དམངས་འཐུས་མི་གྲོས་ཚོགས་བསྡུས་ཏེ།སྡེ་དམངས་ཀྱི་ཁེ་ཕན་དང་འབྲེལ་བའི་ཐག་གཅོད་བྱེད་སྐབས། གཉེན་མ་སྒྲིག་པའམ་ཡང་ན་གཉེན་བསྒྲིགས་ཟིན་པ་དང་། ཡང་ན་གཉེན་འཐོར་བ། བཟའ་ཟླ་ཚེ་ལས་འདས་པ། ཁྱིམ་ཚང་དུ་སྐྱེས་པ་མེད་པ་སོགས་ལ་ཁ་གཡར་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཁྲོད་ཀྱི་བུད་མེད་ཀྱི་ཁེ་དབང་སྣ་ཚོགས་ལ་གནོད་འཚེ་བཏང་མི་ཆོག་པ་གཏན་འཁེལ་བྱས་ཡོད། 
        བཟོ་བཅོས་འཆར་ཟིན་ནང་བུད་མེད་ཀྱིས་ལོངས་སུ་སྤྱད་ཆོག་པའི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་དང་ཐུན་མོང་གི་ཁེ་ཕན།ས་ཞིང་གཞུང་བསྡུ་བྱས་པའི་ཁ་གསབ་བགོ་བྱའི་ཁེ་དབང་།གཞིས་ས་བཀོལ་སྤྱོད་བྱེད་པའི་ཁེ་དབང་བཅས་ལ་གནོད་འཚེ་བཏང་ན།ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་པའི་གཏུག་བཤེར་ཁྱབ་ཁོངས་ནང་བཞག་ཡོད་པས།ཞིང་སྡེའི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་དཀའ་གནད་མང་པོར་དངོས་གནས་ཐག་གཅོད་ཀྱི་ཐབས་ལམ་མང་པོ་བཏོན་ཡོད་པ་དང་། དེས་རྒྱལ་ཁབ་ཀྱིས་ཞིང་སྡེའི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་གནད་དོན་ལ་མཐོང་ཆེན་བྱེད་ཀྱིན་པ་མཚོན་ཡོད།

ལྔ། བུད་མེད་ཀྱི་མི་ལུས་བདེ་འཇགས་དང་མི་གཤིས་ཁེ་དབང་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས།
        ཉེ་བའི་ལོ་འདི་འགར། གཉེན་འབྲེལ་རྩོད་གཞི་ཡི་དབང་གིས་བུད་མེད་ཀྱི་མི་ལུས་དབང་ཆར་གནོད་འཚེ་གཏོང་བའི་གྱོད་དོན་མི་ཉུང་བ་འབྱུང་གིན་ཡོད།
        བཟོ་བཅོས་འཆར་ཟིན་ནང་། དགའ་རོགས་དང་མཛའ་གྲོགས་བསྒྲིག་པའམ་ཡང་ན་མཛའ་གྲོགས་ཁ་འབྲལ་བ་དང་གཉེན་འཐོར་བ་སོགས་བྱས་རྗེས།བུད་མེད་ལ་རྙོག་དྲ་དང་སུན་པོ་བཟོ་བ་དང་།བུད་མེད་ཀྱི་གསང་བ་ཕྱི་རུ་ཤོར་བ་གཏན་འགོག་བྱེད་རྒྱུ་དང་།བུད་མེད་ལ་གོང་གི་དྲག་ཤུགས་དང་གནོད་འཚེ་ཐེབས་ཏེ་ཉེན་ཁ་ཡོད་པའི་སྐབས་སུ། ཁྱིམ་ཚང་གི་གཏུམ་སྤྱོད་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར། མི་དམངས་ཁྲིམས་ཁང་ལ་མི་ལུས་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་ཆོག་པ་གཏན་འཁེལ་བྱས་ཡོད།
        དོ་སྣང་བྱེད་དགོས་པ་ཞིག་ནི། བཟོ་བཅོས་འཆར་ཟིན་ནང་ད་ཡོད་བཅའ་ཁྲིམས་ཁྲོད་ཀྱི“བུད་མེད་དང་སྐྱེས་པ་ལ་འདྲ་མཉམ་གྱི་མི་ལུས་དབང་ཆ་ཡོད་པར་རྒྱལ་ཁབ་ཀྱིས་འགན་སྲུང་བྱས་ཡོད”ཅེས་པ་དེ“བུད་མེད་ལ་སྐྱེས་པ་དང་འདྲ་མཚུངས་ཀྱི་མི་གཤིས་ཁེ་དབང་ཡོད་པར་རྒྱལ་ཁབ་ཀྱིས་འགན་སྲུང་བྱས་ཡོད”ཅེས་སུ་བསྒྱུར་ཡོད་པར་མ་ཟད། སྔོན་ཆད་ཀྱི་མནར་གཅོད་དང་འདོར་བསྐྱུར་སོགས་བུད་མེད་ཀྱི་ཚེ་སྲོག་བདེ་ཐང་དབང་ཆར་གནོད་འཚེ་གཏོང་བའི་བྱ་སྤྱོད་གཏན་འགོག་བྱེད་པའི་རྨང་གཞིའི་སྟེང་།“བུད་མེད་ཀྱི་ཚེ་སྲོག་བདེ་ཐང་དབང་ཆར་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་ཚད་གཏན་འགོག་བྱེད་དགོས་པ”ཁ་སྣོན་བྱས་ཡོད་པས།“མི་ལུས་དབང་ཆ”ནས“མི་གཤིས་དབང་ཆར”བསྒྱུར་བ་དེས་བཅའ་ཁྲིམས་ཀྱིས་བུད་མེད་ཀྱི་བདག་དབང་གོ་གནས་ལ་བརྩི་བཀུར་དང་མི་གཤིས་དང་ལ་རྒྱར་སྲུང་སྐྱོབ་བྱས་ཡོད་པ་མཚོན་ཡོད།
        དྲག་ཤུགས་སྤྱོད་པ་ལས་གཞན་ད་རུང་སེམས་ཁམས་བཏུལ་ཏེ་བུད་མེད་ཀྱི་བསམ་བློར་ཚོད་འཛིན་བྱེད་པ་སོགས་ཀྱིས་ཀྱང་བུད་མེད་ཀྱི་ཚེ་སྲོག་བདེ་ཐང་དབང་ཆར་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད་པས། བཟོ་བཅོས་འཆར་ཟིན་ནང“བུད་མེད་ཀྱི་ཚེ་སྲོག་བདེ་ཐང་དབང་ཆར་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་ཚད་གཏན་འགོག་བྱེད་དགོས”ཞེས་པ་དེ་ཁ་སྣོན་བྱས་ཡོད། དེའི་དམིགས་ཡུལ་ནི་དྲག་ཤུགས་མ་ཡིན་པའི་སྒོ་ནས་བུད་མེད་ཀྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་ཚད་གཏན་འགོག་བྱས་ཏེ། རྒྱ་ཆེའི་བུད་མེད་ཀྱི་བདེ་འཇགས་ཚོར་བ་ཇེ་མཐོར་གཏོང་བའི་ཆེད་དུ་རེད།
        དེ་ལས་གཞན་བཟོ་བཅོས་འཆར་ཟིན་ནང་ད་རུང་གཉེན་འབྲེལ་ཁྱིམ་ཚང་ནང་གི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པར་ཤུགས་བསྣན་ཡོད་པ་དང་། ཁྱིམ་ཚང་གི་འོས་འགན་ཡོངས་རྫོགས་བཟའ་ཟླ་ཕྱོགས་གཉིས་ཀྱིས་མཉམ་དུ་འཁུར་དགོས་པ་གསལ་པོར་བཀོད་ཡོད། བུད་མེད་ཀྱིས་ཕྲུ་གུ་བཙའ་བ་དང་རྒན་པར་སྙོར་སྐྱོང་བྱེད་པ། སྐྱེས་པའི་བྱ་བར་རོགས་འདེགས་བྱེད་པ་སོགས་ཀྱི་འོས་འགན་མང་པོ་འཁུར་ཡོད་ན། གཉེན་འཐོར་བའི་སྐབས་སུ་ཁ་གསབ་སྟེར་དགོས་པའི་རེ་བ་བཏོན་ཆོག་པ་དང་། ཁ་གསབ་སྟེར་སྟངས་ཕྱོགས་གཉིས་ཀ་གྲོས་མོལ་བྱེད་དགོས་ལ། གྲོས་མཐུན་མི་ཡོང་ན་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་ཆོག་གོ །


རྩོམ་ཡིག་སྔོན་མ།
༄༅།།ཚེ་རིང་འབུམ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1