གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༡༢ཉིན།

འཛམ་གླིང་ན་གཞོན་གླེང་སྟེགས་སྐབས་བཞི་བ་ཨེ་ཅིབ་ནས་སྤེལ།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་ན་གཞོན་གླེང་སྟེགས་སྐབས་བཞི་བ་ཚེས་བཅུ་ཉིན་ཨེ་ཅིབ་ཀྱི་མཚོ་དམར་འགྲམ་གྱི་གྲོང་ཁྱེར་ཧྲ་མུའུ་དབྱེ་ཧི་ནས་སྤེལ་མགོ་བརྩམས། རྒྱལ་ཁབ་དང་ས་ཁུལ་མང་བོ་ནས་ཡོང་བའི་དཔོན་རིགས་དང་ན་གཞོན་འཐུས་མི་བརྒྱ་ཕྲག་འགའ་གླེང་སྟེགས་ལ་ཞུགས། 
        ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། མིག་སྔར་མིའི་རིགས་ཀྱི་འཕེལ་རྒྱས་དེ་གནད་འགག་གི་དུས་སྐབས་སུ་གནས་ཡོད་ཅིང་། གྲོས་མོལ་འབྲེལ་འདྲིས་དང་སྣེ་མང་འཕེལ་རྒྱས། མཐོང་ཆུང་མེད་པ་བཅས་ཀྱི་རྩ་དོན་གལ་འགངས་ཧ་ཅང་ཆེ། གལ་ཏེ་མྱུར་མོར་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་པ་དང་། ཕན་ནུས་ལྡན་པའི་འགལ་བར་དོ་དམ་བྱེད་པ། མཉམ་དུ་འཛམ་གླིང་གི་གོང་འཕེལ་ཐད་ལྷག་བསམ་རྣམ་དག་གིས་འབད་བརྩོན་མ་བྱས་ན། མིའི་རིགས་ཀྱིས་མིག་སྔའི་ཉམས་ཉེན་དང་འགྲན་རྩོད་ཐག་གཅོད་བྱེད་ཐབས་མེད་ཟེར། 
        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་བརྙན་ལམ་ནས་ཞུ་ཚིག་འབུལ་སྐབས་བསྟན་དོན། གླེང་སྟེགས་དེ་ནི་ན་གཞོན་གྱིས་ཆེད་ལས་ཤེས་བྱ་བརྗེ་རེས་དང་མཛེས་སྡུག་གི་མ་འོངས་པ་གསར་བསྐྲུན་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཡིན། འཛམ་གླིང་ཡོངས་སུ་ནམ་ཟླའི་འགྱུར་ལྡོག་དང་སྦགས་བཙོག བདེ་ཐང་ཉམས་ཉེན་སོགས་ཀྱི་རྙོག་འཛིང་གི་འགྲན་རྩོད་བྱུང་སྐབས། ན་གཞོན་དག་ལ་འགྲན་རྩོད་ལ་ཁ་གཏད་འཇལ་བའི་བློ་སྤོབས་དང་སྟོབས་ཤུགས་ཡོད་པ་ཡོད་ཟེར། 
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཀྱང་བརྙན་རིས་བརྒྱུད་དེ་ཞུ་ཚིག་ཕུལ། ཁོས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ལས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མང་བོ་བཟོས་ཡོད་ཅིང་། ན་གཞོན་དག་གིས་ཤུགས་རྐྱེན་དེ་དག་ཁྱད་དུ་བསལ་ནས་ཕུགས་འདུན་གསར་བསྐྲུན་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར། 
        སྐབས་འདིའི་གླེང་སྟེགས་དེ་ཚེས་བཅུ་གསུམ་ཉིན་མཇུག་སྒྲིལ་རྒྱུ་རེད། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས། ཅོར་ཏན་གྱི་རྒྱལ་རྒྱུད་ཧི་སེ་དབྱིན་སོགས་ཀྱང་མགོ་རྩོམ་པའི་མཛད་སྒོར་ཞུགས། 
        འཛམ་གླིང་ན་གཞོན་གླེང་སྟེགས་སྐབས་ཐོག་མ་དེ་ཉིས་སྟོང་བཅུ་བདུན་ལོར་ཧྲ་མུའུ་ཧྲ་དབྱེ་ཧི་ནས་སྤེལ། མིག་སྔར་གླེང་སྟེགས་དེ་ཨེ་ཅིབ་ཀྱི་གལ་ཆེ་བའི་ཕྱི་ཕྱོགས་བྱ་འགུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། འཛམ་གླིང་གི་ན་གཞོན་དང་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གྲོས་མོལ་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཏུའང་གྱུར་ཡོད། སྐབས་འདིའི་གླེང་སྟེགས་དེ་ཉིས་སྟོང་ཉི་ཤུ་ལོར་སྤེལ་བར་ཐག་བཅད་ཡོད་ཀྱང་། པྲོག་གསར་གློ་ཚད་རིམས་ནད་དབང་གིས་ད་ལྟའི་བར་ཕྱིར་སྣུར་བྱས་པ་རེད། གླེང་སྟེགས་ནས་རིམས་ནད་རྗེས་ཀྱི་ཤུགས་རྐྱེན་དང་ནམ་ཟླའི་འགྱུར་ལྡོག སྤྱི་ཚོགས་འགན་སྲུང་། འགྲོ་མིའི་ཐོབ་ཐང་། ལས་སྐྲུན། གྲངས་ལྡན་ཅན་གྱི་རིམ་འཕར། ཁོར་ཡུག་དང་ནུས་ཁུངས་སོགས་གྲོས་གཞི་མང་བོར་དམིགས་ནས་གྲོས་བསྡུར་དང་དགོས་ངེས་ཀྱི་བྱ་འགུལ་རྩ་འཛུགས་བྱེད་རྒྱུ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1