གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

ལི་ཐང་བློ་བསྟན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༡༣ཉིན།

༄༅།།མདོ་ཁམས་ལི་ཐང་པའི་ཡུལ་འབྲོག་གི་སྐད་གདངས་དང་ཞེ་སའི་སྐོར་རགས་བསྡུས།

   ༡༽ ལི་ཐང་པའི་ཡུལ་འབྲོག་གཉིས་ཀྱི་སྐད་གདངས་དེ་བོད་སྤྱིར་ཡོད་པའི་ཡུལ་སྐད་དང་འབྲོག་སྐད་ཀྱི་སྐད་གདངས་མི་འདྲ་བ་གཉིས་སུ་གྱེས་ཡོད་པ་ལྟར་ཡིན་ལ། ལི་ཐང་པའི་འབྲོག་སྡེ་འགའ་ཤས་ཀྱིས་འབྲོག་སྐད་མི་སྨྲ་ཞིང་། དཔེར་ན། གད་མོ་དང་སྐྱ་ཤུལ་སོགས་ལྟ་བུ། ལི་ཐང་པའི་སྐད་དེ་ཁམས་སྐད་སྤྱི་ལ་ཡོད་པའི་སྒྲ་གདངས་ཅུང་དྲག་པའི་ངར་ཤུགས་ལྡན་ཞིང། སྒྲ་དག་ལ་བརྡ་བྱང་ཞིང་གོ་བདེ་བའི་རང་བཞིན་ཅན་ཞིག་ཡིན་པ་གསུངས་ཏེ།  པཎ་ཆེན་བསོད་ནམས་ཡེ་ཤེས་དབང་པོས་མཛད་པའི་ལི་ཐང་ཐུབ་ཆེན་ཇོ་བོའི་དཀར་ཆག (ལི་ཐང་དུ་ཐུབ་ཆེན་ཆོས་འཁོར་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་བཏབ་པའི་སྐུ་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་བཞེངས་པའི་ནང་གཟུངས་གཞུག་ཕུལ་བའི་དཀར་ཆག་ཏུ་བཀོད་ཁྲ་བཞུགས་སོ)ཞེས་པ་ལས།   ལི་ཐང་དབྲ་ཕྲུག་ངག་དབང་གིས་ཕྱོགས་བསྡུ་བྱས་པའི(ལི་སྡེ་མངའ་རིས་ཞིང་ཁམས་ཀྱི་སྡེ་དགོན་ངོ་སྤྲོད་བསྡུས་པ) དེབ་དེའི་ཤོག་གྲངས༩༦༽ ཡུལ་མི་རྣམས་ཀྱིས་ཀྱང་དབུས་ལྟ་བུར་བརྡ་བྱང་བ། ཞེས་གསུངས། ལི་ཐང་པའི་ཡུལ་མི་རྣམས་ཀྱིས་དབུས་སྐད་ལྟ་བུ་བོད་ཀྱི་སྐད་བརྡ་སྤྱི་སྐད་ལྟ་བུ་བྱང་བ་སྨྲ་ནུས་པའི་ཁྱད་ཆོས་ལྡན་ཡོད་པ་གསུངས་འདུག

    འོན་ཀྱང་ལི་ཐང་གི་ཡུལ་ལུང་ཀུན་གྱི་ཡུལ་མིས་སྐད་བརྡ་དེ་འདྲ་སྨྲ་མི་ནུས། དཔེར་ན། ལི་ཐང་གི་ས་ཆ་ལ་འབྲོག་པ་དང་རོང་པ། ཞིང་པ། ས་མ་འབྲོག་བཅས་ཡོད་པ་བཞིན་ཡུལ་མི་དེ་དག་གི་སྐད་ལའང་སྒྲ་གདངས་མི་འདྲ་བ་ཅུང་ཟད་རེ་ཡོད་ཅིང་། ལི་ཐང་སྤྱིའི་སྐད་འདི་དབུས་སྐད་དང་ཅུང་ཉེ་བའི་སྐད་ཅིག་ཡིན་པ་འདྲ་སྟེ། ལི་ཐང་པའི་མི་ཞིག་དབུས་ཀྱི་ལྷ་སར་ཡོང་སྐབས་ལྷ་སའི་སྐད་གཏན་ནས་མི་གོ་བའི་དཀའ་ངལ་དེ་མི་འདུག། ང་ཐོག་མར་ལྷ་སར་སླེབས་སྐབས་ལྷ་སའི་སྐད་རྫོགས་པར་ཉན་མི་ཐུབ་ཀྱང་སྐད་བརྡ་མི་གོ་བའི་དཀའ་ངལ་གཏན་ནས་འཕྲད་མ་བྱུང།

    ད་དུང་ལི་ཐང་པའི་མི་ཞིག་ལྷ་སར་ཡུན་རིང་ཙམ་བསྡད་ན་རང་གི་མ་སྐད་ལྷ་སའི་སྐད་དང་འདྲེས་ནས་རང་སྐད་ཟུར་དུ་ཉར་མི་ཐུབ་པ་ལྟ་བུ་ཞིག་རེད་འདུག།སླར་རང་ཡུལ་དུ་སླེབས་སྐབས་ཀྱང་རང་སྐད་དང་ལྷ་སའི་སྐད་གཉིས་འདྲེས་ནས་སྨྲ་བ་མ་གཏོགས་དབུས་སྐད་དང་མ་འདྲེས་པའི་རང་གི་ཡུལ་སྐད་གཙང་མ་ཞིག་ཟུར་དུ་འདོན་མི་ཐུབ། དེའི་རྒྱུ་མཚན་ནི་ངའི་བསམ་པར། སྤྱིར་མདོ་དབུས་ཁམས་གསུམ་གྱི་ཡུལ་འབྲོག་གི་མི་རྣམས་ཀྱིས་བོད་ཚིག་བེད་སྤྱོད་བྱེད་སྟངས་ལ་ཁྱད་དེ་ཙམ་མེད་མོད། སྐད་ཀྱི་གདངས་འདོན་སྟངས་མི་འདྲ་བའི་དབང་གིས་ཕན་ཚུན་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ཡོད་པ་ཤེས་ནུས། སྐད་ཀྱི་གདངས་འདོན་སྟངས་དབུས་སྐད་དང་ཇི་ཙམ་ཉེ་བ་ཡོད་ན་དེ་ཙམ་གྱིས་དབུས་སྐད་གོ་བའི་ནུས་པ་ཆེ་བ་ཡོད། དེས་ན་ལི་ཐང་དུ༧རྒྱལ་མཆོག་སྐུ་ཕྲེང་རིམ་པ་འཁྲུངས་པ་དང་ཞབས་ཀྱིས་བཅགས་པ། ད་དུང་དབུས་ཀྱི་གདན་ས་ཁག་གི་བླ་ཆེན་མང་པོ་སྐུ་འཁྲུངས་པ་དང་ཞབས་ཀྱིས་བཅགས་པ། ཡུལ་དབུས་དང་སྤྱི་སྒེར་གཉིས་ཀྱི་ཐོག་ནས་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་སོགས་ཀྱི་མཐུས། ལི་ཐང་གི་སྐད་དེ་ཡང་དབུས་སྐད་ཀྱི་གདངས་དང་ཉེ་བར་གྱུར་ཡོད་པ་སེམས་ཏེ། འབའ་པ་ཚོས་ལི་ཐང་སྟེང་པས་བོད་སྐད(ཁམས་ཀྱི་ལུང་ཚན་འགའ་ཤས་ཀྱི་དབུས་ལ་བོད་དང་དབུས་སྐད་ལ་བོད་སྐད་ཟེར་སྲོལ་ཡོད།)རྒྱག་གི་རེད་ཅེས་ཟེར་སྲོལ་ཡོད་པ་འབའ་པའི་གྲོགས་པོ་འགའ་ལས་ཐོས།

    སྤྱིར་བོད་ཀྱི་སྐད་ལ་ཡུལ་འབྲོག་གཉིས་ཀྱི་སྐད་གདངས་མི་འདྲ་བ་གཉིས་ཡོད་ཅིང་། ཡུལ་འབྲོག་གཉིས་ཀྱི་སྐད་ལ་ཡུལ་སྐད་དང་འབྲོག་སྐད་ཅེས་ཟེར། བོད་ཀྱི་འབྲོག་སྐད་རྣམས་ལ་ཁྱད་པ་ཆེན་པོ་དེ་ཙམ་ཡོད་མི་འདུག ས་ཐག་རིང་བའི་འབྲོག་པ་ཕན་ཚུན་གཉིས་ཐུག་པ་ཡིན་ན་ཁོང་གཉིས་ཀྱི་དབར་ལ་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ཆེན་པོ་དེ་འདྲ་མེད་པ་ཉམས་མྱོང་ཅན་གྱི་འབྲོག་པ་འགའ་ཡི་ངག་ལས་ཐོས། ཕ་ཡུལ་གང་ཡིན་སྐད་ཀྱིས་ཤེས། བཤད་སྲོལ་ཡོད་པ་བཞིན་ཁ་ཐག་རིང་བའི་འབྲོག་སྡེ་ཕན་ཚུན་རྣམས་ཀྱིས་སྐད་ཀྱི་གདངས་དང་ཚིག་བེད་སྤྱོད་གཏོང་སྟངས་བཅས་ཅུང་ཟད་མི་འདྲ་བ་རེ་ཡོད་མོད། ཕན་ཚུན་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ནི་རྩ་བ་ནས་མེད་པ་གོང་དུ་བཤད་པ་བཞིན་ནོ།།

    བོད་ཀྱི་ཡུལ་པའམ་ཞིང་པ་ཡང་ན་རོང་པ་རྣམས་ཀྱི་སྐད་ལ་གདངས་དང་ཚིག་བེད་སྤྱོད་བྱེད་སྟངས་སོགས་མི་འདྲ་བའི་བར་ཆད་ཤིན་ཏུ་ཆེན་པོ་ཡོད་པ་བཞིན། ལི་ཐང་པའི་ཡུལ་པའམ་ཞིང་པ་རོང་པ་རྣམས་ཀྱི་སྐད་ལ་མི་འདྲ་བའི་ཁྱད་མང་པོ་ཡོད་མོད། སྒ་བ་རྒྱབ་མ་དང་། གྱོང་རྒྱ་ར་བ། ཉག་ཆུའི་རྒྱུད་དུ་ཆགས་པའི་ག་ར་ཞིང་པ་སོགས་ཡུལ་ལུང་འགའ་ཤས་ཀྱི་སྐད་ཕུད་པའི། གཞན་ཡུལ་པ་ཕན་ཚུན་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ཡེ་ནས་མེད་པ་མ་ཚད་ཡུལ་འབྲོག་གཉིས་ཀྱི་ཡུལ་མི་ཕན་ཚུན་བར་ལ་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་མེད་ཟེར་ཆོག།འབྲོག་པ་རོང་དུ་ཡོང་ནས་ཤ་མར་ཆུར་གསུམ་སོགས་འཚོང་སྐབས་རོང་པའི་རྒན་གཞོན་བར་གསུམ་གྱི་ཡུལ་མི་རྣམས་ལ་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་མི་འཕྲད། སྒ་བ་རྒྱབ་མའི་སྐད་དང་གྱོང་རྒྱ་ར་བའི་སྐད། ག་ར་ཞིང་པའི་སྐད་བཅས་ནི་ད་ལྟ་བོད་སྤྱི་ཡིས་སྤྱོད་བཞིན་པའི་བོད་ཀྱི་སྤྱི་སྐད་འདི་དང་གཏན་ནས་མི་འདྲ་བའི་སྐད་རིགས་ཤིག་ཡིན། སྐད་འདི་དག་ལ་དེང་སང་ལོག་སྐད་ཅེས་ཟེར། དཔེར་ན། མི་ཉག་ལོག་སྐད་དང། རྟའུ་ལོག་སྐད་ལྟ་བུ་ཞིག་རེད།

    ཡང་གཅིག་བཤད་ན་ལི་ཐང་གི་འབྲོག་པ་རྣམས་ཀྱིས་འབྲོག་སྐད་སྨྲ་བ་བཤད་མི་དགོས་པ་ཞིག་རེད། ས་མ་འབྲོག་རྣམས་ཀྱིས་ཡུལ་འབྲོག་གི་སྐད་འདྲེས་མ་སྨྲ། ཞིང་པའི་ཡུལ་ལུང་མི་འདྲ་བ་རྣམས་ཀྱི་སྐད་ཕན་ཚུན་སྐད་གདངས་ཀྱང་ཅུང་མི་འདྲ་བ་རེ་ཡོད། རོང་པ་དང་ཞིང་པའི་དབར་གྱི་སྐད་གདངས་ལ་ཞིང་པ་དང་ཞིང་པའི་བར་གྱི་སྐད་གདངས་ལས་ཀྱང་ཁྱད་ཆེ་བ་ཡོད། ལར་གནའ་དུས་སུ་ལི་ཐང་དང། འབའ་པ། རྒྱལ་ཐང་བཅས་ཀྱི་སྐད་གདངས་འདྲ་དགོས་པ་ལྟ་བུ་མཐོང་སྟེ། རྒྱུ་མཚན་ནི། འབའ་ལི་རྒྱལ་གསུམ་གནའ་དུས་ནས་འབྲེལ་འདྲེས་ཆེ་བ་དང་། འཇང་གི་དབང་བསྒྱུར་འོག་ཡུན་རིང་བསྡད་མྱོང་བ་གཅིག་མཚུངས་ཡིན། ད་དུང་འབའ་ལི་རྒྱལ་གསུམ་གྱི་མི་རིགས་རྣམས་ཕལ་ཆེ་འཇང་རིགས་ཡིན་པ་ཡང་བཤད་སྲོལ་ཡོད།  ད་ལྟའི་འབའ་རྒྱལ་གཉིས་ཀྱི་སྐད་གདངས་ལ་འཇང་སྐད་ཀྱི་གདངས་ཤན་ཅུང་ཟད་ཐེབས་མིན་འགྲོ་སྙམ་སྟེ། ད་ལྟའི་ཆར་འབའ་རྒྱལ་གཉིས་ཀྱི་སྐད་གདངས་ལ་འདྲ་མཚུངས་མང་བ་མཐོང་བ་ལས། ལི་ཐང་པའི་སྐད་གདངས་དེ་གཉིས་དང་ཅུང་མི་འདྲ་བའི་འགྱུར་བ་ཐེབས་སྟངས་གོང་དུ་བཤད་པ་ལྟར་ཡིན་ནམ་སྙམ། ལི་ཐང་པའི་ཡུལ་འབྲོག་གི་སྐད་གདངས་གང་ཡིན་ཡང་ཁམས་པ་སྤྱིའི་སྐད་ལྟར་སྐད་གདངས་གྱོང་བའི་རང་བཞིན་ལས་འདས་མེད། 

    ༢༽ མདོ་ཁམས་ལི་ཐང་ཕྱོགས་སུ་ཞེ་སའི་ཚིག་གང་དང་གང་བེད་སྤྱོད་བྱེད་པ་དང། ཇི་ལྟར་བེད་སྤྱོད་བྱེད་པ་དང། གང་ཟག་སུ་ལ་བེད་སྤྱོད་བྱེད་པ་སོགས་རགས་བསྡུས་ཙམ་ཞིག་འཆད་ན་འདོད། སྤྱིར་བོད་ཀྱི་ཞེ་སའི་ཚིག་ནི་ཡ་རབས་གུས་ཞབས་མཚོན་པའི་བརྡ་སྤྲོད་བྱེད་ཀྱི་ཚིག་བྱེ་བྲག་པ་ཞིག་ཡིན། དེའི་རྒྱུད་རིམ་ཇི་ལྟར་ཡིན་མིན་དང་མགོ་ཁུངས་གང་དུ་ཐུག་མིན་སོགས་ཤིན་ཏུ་འཆད་དཀའ་བའི་གནས་ཚུལ་ཞིག་རེད། བོད་བཙན་པོའི་དུས་སྐབས་སུ་བོད་ལ་ཞེ་ས་བེད་སྤྱོད་བྱེད་པའི་ལམ་སྲོལ་ཡོད་མེད་ནི་བོད་བཙན་པོའི་སྐབས་ཀྱི་མགུར་དང་གཏམ་དཔེ་སོགས་ལས་ཤེས་ནུས། བོད་འགྱུར་བཀའ་བསྟན་རྣམས་སུ་ལོ་ཙཱ་བ་རྣམས་ཀྱིས་ཀྱང་ཞེ་སའི་ཚིག་བེད་སྤྱོད་མང་དུ་བྱས་ཡོད།

     དེ་ཡང་ཞེ་ས་ནི་ཡ་རབས་གུས་ཞབས་མཚོན་ཆེད་དུ་ཡིན་ཞིང་། ཡ་རབས་མ་རབས་སྤྱོད་པས་ཤེས་ཟེར་སྲོལ་ཡོད་པ་ལྟར་དང་། ལུས་ཀྱི་གུས་ཞབས་མཚོན་ཆེད་ཐལ་སྦྱར་དང། ངག་གི་བརྩི་བཀུར་མཚོན་ཆེད་ཞེ་ཚིག ཡིད་ཀྱི་གུས་ཞབས་མཚོན་བྱེད་དད་གསུམ་དང་བརྩི་མཐོང་སོགས་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཀུན་མཚོན་ཐབས་བྱས་དང་བྱེད་བཞིན་ཡོད། ཞེ་སའི་ངག་གི་ལམ་ནས་ཀྱང་དེ་དག་ཐམས་ཅད་བརྗོད་དུ་ཡོད།  དབུས་པས་ཟས་ལ་ཞེ་སའི་ཚིག་གིས་ཞལ་ལག་དང་བཟའ་བ་ལ་མཆོད་པ་ཞེས་བརྗོད། དེ་དང་དེ་ལ་སོགས་པ་ཆེས་ཤིན་ཏུ་མང་མོད་འདིར་སྐབས་སུ་མ་བབས་པས་བཞག་ལ། འོན་ཀྱང་བོད་འགྱུར་བཀའ་བསྟན་རྣམས་སུ་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ཟས་ལ་ཞལ་ཟས་དང་བཟའ་བ་ལ་གསོལ་བ་གསུངས་ཡོད། དེ་ཡང་འདིར་ཁུངས་ལུང་ས་བཅད་མ་སྟོང་པ་ཙམ་བརྗོད་ན། རྡོ་རྗེ་གཅོད་པ་ལས། དེ་ནས་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས་ཞལ་ཟས་གསོལ་ཏེ་ཟས་ཀྱི་བྱ་བ་མཛད་ནས་ཟས་ཕྱི་མའི་བསོད་སྙོམས་སྤངས་ནས། ཞེས་གསུངས་པ་སོགས་མདོ་རྒྱུད་བསྟན་བཅོས་རྣམས་སུ་རིག་རྒྱུ་མཐོང་རྒྱུ་ཤིན་ཏུ་མང་བས་སོ།།

    མདོ་ཁམས་ལི་ཐང་ཕྱོགས་སུ་ཟས་ལ་ཞེ་ཚིག་གིས་གསོལ་བ་ཞེས་བརྗོད་པ་དང། ཟས་བཟའ་བ་དང་ཇ་འཐུང་བ་ལྟ་བུ་ཟ་འཐུང་གཉིས་ཀ་ལ་གསོལ་དང་བཞེས་གཉིས་ཀ་སྤྱོད་པ་མཐོང་སྟེ། དེ་ཡང་ཞིང་པ་རྣམས་ཀྱིས་གསོལ་དང་འབྲོག་པ་རྣམས་ཀྱིས་བཞེས་བེད་སྤྱོད་བྱེད་པ་མང་། གསོལ་ཇ་གསོལ། གསོལ་ཆང་གསོལ། གསོལ་རྩམ་གསོལ། འབྲས་གསོལ་ཞེས་བཟའ་བ་དང་འཐུང་བ་གཉིས་ཀ་ལ་གསོལ་ཞེས་བརྗོད་སྲོལ་ཡོད། འགྲོ་བ་ལ་འབྲོག་པ་རྣམས་ཀྱིས་ཕེབས་དང། ཞིང་པ་དང་རོང་པ་རྣམས་ཀྱིས་བྱོན་ཟེར་བ་མང་། དཔེར་ན། བླ་སྤྲུལ་ལམ་དགེ་འདུན་པ་གང་ཞིག་ལམ་དུ་ཐུག་སྐབས་འབྲོག་པ་ཚོས་གང་དུ་ཕེབས་ཞེས་འཚམས་འདྲི་ཞུ་བ་དང། ཞིང་པ་དང་རོང་པ་ཚོས་གང་དུ་བྱོན་ཞེས་འཚམས་འདྲི་བྱས་ཤིང། སྡོད་པ་ལ་བཞུགས་ཟེར། འཚམས་འདྲི་ཞུ་སྐབས་ལྷ་ས་བས་བཀྲ་ཤིས་བདེ་ལེགས་ཀྱི་ཚབ་ཏུ་ཞེ་ཚིག་གིས་འོ་ཨེ་བརྒྱལ་ཐལ། འོ་བརྒྱལ་ཨེ་ཆེ་ཐལ་ཟེར། བསྡུས་ཚིག་གིས་འོ་བརྒྱལ་ཟེར་ཡང་ཆོག། མི་ཕལ་པ་ལ་དཀའ་ཨེ་ཐལ་དང་ཨེ་དཀའ་ཐལ་ཞེས་འཚམས་འདྲི་བྱས་ཤིང། བསྡུས་ཚིག་གིས་དཀའ་ལས་ཟེར་ན་འགྲིགས། གཞན་ལུས་ངག་ཡིད་གསུམ་དང་མིག་སོགས་དབང་པོ་ལྔ་སོགས་ལ་ཞེ་ཚིག་གིས་འབོད་སྟངས་དབུས་དང་ཕལ་ཆེར་མཚུངས། ཞེ་ཚིག་ཆ་ཚང་བ་ཞིག་ཡོད་མོད་བེད་སྤྱོད་གཏོང་མི་ཤེས་པ་ཡང་མང་། བེད་སྤྱོད་བྱེད་སྟངས་ནི་སྔར་བཤད་པ་ལྟར་ཡིན།

    མདོ་ཁམས་ལི་ཐང་པས་ཞེ་ཚིག་གང་ཟག་གང་ཞིག་ལ་བེད་སྤྱོད་བྱེད་དམ་ཞེས་འདྲི་ན། ཡུལ་དབུས་པ་བཞིན་དུ་ཕ་མ་དང་རྒན་པ་དང། སློབ་གྲྭ་དགེ་རྒན་སོགས་ལ་ཞེ་ཚིག་བེད་སྤྱོད་གཏོང་སྲོལ་མེད། འོ་ན་གང་ཟག་སུ་འདྲ་ཞིག་ལ་ཞེ་ཚིག་བེད་སྤྱོད་བྱེད་དམ་ཞེ་ན། བཤད་པར་བྱ་སྟེ། བླ་མ་དང་སྤྲུལ་སྐུ། གྲྭ་པ། ཡང་ན་བླ་སྤྲུལ་དང་རབ་བྱུང་བ། དཔོན་རིགས་ཤིན་ཏུ་མཐོ་གྲས་རིགས་ལ་མ་གཏོགས་ཞེ་ཚིག་བེད་སྤྱོད་མི་བྱེད། དེ་ཡང་འབྲོག་པ་དང་ཞིང་པ། རོང་པ་སོགས་ཀྱིས་ཞེ་ཚིག་བེད་སྤྱོད་གཏོང་མང་ཉུང་གི་ཁྱད་པ་ཅུང་ཟད་མཐོང་སྟེ། འབྲོག་པ་རྣམས་གུས་ཞབས་ཆེ་ལ། ཞེ་ཚིག་ཀྱང་བེད་སྤྱོད་མང་དུ་བཏང་སྲོལ་ཡོད། ཞིང་པ་དང་རོང་པའི་གུས་ཞབས་ཤིན་ཏུ་ཆེ་བ་རྣམས་ཀྱིས་མ་གཏོགས་རབ་བྱུང་བ་ན་ཆུང་རྣམས་ལ་ཞེ་ཚིག་དེ་ཙམ་བེད་སྤྱོད་མི་བྱེད། འོན་ཀྱང་སྤྲུལ་སྐུ་དང། བླ་མ། རབ་བྱུང་བ་རྒན་པ་ཀུན་ལ་ཞེ་ཚིག་བེད་སྤྱོད་མི་བྱེད་ན་མི་དེར་མི་མང་གི་མཐོང་ཚུལ་དེ་ཙམ་ཡག་པོ་མེད། དེ་མིན་མི་སྒེར་རང་ཉིད་ཡ་རབ་དང་བརྩི་བཀུར། གུས་ཞབས་ཆེ་མིན་གྱི་དབང་གིས་བླ་སྤྲུལ་དང་རབ་བྱུང་བ་ལ་ཞེ་ཚིག་གིས་འབོད་མིན་ནི་སྤྱིར་མཚུངས་ལྟར་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1