མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལེའུ་གསར་པ་རྩོམ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-14



—— ཀྲུའུ་ཞི་ཞི་ཅིན་ཕིང་གི་2022ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ།
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

        “འཛམ་གླིང་རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱས་ཚེ། གཞི་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལེའུ་གསར་པ་རྩོམ་ཐུབ” ཅེས་2022ལོའི་ལོ་གསར་གྱི་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་ཀྲུང་གོས་རིམས་ནད་སྔོན་འགོག་དང་གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་ཐེངས་མང་བྱས་ཡོད་ཅེས་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཕྱོགས་དགོས་ཞེས་གསུངས་ཡོད། དེ་ཐོག་ནས་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱིས་གནམ་འོག་ལ་བཅངས་པའི་བརྩེ་བ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ནས། གོ་ལ་ཧྲིལ་པོ་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་ཆེད་གདེང་ཚོད་དང་སྟོབས་ཤུགས་བསྣན་ཡོད།
        འདས་མ་ཐག་པའི་2021ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བའི་དབར་ཞལ་འཛོམས་དང་ཕན་ཚུན་ཞལ་པར་ཐེངས་79གནང་བ་དང་། བརྙན་ལམ་ཐོག་ནས་ཕྱི་དོན་བྱེད་སྒོ་གལ་ཆེན་ཁག་40གཙོ་སྐྱོང་གནང་བ་དང་ཞུགས་པ། མཉམ་ལས་གཉིས་ཁེའི་བསམ་ཇུས་གཅིག་གི་འཆར་གཞི་རེ་རེ་བཞིན་བཀོད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་མདུན་ཕྱོགས་སུ་འཕེལ་རྒྱས་ཆེན་པོ་འགྲོ་བར་སྣེ་ཁྲིད་གནང་ཡོད། རིམ་རྩིས་ལྟར་ན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཁྱོན་120ལྷག་ཙམ་ལ་ཏོག་གསར་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་བྱས་ནས་གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་རམ་འདེགས་བྱས་ཡོད། པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི་2021ལོའི་ལོ་ཚོགས་དང་། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་སོགས་རང་སའི་ཕྱི་འབྲེལ་བྱེད་སྒོ་བདེ་བླག་ངང་སྤེལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་ནུས་དེ་བས་མང་བ་བསྣན་ཡོད། ནང་འདྲེན་འགྲེམས་ཚོགས་དང་། ཞབས་ཞུའི་ཚོང་དོན་འདུ་ཚོགས། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཐོན་རྫས་ཉོ་ཚོང་ཚོང་འདུས་སོགས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འདུ་ཚོགས་ཆེ་གྲས་བདེ་བླག་ངང་འཚོགས་ཏེ་སྒོ་དབྱེའི་དཔྱིད་རླུང་གིས་འཛམ་གླིང་ལ་དྲོ་སྐྱིད་སྦྱིན་པ་སོགས་ལོ་དེའི་ནང་། གང་སར་མཆེད་པའི་གོ་ལ་ཧྲིལ་པོའི་རིམས་ནད་དང་མགྱོགས་མྱུར་འཕེལ་འགྱུར་འགྲོ་བཞིན་པའི་གོ་ལ་ཧྲིལ་པོའི་འགྱུར་ལྡོག་གི་མདུན་དུ་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་དོན་ངོ་མའི་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་བརྩི་རྒྱུའི་ཁས་ལེན་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བཅས་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
        2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་ཞིང་། ལོ་ངོ་100ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལས་དབང་གཅིག་འབྲེལ་ཡིན་པ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པ་དང་། མིའི་རིགས་ཡར་ཐོན་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱས་ནས་འཛམ་གླིང་གི་སྤྱི་ཡོངས་དང་དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྟངས་འཛིན་བྱས་པ་དང་རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། “སེམས་ལ་གནམ་འོག་འཆང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ”དེ་ཏང་གི་ལོ་བརྒྱའི་འབད་འཐབ་ལས་བསགས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་གྱི་གྲས་ཤིག་ཏུ་བརྩིས་པ་ནི་ཏང་གིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་། འཛམ་གླིང་འགྱུར་ལྡོག་གི་རྣམ་པ་ཆེན་པོ། ཀྲུང་གོ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆེན་པོ་བཅས་ཀྱི་མཐོ་ཚད་ཐོག་ནས་ཕྱི་ཕྱོགས་རྒྱལ་ཁབ་དབར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱས་པའི་ཕྱོགས་སྡོམ་གཏིང་ཟབ་ཅིག་རེད་ལ། ཏང་གིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་བློ་གྲོས་དང་སྟོབས་ཤུགས་མུ་མཐུད་ལེགས་སྐྱེས་སུ་འབུལ་བའི་གསལ་སྟོན་གལ་ཆེན་ཞིག་ཀྱང་རེད། འབྱུང་འགྱུར་ལ་ཕྱོགས་སྐབས་ཀྲུང་གོ་གུང་ཁྲན་ཏང་གིས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུ་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱས་ཏེ་ལོ་རྒྱུས་ཀྱི་འཁོར་ལོ་འོད་ཟེར་ལྡན་པའི་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
        མིག་སྔར། རིམས་ནད་རྒྱུན་མཐུད་ངང་ཡང་ཡང་ཐོན་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་འགྲོ་འགོར་བ། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་མངོན་གསལ་དོད་པ། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཡང་ཡང་ཐོན་པ་བཅས་ལས། མིའི་རིགས་ཀྱིས་མཐོང་དཀོན་པའི་ཉམས་ཉེན་མང་པོ་བརྒྱུད་བཞིན་ཡོད། དཀའ་ངལ་ཇི་ཙམ་ཆེ་བའི་དུས་སུ་དེ་ཙམ་གྱིས་ཡིད་ཆེས་བརྟན་དུ་གཏོང་དགོས་པ་དང་དེ་བས་བབ་བརླིང་དང་བློ་སྟོབས་ཆེ་རུ་གཏོང་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ཞི་བདེར་དགའ་ཞེན་ཆེ་བའི་རྒྱལ་ཁབ་དང་མི་དམངས་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས། རྒྱུན་སྲིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུ་ཡིན། གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་ཉེར་ཡོད་པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལ་རྒྱང་ལྟ་གནང་བཞིན“ང་ཚོས་བློ་གཅིག་སེམས་གཅིག་གིས་འཛམ་གླིང་ལ་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་སྤྱན་འབུལ་ཞུ་རྒྱུ་ཡིན”ཞེས་ནན་བཤད་གནང་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་འདུ་ཚོགས་གཟབ་རྒྱས་ཤིག་དང་གོ་ལ་ཧྲིལ་པོའི་ལུས་རྩལ་པས་དྲང་གཞག་རྩལ་འགྲན་བྱེད་པའི་གར་སྟེགས་ཤིག་རེད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་དང་། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཞིག་རེད། སྟབས་བདེ་གྲོན་ཆུང་དང་། བདེ་འཇགས་ལྡན་པ། ལྟད་མོ་ཆེ་བ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་བར་འཛམ་གླིང་གིས་ཀྲུང་གོར་རེ་སྒུག་བྱེད་བཞིན་ཡོད་ལ་ཀྲུང་གོས་ཀྱང་གྲ་སྒྲིག་ཡག་པོ་བྱས་ཟིན།
        འཛམ་གླིང་ལ་བསྟུན་ཚེ་འབྱུང་འགྱུར་ལ་རེ་བས་ཁེངས་ངེས་ཡིན་པ་དང་། ལག་གདང་སྦྲེལ་ནས་བརྟན་པོའི་ངང་མདུན་དུ་བསྐྱོད་ཚེ་གཞི་ནས་བརྟན་བགྲོད་རྒྱང་འཁྱོལ་བྱེད་ཐུབ། འཛམ་གླིང་རྒྱལ་ཁབ་ཁག་གིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་སེམས་ལ་བཅངས་པ་དང་། ཞི་བདེ་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས། ཕྱོཌ་མང་རིང་ལུཌ་མཐའ་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། མཉམ་དུ་མདུན་སྐྱོད་དང་མུ་མཐུད་འབད་འཐབ་བྱས་ཚེ་ཕུགས་འདུན་མངོན་འགྱུར་དང་། བྱ་སྤྱོད་ལ་བརྟེན་ནས་འབྱུང་འགྱུར་བཏོད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལེའུ་གསར་པ་ཟམ་མི་ཆད་པར་བརྩམས་ནས། དེ་བས་དར་རྒྱས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་གཏོད་ཐུབ་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1