༄༅།།བྲག་བར་བཻ་རོའི་རྡོ་གུར་སྒྲུབ་ཕུག

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 01-17


    བྲག་བར་བཻ་རོའི་རྡོ་གུར་སྒྲུབ་ཕུག་ནི་རྔ་བ་ཁུལ་འབར་ཁམས་རྫོང་གི་གྲོང་ཁུལ་དང་སྤྱི་ལེ40ལྷག་རྒྱང་བ་རེད། འབར་ཁམས་རྫོང་བྲག་བར་ཡུལ་ཤོག་གི་ཡུན་འགྲོགས་ཞེས་པའི་གྲོང་སྡེ་དེར་གནས་ཡོད། ང་ཚོ་ཚེས15ཉིན་དེའི་སྔ་མོ་ཆུ་ཚོད་བརྒྱད་པའི་ཐོག  གླ་གཏོང་རླངས་འཁོར་ཆུང་ཆུང་ཞིག་གླས་ནས་བྲག་བར་ཕྱོགས་སུ་སོང་། ཆུ་ཚོད་གཅིག་ཙམ་འགོར་རྗེས།  ང་ཚོ་ཧུང་ཆི་ཟམ་ཆེན་དུ་སླེབས།  ཟམ་པའི་གཡས་གཡོན་དུ་ཟ་ཁང་ཆུང་ཆུང་དང་ཚོང་ཁང་ཆུང་ཆུང་དག་གི་མཐའ་སྐོར་དུ་མི་མང་པོས་བསྐོར་ནས་མཆིས། ང་ཚོས་མི་ཁ་ཤས་བཙལ་ནས་བཻ་རོའི་རྡོ་གུར་སྒྲུབ་ཕུག་གང་དུ་ཡོད་པ་དྲིས་ཚེ།  ལོ་ན་བཞི་བཅུ་ཡས་མས་ལོན་པའི་རྒྱལ་རོང་སྐྱེས་པ་ཞིག་གིས་ང་ཚོ་ལ།  ཟམ་ཆེན་གྱི་གཡོན་ཕྱོགས་ནས་སྤྱི་ལེ་གཅིག་ཕྱེད་སོང་མཚམས།  རྡོ་གུར་སྒྲུབ་ཕུག་དེར་མཇལ་རྒྱུ་ཡོད་པ་ལམ་སྟོན་བྱས། ང་ཚོ་དེ་བཞིན་དུ་ཕྱོགས་སུ་སོང་མཐར་རི་རྩ་ན་དར་ཁྲ་མང་པོ་འཐེན་ཡོད་པ་མིག་ལམ་དུ་ཤར་བྱུང་།  སྒྲུབ་ཕུག་ཡོད་ས་དེ་ལ་ཡུན་འགྲོགས་གྲོང་སྡེ་ཟེར།  སྒྲུབ་ཕུག་གི་མདུན་ཕྱོགས་དང་མཐའ་སྐོར་ན་ཞིང་ཁྱིམ་བཞི་ལྔ་གནས་ཡོད་པ་དང་མ་རྨོས་ལོ་ཏོག་སོགས་འབྲུ་རིགས་མང་པོ་སྐྱེས་འདུག  ཁྱད་འཕགས་ཀྱི་གནས་ཡུལ་ཞིག་ཡིན་པ་རང་མོས་ཀྱི་ངང་ནས་སེམས་སུ་ངོས་འཆར་བའི་མྱོང་ཚོར་ཡོད་པ་ཞིག་རེད།   རྡོ་གུར་སྒྲུབ་ཕུག་གི་ཕྱི་དབྱིབས་ནི་རྒྱང་རིང་ནས་བལྟས་ན་སོག་པོའི་གུར་དང་འདྲ་བ་སུས་བལྟས་ན་ནོར་འཁྲུལ་ཡོད་པ་དཀའ།  སྒྲུབ་ཕུག་ནི་བྲག་བར་གྱི་ཁྱད་ཆོས་ལྡན་པའི་རྡོ་རིགས་དེ་རེད།  སྒྲུབ་ཕུག་ནང་གི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ༥༠ལྷག་འདུག  སྒྲུབ་ཕུག་ནང་དུ་གསལ་ཆ་དེ་འདྲ་དགའ་འོས་པ་ཞིག་མི་འདུག་ཀྱང་སྒོམ་སྒྲུབ་པ་ཞིག་ཡིན་ནས་བཟུང་གནས་དེ་ལས་བཟང་བ་གཞན་ལོན་པར་དཀའ།  ཡུལ་མི་ཚོས་ངོ་སྤྲོད་བྱས་པ་ལྟར། ལོ་ཆེན་བཻ་རོ་ཙ་ནའི་རྡོའི་ཆིབས་རྟ་རང་བྱུང་དང་དབུ་ཞྭ་རང་བྱུང་སོགས་མཇལ་རྒྱུ་མང་པོ་འདུག   ཡུལ་མི་ཚོས་བཤད་སྲོལ་ལྟར་ན།  དུས་རབས༢༠པའི་ལོ་རབས༦༠པ་ནས་ལོ་རབས༧༠པའི་དུས་མཇུག་བར་དུ། སྒྲུབ་ཕུག་དེ་གྲོང་སྡེའི་ར་ལུག་འཛུད་ས་བྱས་མྱོང་བ་རེད། ལོ་ཁ་ཤས་ཀྱི་སྔོན་དུ་སྒྲུབ་ཕུག་དེ་གཙང་སྦྲ་བྱས་ཤིང་ས་ལ་ཨར་འདམ་བླུག་ཡོད།  དེང་སང་གྲོང་མི་ཚོས་མཆོད་གནས་སུ་བཀུར་ནས་བདག་གཉེར་དམ་པོ་བྱས་དང་བྱེད་བཞིན་ཡོད་པ་ནི་ཤུགས་བསྟན་དུ་རྟོགས་ཐུབ་པ་ཞིག་རེད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1