༄༅།།པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་འཁྲུངས་གཞིས་ཀྱི་ཉམས་གསོའི་ལས་གྲྭ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-15


      གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་འཁྲུངས་གཞིས་ཀྱི་ཉེན་སེལ་བརྟན་གཏོང་གི་འཆར་འགོད་བྱེད་འགོ་བརྩམས་ཤིང་།འབྲེལ་ཡོད་ཇུས་གཞི་བཟོས་ནས་རིག་དངོས་སྡེ་ཚན་ལ་ཞིབ་དཔྱད་བྱ་རྒྱུར་བསྐྱལ་བ་དེར་ཁས་ལེན་བྱུང་བས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་འཁྲུངས་གཞིས་ལ་ཁྱོན་ཡོངས་ནས་ཉམས་གསོ་བྱ་རྒྱུ་ཡིན་པ་རེད།

     པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་བིས་མདོ་ཤང་ངོ་མཚར་མ་རུ་གྲོང་ཚོ་ནས་ཡིན་ཞིང་། ཡ་རྫི་རྫོང་བིས་མདོ་ཤང་དུ་གནས་པའི་ཁོང་གི་འཁྲུངས་གཞིས་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་གཏོགས་པ་མ་ཟད། རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོས་མཇལ་བའི་གནས་ཁྱད་པར་ཞིག་ཀྱང་ཡིན་པ་རེད།
     པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་འཁྲུངས་གཞིས་ཉར་ཚགས་ཅུང་ཡག་པོ་བྱུང་ནའང་། དུས་ཡུན་རིང་པོ་འགོར་བའི་དབང་གིས་ཁང་པའི་སྐྱོན་རིམ་བཞིན་གསལ་ལེར་མངོན་པར་བརྟེན་འཁྲུངས་གཞིས་ཉེན་སེལ་དང་བརྟན་དུ་བཏང་བ་ཕུད། དེའི་ཉེ་འདབས་སུ་གནས་པའི་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་སྐུ་ན་ཕྲ་བའི་སྐབས་སློབ་གཉེར་གནང་སའི་བིས་མདོའི་དགོན་ཆེན་བཀྲ་ཤིས་ཆོས་འཁོར་གླིང་ཡང་ཉམས་གསོ་བྱ་རྒྱུ་ཡིན་པ་རེད།
     པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ནི། 1938ལོའི་ཟླ་2ཚེས་3ཉིན་འཁྲུངས་པ་དང་། 1944ལོའི་ཟླ་4པར་འཁྲུངས་གཞིས་ནས་ཞལ་གྱེས་རྗེས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་དགུ་པའི་ཡང་སྲིད་ཡིན་པའི་ངོས་ནས་དགེ་ལུགས་པའི་སྲོལ་གཏོད་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་མཚོ་སྔོན་ཞིང་ཆེན་སྐུ་འབུམ་བྱམས་པ་གླིང་དུ་སྡོམ་པ་བཞེས་པ་རེད། 1989ལོའི་ཟླ་1ཚེས་28ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1