སི་ཁྲོན་རྔ་བ་རྫོང་གི་མང་ཚོགས་ཀྱིས་སྤྲོ་དགས་ངང་བོད་ལུགས་ལོ་སར་ལ་རོལ་བཞིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-24



ལོ་སར་གྱི་སྡེར་ཁ་བསྒྲིགས་ཡོད་པ།

  རྔ་བ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་འདབས་དང་ཁམས་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། སྤྱིའི་ས་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༡༠༣༧༠ ཡོད། སྲིད་འཛིན་དབྱེ་སྟངས་ཀྱི་ཆ་ནས་ཤར་ཕྱོགས་སུ་ཁྱུང་མཆུ་རྫོང་དང་། ལྷོ་ཕྱོགས་སུ་འབར་ཁམས་རྫོང་། ལྷོ་ནུབ་ཕྱོགས་སུ་འཛམ་ཐང་རྫོང་། ནུབ་བྱང་ཕྱོགས་སུ་མཚོ་སྔོན་པད་མ་རྫོང་དང་གཅིག་སྒྲིལ་རྫོང་། བྱང་ཕྱོགས་སུ་ཀན་སུའུ་རྨ་ཆུ་རྫོང་བཅས་དང་འབྲེལ་ཡོད་དེ། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད་པས་ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས་སོགས་དར་རྒྱས་ཆེ་བའི་ལྟེ་གནས་ས་ཁུལ་ཞིག་ཡིན།
  ཡུལ་ཕྱོགས་འདི་ནས་ལུགས་རྙིང་གི་དཔྱིད་གསར་དུས་སྟོན་དང་བོད་ལུགས་ལོ་སར་ཚང་མ་རོལ་བའི་སྲོལ་ཡོད། ད་ལོར་དཔྱིད་གསར་དུས་སྟོན་དང་བོད་ལུགས་ལོ་སར་གཉིས་དུས་གཅིག་ཏུ་ཁེལ་ཡོད་པས། སྔར་ལས་གཟབ་རྒྱས་ཆེན་པོ་ལྡན། ནམ་གང་གི་ཉིན་མོར་ཚེ་བཀྲ་ཚང་གིས་ཞོགས་པ་སྔ་མོ་ནས་ཁང་ཁྱིམ་ཕྱི་ནང་གཙང་སྤྲ་ཞིབ་མོ་བྱས་ཤིང་།  ལོ་སར་སྡེར་ཁ་སྒྲིག་པ་དང་། ཤྭ་དང་མོག་མོག་སོགས་གྲྭ་སྒྲིག་འཐུས་ཚང་བྱས། དགོང་མོའི་དུས་སུ་བཟའ་མི་ཚང་མ་མཉམ་དུ་འཛོམས་ནས་ཤྭ་བཙོས་མ་དང་མོག་མོག ཇོ་འབྲས་སོགས་ཟོས་ཏེ་དགའ་དགའ་སྤྲོ་སྤྲོས་ངང་མཚོ་སྔོན་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ལ་ལྟད་མོར་བལྟས། དགོང་མོ་དེར་ངེས་པར་དུ་བཟའ་མི་ཚང་མ་ཆད་ལྷག་མེད་པར་མཉམ་དུ་འཛོམས་དགོས་པ་རེད། གལ་སྲིད་མཉམ་འཛོམས་མ་བྱུང་ཚེ་ལྟས་མི་ལེགས་པར་བརྩི་སྲོལ་ཡོད།


ལོ་སར་ཚེས་གཅིག་ཉིན་ཆོས་ལུགས་མཛད་སྒོ་སྤེལ་བཞིན་པ།.

  ལོ་སར་ཚེས་གཅིག་གི་ཞོགས་པ། ཚེ་བཀྲ་དང་ཆུང་མ་གཉིས་ཞོགས་པའི་ཆུ་ཚོད་བཞིའི་ཐོག་ཏུ་མལ་ནས་ཡར་ལངས། ཚེ་བཀྲས་རྒྱབ་ཏུ་བསང་ཁུག་ཁུར་ནས་རང་ཉིད་ཀྱི་སྐྱེས་ལྷར་བསིང་ཕུད་དུ་སོང་། ཆུང་མས་ཆུ་ཟོམ་ཁུར་ནས་ཚེས་ཆུ་ལེན་དུ་སོང་། ཁྱོ་ཤུག་གཉིས་ཀྱིས་ཞོགས་ཇ་སོགས་གྲྭ་སྒྲིག་བྱས་འཚག་རྗེས་བྱིས་པ་དང་རྒན་རྒོན་སོགས་ཡར་སྦུས་ཏེ་མཉམ་དུ་ཞོགས་ཟ་བཏུང་། ཚེས་གཅིག་ཉིན་མོ་རྔ་བ་རྫོང་གི་དགོན་ཁག་མང་ཆེ་བར་ཆོས་ལུགས་བྱེད་སྒོ་སྤེལ་སྲོལ་ཡོད། ཚེ་བཀྲ་ཚང་རྟོགས་ལྡན་དགོན་གྱི་ཡིན་པ་དང་། ཉིན་དེར་རྟོགས་ལྡན་དགོན་དུ་འཆམ་རྒྱག་པ་དང་ས་གླིང་བཤད་པའི་སྲོལ་ཡོད་ཕྱིར། ཞོགས་ཇ་བཏུང་རྗེས་ཚེ་བཀྲ་བཟའ་མི་ཡོངས་དགོན་པའི་ནང་མཇལ་སྐོར་དུ་ཕྱིན།  
  ལོ་སར་ཚེས་གཉིས་ཀྱི་ཉིན་ནས་བཟུང་། སྡེ་བ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མས་སྐོར་ཚོགས་སྒྲིག་ནས་ཁྱིམ་ཚང་རེ་རེ་བཞིན་འབོད་རེས་བྱེད་སྲོལ་ཡོད། སྡེ་བའི་ནང་གི་སྐྱེས་པ་ཚང་མ་མཉམ་དུ་འཛོམས་ནས་ཁྱིམ་ཚང་རེ་རེ་བཞིན་ལོ་སར་ལ་རྟེན་འབྲེལ་ཞུ་རུ་འགྲོ་བ་དང་། བྱིས་པ་དང་རྒན་རྒོན་ཚོ་ཁྱིམ་མཚེས་ཕན་ཚུན་བར་དུ་འབོད་རེས་བྱེད། དེ་ལྟར་ཉི་མ་གསུམ་ཡས་མས་ཀྱི་རིང་དུ་གཉེན་ཉེ་དང་གྲོགས་པོ། ཁྱིམ་མཚེས་ཕན་ཚུན་བར་ལ་ལོ་སར་སྐྱེལ་བ་དང་། འཚམ་འདྲིར་འགྲོ་བ། གཉེན་སྒྲིག་མཛད་སྒོ་སྤེལ་བ། གླུ་ལེན་གར་རྩེད་སོགས་བྱེད་སྲོལ་ཡོད་པ་རེད།  
  ལོ་སར་ཚེས་པ་ལྔ་བ་ནས་བཟུང་དགོན་སྡེ་སོ་སོས་སྨན་ལམ་ཆེན་མོ་ཚོགས་འགོ་བརྩམས། རྔ་བ་རྫོང་དུ་བསྡོམས་པས་དགོན་ཁག་ཞེ་གཉིས་ཡོད་ལ། དགོན་ཁག་དེ་དག་ནི་དགེ་ལུགས་དང་ཇོ་ནང་། ས་སྐྱ། རྙིང་མ། བོན་པོ་སོགས་གྲུབ་མཐའ་རིགས་མི་འདྲ་བར་གཏོགས་པས། ལོ་སར་གྱི་ཚེས་བཅོ་ལྔའི་བར་དུ། དགོན་སྡེ་སོ་སོར་ཆོས་ལུགས་མཛད་སྒོ་རིགས་སྣ་ཚོགས་ཡོད་པས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱང་དུས་ལྟར་ཆོས་ལུགས་གྲུབ་མཐའ་རེས་མེད་དུ་དགོན་སྡེ་ཁག་སོ་སོར་མཇལ་སྐོར་དུ་འགྲོ་བ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1