བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ བར་གྱི་རིན་ཐང་ཐད་ཀྱི་ལྟ་ཚུལ།

འཇམ་དབྱངས་བྱམས་པ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་བོད་བརྒྱུད་ནང་བསྟན་གཉིས་དུས་ནམ་ཞིག་ཚེ་ནས་དར་བ།
སྤྱི་ཚོགས་རིང་ལུགས་ནི། དུས་རབས་16པའི་དུས་འགོར་བྱུང་བ་དང་། སྤྱི་ཚོགས་ཧྲིལ་པོས་ཁྱོན་ཡོངས་ལ་བརྩིས་ནས་སྤྱི་ཚོགས་ལ་ཐོན་རྫས་དང་། མ་རྩ། ས་ཞིང་། རྒྱུ་ནོར་སོགས་ཡོད་པ་དང་ཚོད་འཛིན་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད་ཅིང་དེའི་དོ་དམ་དང་བགོ་བཤའ་ནི་སྤྱི་དམངས་ཀྱི་ཁེ་ཕན་ལ་བརྟེན་བཞིན་ཡོད།
བོད་བརྒྱུད་ནང་བསྟན་ནི། བོད་བཙན་པོའི་རྒྱལ་རབས་ཞེ་གཉིས་ཀྱི་རིམ་བྱུང་ལས་དུས་རབས་བདུན་པའི་ནང་དུ་རྒྱལ་རབས་28པ་ལྷ་ཐོ་ཐོ་རི་དགུང་ལོ་དྲུག་ཅུའི་སྐབས་སུ་མཁར་གྱི་ཐོག་མ་ཕོ་བྲང་ཡུམ་བུ་བླ་སྒང་གི་ཡང་ཐོག་ཏུ་སྤང་སྐོང་ཕྱག་རྒྱ་བ་དང་། མདོ་སྡེ་ཟ་མ་ཏོག་སོགས་ནམ་མཁའ་ནས་བབས་པ་དང་། འདིའི་དུས་སུ་པཎྜི་ཏ་བློ་སེམས་མཚོ་དང་། ལོ་ཙཱ་བ་ལི་ཐེ་སེས་གཉིས་ཀྱིས་ཆོས་བསྟན་པས་དམ་པའི་ཆོས་དངོས་སུ་དབུ་བརྙེས། དེའི་རྗེས་སུ་རྒྱལ་རབས་33པ་ཆོས་རྗེ་སྲོང་བཙན་སྒང་པོའི་སྐབས་སུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་བཅས་སྲོལ་བཏོད། དེའི་རྗེས་སུ་རྒྱལ་རབས་39པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྡེ་སྣོད་གསུམ་སྒྱུར། རབ་བྱུང་གི་སྡེ་བཙུགས་ཏེ་ཡུན་རིང་དུ་དར་ཞིང་རྒྱས། ཡང་དེའི་ཕྱིས་སུ་རྒྱལ་རབས་42པ་གླང་དར་མས་བོད་བརྒྱུད་ནང་བསྟན་ལོ་མང་དུ་བསྣུབས་ཏེ་ཤིན་ཏུ་རྒུད་པར་གྱུར། སྤྱིར་བོད་བརྒྱུད་ནང་བསྟན་དར་ནས་བརྒྱུད་ལམ་མི་འདྲ་གསུམ་ཙམ་བརྒྱུད་ཡོད་དེ། བོད་བཙན་པོའི་དུས་ཀྱི་ནང་བསྟན། སིལ་བུའི་དུས་ཀྱི་ནང་བསྟན། ས་སྐྱ་ནས་དགའ་ལྡན་སྲིད་གཞུང་བར་གྱི་ནང་བསྟན་རྣམས་སོ། །དགའ་ལྡན་གྱི་དུས་འདི་ནས་ཀྲུང་དབྱང་གོང་མའི་སྲིད་གཞུང་སོགས་ཀྱི་རོགས་སྐྱོར་ཤུགས་ཆེན་མཛད་པའི་རྐྱེན་ལས་ད་བར་ལོ་ཆིག་སྟོང་ལྷག་གནས་པའོ། །དེར་ཡང་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་ཟབ་མོ་ལྡན་པ་མ་ཟད། ཀྲུང་ཧྭའི་ཤེས་དཔལ་གྲུབ་པའི་ཁྲོད་རིག་གནས་ཀྱི་འབྲེལ་ཐག་ནུས་པ་གལ་ཆེན་འདོན་སྤེལ་བྱེད་མྱོང་ཡོད་ལ། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་འཕེལ་རྒྱས་བྱུང་བའི་ཆོས་ལུགས་རིག་གནས་ཀྱི་ཁོངས་གཏོགས་ཀྱང་རེད། ཁྱད་ཆོས་དེ་དག་གིས་དུས་རབས་གསར་པར་དེའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་རྨང་གཞི་བཟང་པོ་བཏིང་ཡོད། དངོས་ཡོད་ཀྱི་རྨང་གཞིའི་ཐོག་ནས་བལྟས་ན། བོད་བརྒྱུད་ནང་བསྟན་གྱིས་མཐོ་སྒང་གི་ཡུལ་དང་དེ་བཞིན་མཐའ་འཁོར་གྱི་མི་རིགས་མང་བའི་མང་ཚོགས་ལ་དད་མོས་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བ་དང་ཉེ་བཅར་བྱེད་པ། དད་ལྡན་མང་ཚོགས་ལ་ཞི་བདེ་དང་མཐུན་ལམ་གྱི་ཤུགས་རྐྱེན་ཆེན་པོ་བཟོ་བ་བཅས་བྱས་ཚེ། ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ནས་འཛུགས་པའི་ཞི་མཐུན་གྱི་མི་རིགས་འབྲེལ་བ་དང་མཐོ་སྒང་གི་ཡུལ་དང་དེ་བཞིན་དུ་ཉེ་འཁོར་གྱི་མི་རིགས་ཁག་ལ་མཐུན་སྒྲིལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་པའི་གནད་ཚིག་ནི་བོད་བརྒྱུད་ནང་བསྟན་ཏེ། འདི་ཉིད་ལའང་ཀྲུང་གོ་ཅན་དུ་བསྒྱུར་བ་དང་། དགེ་མཚན་ལྡན་པའི་ནུས་པ་སོགས་ཀྱང་ཐོན་ཡོད་དོ། །འདི་ལ་ཡང་འཛམ་གླིང་མཁས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་ཚན་ཐེག་ཆེན་སེམས་ཙམ་པའི་སློབ་དཔོན་དབྱིག་གཉེན་མཆོག་གིས་འདི་ལྟར་གསུངས་ཏེ། བསྟན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་པ་ལྟར། སྤྱིར་བསྟན་པ་ལའང་ལུང་གི་བསྟན་པ་སྡེ་སྣོད་གསུམ་དང་། རྟོགས་པའི་བསྟན་པ་བསླབ་པ་གསུམ་ཡོད་པ་མ་ཟད། །དེའི་ནང་ནས་བསྟན་པའི་ཡན་ལག་གི་མཐུན་རྐྱེན་རྔ་རྡུང་རོལ་མོ་དང་འདོན་རྟ་དབྱངས། ཐིག་རྡུལ་ཚོན། ཆོ་ག་ཕྱག་ལེན། ལག་བྲིས་རི་མོ། གནའ་བོའི་མཆོད་རྫས་རྙིང་ཆས་སོགས་བོད་བརྒྱུད་ནང་བསྟན་རང་ས་ནས་འཛུགས་སྐྲུན་ཐོན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྨད་དུ་བྱུང་བ་གྲངས་ལས་འདས་པ་ཡང་ཡོད་དོ། །
བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་གཉིས་ཀྱི་བར་དུ་མཐུན་ལམ་ཇི་ལྟར་གནས་པ།
སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་གུང་ཁྲན་རིང་ལུགས་ཀྱི་ཐོག་མའི་དུས་སྐབས་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་དང་། རྒྱུ་ནོར་དཔལ་འབྱོར། ཁ་ཟས་གྱོན་གོས་ཀྱི་ཐོན་སྐྱེད་རྒྱུ་ཆ་ཡོངས་སུ་རྫོགས་པ་རྒྱལ་འབངས་སྤྱི་ལ་འདྲ་མཉམ་དུ་དབང་བའི་ལམ་ལུགས་རྨང་གཞི་བྱས་པའི་ཐོག་ནས་ཤེད་ཤུགས་གང་ཡོད་ཕྱུང་བ་ལ་ངལ་རྩོལ་ལྟར་བགོ་བཤའ་བྱེད་པ་ཞེས་པའི་རྩ་དོན་ལག་ལེན་དུ་བསྟར་བའི་སྤྱི་ཚོགས་ཀྱི་ལུགས་སྲོལ་ཞིག་ཡིན་ལ། རྣམ་པ་གཙོ་བོ་ནི་དམངས་ཡོངས་ལ་དབང་བ་དང་། ངལ་རྩོལ་མང་ཚོགས་ཐུན་མོང་ལ་དབང་བའི་ལམ་ལུགས་འདི་གཉིས་སོ། །མདོར་ན། གནའ་དེང་རིག་པའི་ཡོན་ཏན་གྱི་ཁྱད་ཆོས་དུ་མས་མཛེས་པའི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འདི་ཡིས་རྒྱལ་འབངས་ཡོངས་ལ་མཐོ་དམན་དང་གྲལ་རིམ་མེད་པར་འཚོ་བ་ཉམ་ཆགས་ཤིང་ཤིན་ཏུ་རྒུད་པའི་ནད་པ་དང་། དབུལ་པོ། ཡན་ལག་མ་ཚང་བ། ལུས་དམན་པ་སོགས་ཤེས་འཇོན་ནུས་གསུམ་མེད་པའི་ཉམ་ཐག་པའི་དབུལ་པོ་རྣམས་ལ་སྙིང་རྗེ་དང་བསྙེན་བཀུར། བྱམས་སྐྱོང་དང་རོགས་རམ་བྱེད་ཅིང་། མཐུན་པོ་རྣམས་ལ་རྒྱབ་སྐྱོར་དང་བརྩི་བཀུར། མཐོང་ཆེན་དང་མཆོག་ཏུ་ལྟ་བ་ནི་ཀྲུང་གོ་རྒྱལ་ཁབ་རང་གི་འཕྲལ་ཕུགས་ཀྱི་འོས་འགན་ཡིན། གཞན་ཡང་རྩོད་གླེང་ཁ་འཛིང་དང་ཕན་ཚུན་འཁྲུག་འཛིང་དང་། རྐུན་ཇག་འཕྲོག་གསུམ་དང་དབུལ་པོར་བརྙས་བཅོས། གཡོ་སྒྱུའི་བསླུ་བྲིད་དང་རྫུན་གྱིས་ནག་ཉེས་བྱས་པ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས། ཁེ་ཕན་དང་མཐུན་ལམ་བཅས་ལ་གནོད་ཚེ་གཏོང་བའི་བྱ་བ་ཐམས་ཅད་ནི་སྡོམ་ཞིང་སྤོང་དགོས་པ་ནི་རྒྱལ་ཁབ་ཀྱི་ཡང་སྙིང་ཡིན། །མདོར་ན། སྤྱི་ཚོགས་རིང་ལུགས་འདི་ནི་རང་རྒྱལ་ཁབ་དང་རང་གི་མི་རིགས་ལ་སྟོབས་འབྱོར་དང་ཤེས་དཔལ། བདེ་འཇགས་དང་མཛའ་མཐུན། ཞི་བདེ་དང་འཆམ་མཐུན་སོགས་ཀྱིས་སྤྱི་ཚོགས་འགན་སྲུང་བྱེད་པ་ནི་ཤིན་ཏུ་གལ་འགངས་ཆེ་བར་བརྩིས་ཤིང་། སྤྱི་ཚོགས་འགན་སྲུང་གི་ནུས་པ་གཙོ་བོ་མི་རྣམས་ཀྱི་འཚོ་བ་དང་ལས་ཀའི་ཁྲོད་དུ་འཕྲད་སྲིད་པའི་ཉེན་ཁ་རྣམས་ཇེ་ཉུང་དུ་གཏོང་བ་དང་། སྤྱི་ཚོགས་སུ་མི་ཡི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ་དང་། འཚོ་བའི་བདེ་འཇགས་དང་འཕེལ་རྒྱས་ཆེན་པོ་གཏོང་བའི་ཆེད་དུ་གསོན་གནས་བྱེད་པ་ནི་རང་རྒྱལ་གྱི་ལུགས་བཟང་ཐུན་མོང་མ་ཡིན་པ་ཡིན་ལ། འདི་ཡང་སྒྲོ་བཏགས་དང་རྫུན་བཤད་ཙམ་གྱིས་མི་ཚད་པར་མི་རང་རང་གི་མངོན་སུམ་གྱིས་མཐོང་ཆོས་སུ་འགྱུར་བ་ཡིན་ནོ། །ཀྲུང་གོའི་རིག་གནས་ཀྱི་ཁྱད་ཆོས་ཕུལ་དུ་ཕྱིན་པའི་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་སམ་དམིགས་འདུན་གྱི་གཙོ་བོ་ཡང་། ཚེ་སྔ་མའི་ལས་དབང་གིས་ཚེ་འདིར་ལུས་དམན་པ་འགྱུར་བ་དང་། ནད་ཀྱིས་མནར་བ། འཚོ་བའི་མཐུན་རྐྱེན་ཞན་པ། དབུལ་ཕོངས་པའི་ཉམ་ཐག་པ་རྣམས་པ་ལ་སྙིང་རྗེ་དང་བྱམས་སྐྱོང་བྱེད་པའི་ལྟ་གྲུབ་དེ་ཡིན་ཞིང་། སྲོག་གཅོད་པ་དང་། བསླུ་བྲིད་བྱེད་པ། གཞན་གྱིས་དངོས་པོ་མ་བྱིན་པ་རྣམས་བཙན་གྱིས་འཕྲོག་པ་དང་བརྐུ་བ། གཞན་ལ་རྡུང་རྡེག་དང་ཚིག་རྩུབ་བྱེད་པ་སོགས་འདི་དང་འདི་ལྟ་བུས་ཆོས་ལུགས་རྣམ་དག་དང་འཕེལ་རྒྱས་ཀྱི་བཀག་རྡོར་གྱུར་པའི་མི་མཐུན་པའི་ལས་ཡོངས་སུ་རྫོགས་པ་ཆེད་དུ་འདོར་དགོས་པ་ནི་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་བསླབ་བྱ་ཡིན་པས་དེ་ལ་ཡང་མི་དགེ་བའི་ལས་ཞེས་ཀྱང་མིང་དུ་བཏགས་ཏེ་གཏན་དུ་སྤང་བྱ་ཡིན་པ་གསུངས་སོ། །མ་ཟད་བོད་བརྒྱུད་ནང་བསྟན་ནི། འཛམ་གླིང་ཞི་བདེ་དང་མི་རིགས་མཐུན་སྒྲིལ་འབྱུང་བའི་རྩ་བའི་རྨང་གཞིའི་བསླབ་བྱའི་རིག་གནས་མཆོག་ཏུ་གྱུར་པ་ཞིག་ཡིན། དེ་ཡང་མདོར་བསྡུས་ན། གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུ་དེ་ཡིན་ལ། དེ་ཐོབ་པ་ལ། ཁམས་གསུམ་སེམས་ཅན་ཐམས་ཅད་རང་གི་ཕ་མ་ལྟ་བུའི་འདུ་ཤེས་བརྟན་པོར་བཟུང་ནས་ཞི་བདེ་དང་མཐུན་སྒྲིལ་གྱི་བསླབ་བྱ་ཡོད་ཚད་ཚུལ་བཞིན་དུ་ཉམས་སུ་བླང་དགོས། དེ་ལ་ཡང་གནས་སྐབས་དང་མཐའ་ཐུག་གི་ཞི་བདེ་གཉིས་ཡོད་པ་སྟེ། སྐབས་སུ་རང་གི་ཡུལ་སྡེ་དང་མི་རིགས་བཅས་སོགས་ལ་རིམ་གྱིས་ནད་ཡམས་འཁྲུགས་རྩོད། སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་ཉེ་བར་ཞི་ཞིང་། ཐམས་ཅད་ལ་ཉེ་རིང་མེད་པར་རང་གི་ཕ་མ་ལ་བརྩེ་འདང་དང་བརྩི་བཀུར་བྱེད་པ་ལྟ་བུའི་འདུ་ཤེས་བཞག་ནས་བཅོས་མིན་དྭངས་གཙང་གི་བརྩེ་སེམས་རྣམ་དག་ལྡན་པ་དང་། མཐའ་ཐུག་གི་ཞི་བདེ་ནི་ཡོན་ཏན་དེ་དག་གི་ཕ་མཐར་ཕྱིན་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བ་དེ་ཡིན་ཏེ། ལས་རྒྱུ་འབྲས་བསྲུངས་ཤིང་སྐྱེ་བ་སྔ་ཕྱི་ཁས་བླངས་པ། བདག་གཞན་མཉམ་བརྗེས་སྒོམ་པ་དང་། རྒྱུ་འབྲས་མན་ངག་བདུན་སོགས་ཀྱི་བསླབ་བྱ་མང་དུ་མཆིས་ཀྱང་། འདིར་སེམས་ཅན་ཐམས་ཅད་རྒྱུ་འབྲས་མན་ངག་བདུན་གྱིས་གཅེས་པར་ཚུལ་བཞིན་དུ་འཛིན་པ་ཡིན་ན། དང་པོ་སེམས་ཅན་ཐམས་ཅད་རང་གི་མ་ཡིན་པར་ཤེས། དེས་དེའི་དྲིན་དྲན་པ། དེ་ལ་དྲིན་གཟོ་བ་དང་། ཡིད་འོང་གི་བྱམས་པ་བྱེད་པ། སྙིང་རྗེ་ཆེན་པོ་སྒོམ་པ། ལྷག་བསམ་རྣམ་དག་བྱེད་པ། བྱང་ཆུབ་ཀྱི་སེམས་བསྐྱེད་བྱེད་པ་བཅས་ནི། བོད་བརྒྱུད་ནང་བསྟན་གྱིས་འགྲོ་བ་རྣམས་ལ་འཕྲལ་ཕུགས་གཉིས་ཀྱི་ཞི་བདེ་དང་མཐུན་སྒྲིལ་གྱི་ཡོན་ཏན་ཀུན་ནས་བསྐྲུན་པའི་རྩ་བ་ཡིན་ནོ། ། དེ་བཞིན་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །
ཞེས་གསུངས་པ་དང་། དབུ་མ་བཞི་བརྒྱ་པ་ལས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་བཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་པ་ལྟར་རོ། །གནད་ཀྱི་དོན་བསྡུས་ན། སྤྱི་ཚོགས་རིང་ལུགས་དང་བོད་བརྒྱུད་ནང་བསྟན་གཉིས་ནི། ཉ་མོ་ཆུ་གནས་ཀྱི་ཚུལ་དུ་ཞི་མཐུན་མཉམ་གནས་དང་། ཤིང་སྡོང་གཅིག་གི་རྩ་བ་དང་ལོ་འདབ་བཞིན་དུ་ཁྱད་གཞི་དང་ཁྱད་ཆོས་ལྡན་པའི་ཚུལ་གྱིས་མཉམ་གནས་བྱེད་པ་ཡིན་ལ། ཤིན་ཏུ་གལ་ཆེ་བ་ནི། བོད་བརྒྱུད་ནང་བསྟན་གྱི་འཕྲལ་ཕུགས་ཀྱི་དམིགས་འདུན་དང་། དེའི་ཁྱབ་ཁོངས་སུ་གཏོགས་པའི་དད་ལྡན་མང་ཚོགས་ཡོངས་ཀྱི་བསམ་བློ་གཅིག་འགྱུར་དང་བློ་ཕུགས་གཅིག་གཏད་ཀྱི་ངང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་འདུ་ཤེས་བཟང་པོ་དང་དེའི་སྤྱོད་ལམ་བསྐྱངས་དང་སྐྱོང་བཞིན་པ་ཡིན་ཡང་། རྒྱལ་ཁབ་དུས་ཇི་སྲིད་གནས་པ་དེ་སྲིད་དུ་མུ་ནས་མུ་མཐུད་དེ་ངེས་པར་དུ་སེམས་ཤུགས་མཉམ་དུ་སྐྱེད་དགོས་པ་དེ་ཡང་རྒྱུ་མཚན་ཆེན་པོ་ཞིག་མཐོང་བ་ཡིན་ནོ། །
དེ་གཉིས་ཀྱིས་རྒྱལ་ཁབ་དང་མི་དམངས་སྤྱི་ཚོགས་ལ་ཕན་བདེ་ཇི་ལྟར་བསྐྲུན་པ།
དེ་ཡང་གོང་དུ་ས་བཅད་གཉིས་ཀྱིས་དངོས་ཤུགས་ཅི་རིགས་ཀྱི་ཐོག་ནས་མདོ་མཚོན་པ་ཙམ་ཞིག་བསྟན་ཡོད་ཀྱང་། འདིར་མཚན་གཞི་ཁ་ཤས་ཀྱི་སྟེང་དུ་ཞུ་བར་བྱེད་ན། ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་རྒྱལ་འབངས་ཡོངས་ལ་མཐོ་དམན་དང་གྲགས་རིམ་མེད་པར་འཚོ་བ་ཉམ་ཆགས་ཤིང་ཤིན་ཏུ་རྒུད་པའི་ནད་པ་དང་། ནུས་ཤུགས་དམན་པ། དབང་པོ་མ་ཚང་བ། དབུལ་པོ་རྣམས་ལ་སྙིང་རྗེ་དང་བསྙེན་བཀུར། བྱམས་སྐྱོང་དང་རོགས་རམས་བྱེད་པ་དང་། གཞན་ཡང་རྩོད་གླེང་ཁ་འཛིང་དང་ཕན་ཚུན་འཁྲུག་འཛིང་། རྐུན་ཇག་འཕྲོག་གསུམ་དང་དབུལ་པོར་བརྙས་བཅོས། གཡོ་སྒྱུའི་བསླུ་བྲིད་དང་རྫུན་གྱིས་ནག་ཉེས་བྱས་པ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས། ཁེ་ཕན་དང་མཐུན་ལམ་བཅས་ལ་གནོད་འཚེ་གཏོང་བའི་བྱ་བ་ཐམས་ཅད་ནི་སྡོམ་ཞིང་སྤོང་དགོས་པའི་ཁྲིམས་ལུགས་བཟང་པོ་དེ་དང་། བོད་བརྒྱུད་ནང་བསྟན་གྱི་མི་དགེ་བཅུ་སྤངས་ནས་དགེ་བ་བཅུ་བསྒྲུབས་ཤིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀུན་ནས་བསླངས་ཏེ་སྦྱིན་སོགས་ཕར་ཕྱིན་དྲུག་ཉམས་སུ་ལེན་པའི་ཚུལ་ཁྲིམས་སྲུང་བ་དང་། ཁྲིམས་ལུགས་དེ་གཉིས་ཁོ་ནའི་ཐད་དུ་བསམ་བློ་བཏང་ཡང་ཤིན་ཏུ་མཐུན་ཞིང་། རང་གཞན་གཉིས་ཀའམ་འཛམ་གླིང་ཞི་བདེ་བའི་དཔལ་ལ་རོལ་བའི་རྒྱུར་འགྱུར་བ་ཡིན་ཏེ། སྲིད་ལུགས་སུ་དབུལ་པོར་རོགས་སྐྱོར་བྱེད་པ་དང་ཆོས་ལུགས་སུ་བྱམས་སྙིང་རྗེ་སྒོམ། སྲིད་ལུགས་སུ་རྩོད་གླེང་ཁ་འཛིང་དང་རྐུན་ཇག་འཕྲོག་གསུམ་སོགས་མི་མཐུན་པའི་ལས་དག་འགོག་སྲུང་བྱེད་པ་དེ་ཆོས་ལུགས་སུ་མི་དགེ་བ་བཅུ་སྤོང་བ། མ་ཟད་གཞན་ལ་སྦྱིན་པ་གཏོང་བ་དང་རང་རང་གི་ཚུལ་ཁྲིམས་སམ་ཁྲིམས་ལུགས་ཡང་དག་པ་སྲུང་བ། ཁོང་ཁྲོ་ལངས་པ་ལ་བཟོད་པ་སྒོམ་བ། ཤེས་བྱ་རིག་པའི་གནས་སམ་བྱ་བ་ཀུན་ལ་བརྩོན་འགྲུས་སྐྱེད་པ། ལེགས་ཉེས་བླང་དོར་གྱི་གནད་འབྱེད་པའི་ཤེས་རབ་སོགས་ནི་ཆོས་སྲིད་གང་ལའང་ཡོད་ན་མཆོག་འགྱུར་མེད་ན་ཐབས་ཆག་པའི་གཞིའི་རྩ་དོན་ནོ། །མ་ཟད་དགའ་ཞེན་ལྔ་དང་། བསྲུང་བྱ་གཉིས། འགན་ཁུར་གསུམ་བཅས་དེ་དག་ཉམས་སུ་བླངས་པས་རྒྱལ་ཁབ་དང་མི་དམངས་སྤྱི་ཚོགས་ལ་བདེ་འཇགས་དང་འཕེལ་རྒྱས། འཆམ་མཐུན་དང་མཛའ་བརྩེ་བའི་ཕན་བདེ་ཇི་ལྟར་བསྐྲུན་ཡོད་པ་ནི། སོ་སོས་ཉམས་མྱོང་གི་ཐོག་ནས་ཤེས་ཐུབ་པ་ལས་འདིར་ཡིག་ཚོགས་མང་བར་འཇིགས་ཏེ་རྒྱས་པ་ཞུ་མི་དགོས་པའི་དབང་དུ་བཏང་བར་བྱས་སོ། །མདོར་ན། རྒྱལ་ཁབ་ལ་དགའ་ཞེན་ཡོད་ཚེ་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་དགོས། ཁྲིམས་ལུགས་ལ་བརྩི་སྲུང་བྱེད་ཐུབ་ན། རང་རང་གི་རྒྱལ་ཁབ་དེ་ཉིད་བདེ་འཇགས་དངའཕེལརྒྱས། མཐུན་ལམ་དང་ཞི་བདེ། ཆོས་དཔལ་རིག་གསུམ་མངའ་བའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འགྱུར་ངེས་ལ། དེ་བཞིན་དུ་ཆོས་ལུགས་ལ་དགའ་ཞེན་ཡོད་ཚེ་སྡོམ་དམ་ཚིག་ཡང་དག་པ་བརྩི་སྲུང་བྱེད་དགོས། སྡོམ་དམ་ཚིག་ཡང་དག་པ་ཞིག་བརྩི་སྲུང་བྱེད་ཐུབ་ན། རང་རང་གི་ཆོས་ལུགས་དེ་ཉིད་ཆོས་དང་རིག་གནས། མི་གཤིས་དང་ཀུན་སྤྱོད། ལྟ་བ་དང་འདུ་ཤེས་འཛིན་སྟངས། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཅན་ཞིག་འགྱུར་ངེས་པ་ནི་རྟེན་འབྲེལ་རིག་པའི་ཆོས་ཉིད་ཀྱིས་གྲུབ་འོང་བ་ཞིག་གོ །འདི་ཡང་ཆོས་སྲིད་གཉིས་ཀྱི་དགོངས་པའི་སྙིང་པོ་དང་ཡོངས་སུ་མཐུན་ཅིང་། ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་བུ་ཡང་ཡིན་ནོ། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1