རྒྱ་བོད་མཛའ་མཐུན་མཉམ་གནས་ཀྱི་ལོ་རྒྱུས་དན་རྟགས་། ཞེ་ཧོར་བཀྲ་ཤིས་ལྷུན་པོ་དགོན།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ནི་1738ལོར་ད་ལྟའི་བོད་ལྗོངས་རྣམ་གླིང་རྫོང་དུ་སྐུ་འཁྲུངས། པཎ་ཆེན་སྐུ་ཕྲེང་ལྔ་པ་སྐུ་མྱ་ངན་ལས་འདས་རྗེས། 1740ལོར་ཡང་སྲིད་ངོས་འཛིན་གནང་བ་དང་། བོད་བཞུགས་ཨམ་བན་ཅི་ཧྲན་བརྒྱུད་དེ་གོང་མ་ཆན་ལུང་ལ་སྙན་སེང་ཞུས་པ་དང་འབྲེལ་ཆོག་མཆན་ཡང་ཐོབ་པ་རེད། 1741ལོར་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་ཁྲི་ལ་མངའ་གསོལ། 1779ལོར་ཁྲེང་ཏེ་དང་པེ་ཅིན་དུ་ཕེབས་ནས་གོང་མ་ཆན་ལུང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས། 1780ལོར་པེ་ཅིན་དུ་སྐུ་མྱ་ངན་ལས་འདས།

དེ་ཡང་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཕེབས་པར་བསུ་བ་ཞུ་ཆེད་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་གྱི་ཚ་གཡོལ་རི་གྲོང་གི་བྱང་སེང་གེ་རོང་གི་ལྷོ་ལྡེབས་སུ་དགོན་པ་ཞིག་ཕྱག་བཏབ་ཅིང་། ཞེ་ཧོར་བཀྲ་ཤིས་ལྷུན་པོ་དགོན་ནམ་པཎ་ཆེན་རིན་པོ་ཆེའི་ཕོ་བྲང་ཞེས་འབོད་པ་དང་། ཆན་ལུང་ཁྲི་ལོ་ཞེ་ལྔ་པ་སྟེ་སྤྱི་ལོ་1780ལོར་ཕྱག་བཏབ་གནང་ཞིང་།

རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་3.792ཟིན་ཡོད། དགོན་པའི་བཟོ་སྐྲུན་གཙོ་བོར་བོད་བཟོའི་ཨར་སྐྲུན་ཡིན་པ་དང་བཟོ་སྐྲུན་བྱེད་སྟངས་དང་ངོས་སྙོམས་བཀོད་པ་ལ་རྒྱ་ལུགས་ཀྱི་དགོན་པའི་ཨར་སྐྲུན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། དེའི་བཟོ་བཀོད་གཙོ་བོ་མདའ་ཐིག་གི་གཡས་གཡོན་གཉིས་སུ་ཆ་འགྲིག་ཏུ་ཆགས་ཡོད།

སྐབས་དེར་གོང་མ་ཆན་ལུང་གིས་གཙོ་བོར་ཁྲེང་ཏེ(སྐབས་དེར་གནས་དེར་རེ་ཧོ་ཞེས་འབོད)དང་པེ་ཅིན་ནི་བོད་ལྗོངས་ལས་ཚ་བ་ཆེ་ཞིང་། པཎ་ཆེན་སྐུ་ཕྲེང་དྲུག་པར་ཚ་གཡོལ་བྱེད་པ་བསམ་བློ་བཏང་བས། ཁྲེང་ཏེ་རུ་དགོན་པ་བཞེང་རྒྱུ་དང་། པེ་ཅིན་གྱི་རི་བོ་ཞང་ཧྲན་དུ་དགོན་པ་བཞེངས་ནས། པཎ་ཆེན་མཆོག་གི་དབྱར་དུས་ཀྱི་བཞུགས་གནས་བྱས་པ་དང་། པེ་ཅིན་དགོན་སེར་ནུབ་མ་པཎ་ཆེན་མཆོག་གི་དགུན་དུས་ཀྱི་བཞུགས་གནས་སུ་གཏན་འཁེལ་གནང་།

དེ་བཞིན་པཎ་ཆེན་སྐུ་ཕྲེང་དྲུག་པ་ཁྲེང་ཏེ་རུ་ཕེབས་རྗེས། གོང་མ་ཆན་ལུང་གིས་ཚ་གཡོལ་རི་གྲོང་དུ་ཁོང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པར་མ་ཟད། ཞེ་ཧོར་བཀྲ་ཤིས་ལྷུན་པོ་དགོན་དུ་པཎ་ཆེན་སྐུ་ཕྲེང་དྲུག་པར་འཚམས་འདྲིར་ཕེབས། པཎ་ཆེན་སྐུ་ཕྲེང་དྲུག་པས་གོང་མ་ཆན་ལུང་ལ་ལག་རྟགས་40དང་དེ་བཞིན་ལམ་བར་གྱི་ཉིན་ཐོ་ཞིག་ཕུལ་ཞིང་། ཉིན་ཐོའི་ནང་པཎ་ཆེན་སྐུ་ཕྲེང་དྲུག་པས་ལམ་བར་ནས་ས་ཚིགས་རེ་རེ་ནས་གོང་མ་ཚང་སྐུ་ཚེ་རིང་པོ་ཡོང་བའི་སྨོན་འདུན་ཞུས་པ་བཀོད་ཡོད། གོང་མ་ཆན་ལུང་གིས་རང་གི་ལུས་ལ་ཆོས་གོས་གྱོན་པའི་བྲིས་སྐུ་པཎ་ཆེན་སྐུ་ཕྲེང་དྲུག་པ་ལ་ཕུལ་བར་མ་ཟད། ཞེ་ཧོར་བཀྲ་ཤིས་ལྷུན་པོ་དགོན་གྱི་ཚོགས་ཁང་ཆེན་མོར་ཆོས་ཚོགས་བསྡུས་ཏེ་པཎ་ཆེན་སྐུ་ཕྲེང་དྲུག་པར་བཀའ་ཆོས་གསུངས་སུ་གསོལ་ཞིང་གོང་མའི་དབུ་བླ་ལྕང་སྐྱ་རིན་པོ་ཆེས་བསྒྱུར་གནང་མཛད།

ཡིད་འོང་བྱིན་ཆགས་ཕོ་བྲང་ནི་སྡིངས་ཆ་དམར་པོའི་ཐོག་ཁང་གིས་བསྐོར་བའི་སྒོ་རའི་ལྟེ་བར་ཆགས་ཤིང་། མཐོ་ཚད་ལ་བང་རིམ་གསུམ་དང་ཞེང་ཚད་ལ་ཁང་མིག་བདུན་ཡོད་དེ། པཎ་ཆེན་སྐུ་ཕྲེང་དྲུག་པའི་བཀའ་ཆོས་གསུང་ཡུལ་རེད། བང་རིམ་དང་པོའི་ལྷ་ཁང་གི་དཀྱིལ་དུ་རྗེ་ཙོང་ཁ་པའི་སྐུ་བརྙན་བཞུགས་ཡོད་པ་དང་། ཅུང་བྱང་དུ་ཤཱཀྱ་མུ་ནེ་བཞུགས་ཡོད། ཤར་དུ་པཎ་ཆེན་སྐུ་ཕྲེང་དྲུག་པའི་བཞུགས་ཁྲི་ཡོད། བང་རིམ་གཉིས་པའི་ནང་དུ་ཤཱཀྱ་མུ་ནེ་དང་ཀུན་དགའ་བོ། འོད་སྲུང་། དེ་བཞིན་དུ་གནས་བརྟན་བཅོ་བརྒྱད་ཀྱི་སྐུ་བརྙན་ལ་མཆོད་འབུལ་བྱེད་བཞིན་ཡོད་པ་དང་། བང་རིམ་གསུམ་པ་ནི་གོང་མ་ཆན་ལུང་གིས་ཚེ་བསྲུང་བའི་མཆོད་རྟེན་སྐོར་གནས་ཡིན། སྡིངས་ཆ་དམར་པོའི་ནུབ་བྱང་མཚམས་སུ་བཀྲ་ཤིས་ཆོས་འཕེལ་ལྷ་ཁང་གནས་ཤིང་། པཎ་ཆེན་སྐུ་ཕྲེང་དྲུག་པའི་བཞུགས་ཤག་ཡིན་པ་རེད།

ཞེ་ཧོར་བཀྲ་ཤིས་ལྷུན་པོ་དགོན་ལ་འཛུགས་སྐྲུན་སྒྱུ་རྩལ་དང་ཁྱད་ཆོས་ཚད་མཐོན་པོ་ལྡན་པར་མ་ཟད། ཆིང་རྒྱལ་རབས་ཀྱི་མི་རིགས་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མི་སེར་སྤེལ་ཡུལ་གྱི་བཙན་འཛུལ་མཉམ་དུ་འགོག་པར་ཆབ་སྲིད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ནུས་པ་གལ་ཆེན་ལྡན། དགོན་པ་འདི་ཕྱག་བཏབ་པའི་ལོ་སྟེ་1780ལོར་ཆིང་སྲིད་གཞུང་དར་རྒྱས་ཆེ་བའི་དུས་སྐབས་སུ་གནས་ཤིང་། ནང་རྩོད་ཕྱི་འཁྲུག་མྱོང་བའི་བོད་མཐོ་སྒང་དུ། ཆིང་སྲིད་གཞུང་གིས་ཚེ་དབང་རབ་བརྟན་གྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་རྗེས་སླར་ཡང་བོད་ས་གནས་ལ་བོད་རྒྱལ་མེད་པར་བཟོས་པ་དང་། བཀའ་ཤག་བཙུགས་ནས་བཀའ་བློན་བཞི་ཡི་འགན་དབང་སོགས་ཆབ་སྲིད་བཅོས་བསྒྱུར་བྱ་རྒྱུའི་གཏན་འབེབས་བྱས་པར་བརྟེན། ཞིང་བྲན་བདག་པོའི་སྟོབས་ཤུགས་ཁག་ཅིག་ཚོད་འཛིན་ཐུབ་ནས་པཎ་ཆེན་དང་ཏཱ་ལའི་ཡིས་དབང་ཆ་དངོས་སུ་བཟུང་བ་རེད། དུས་ཡུན་ཧ་ཅང་རིང་པོའི་ནང་ཞི་བདེ་བརྟན་བརླིང་གི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་ཆིང་སྲིད་གཞུང་དང་བོད་བར་གྱི་འབྲེལ་བ་ཡང་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད། ཆན་ལུང་ཁྲི་ལོ་སོ་དགུ་པ་སྟེ་སྤྱི་ལོ་1774ལོར་དབྱིན་ཇི་མི་སེར་སྤེལ་བའི་རིང་ལུགས་པས་གཡོ་སྒྱུ་ཆེ་བའི་ཐབས་ལ་བརྟེན་ནས་གཞིས་རྩེར་བསྐྱོད་དེ་བོད་དང་ཚོང་འགྲུལ་གྱི་གན་རྒྱ་འཇོག་རྒྱུའི་རེ་བ་འདོན་སྐབས། པཎ་ཆེན་སྐུ་ཕྲེང་དྲུག་པས་མི་རིགས་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་སུ་ལངས་ནས་རྣམ་འགྱུར་གསལ་སྟོན་གྱིས་བོད་ནི་ཀྲུང་གོའི་གོང་མ་ཆེན་པོའི་མངའ་འོག་ཡིན་པས། ངེས་པར་དུ་ཀྲུང་གོའི་གོང་མར་བརྩི་དགོས་ཞེས་དང་། མན་ཇུ་རྒྱལ་རབས་ཀྱི་གོང་མས་ཆོག་མཆན་མ་བཀོད་པར་ཁས་ལེན་བྱེད་ཀྱི་མེད། འོན་ཀྱང་དབྱིན་ཇི་མི་སེར་སྤེལ་མཁན་གྱིས་ཧམ་སེམས་བཅངས་ནས་བཙན་འཛུལ་པ་བོད་དུ་མངགས་ནས་ལྐོག་གཡོའི་བྱ་ཐབས་ཐེངས་མང་སྤྱད་དེ་པཎ་ཆེན་དང་ཏཱ་ལའི་བར་འགལ་ཟླ་བཟོས་པ་དང་བོད་ཀྱི་ས་གནས་དང་ཆིང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བར་དཀྲུག་ཤིང་བརྒྱབ་སྟེ་བོད་ཁ་ཕྲལ་གཏོང་བའི་དམིགས་ཡུལ་སྒྲུབ་ཐབས་བྱས་ཡོད། བོད་ཀྱི་ཆོས་སྲིད་ཀྱི་འགོ་གཙོས་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་ཀྲུང་དབྱང་སྲིད་གཞུང་ལ་དམ་པོར་བརྟེན་དགོས་པའི་ངོས་འཛིན་བྱས། དེར་བརྟེན་པཎ་ཆེན་སྐུ་ཕྲེང་དྲུག་པ་ཆན་ལུང་གི་དགུང་ལོ་བདུན་ཅུའི་རྟེན་འབྲེལ་མཛད་སྒོ་འཚོག་རྒྱུ་མཁྱེན་རྗེས། གོང་མའི་དབུ་བླ་ལྕང་སྐྱ་བརྒྱུད་རང་འགུལ་ངང་མཇལ་ཞུ་དགོས་པའི་རེ་བ་བཏོན། གོང་མ་ཆན་ལུང་གིས་གནས་ཚུལ་དེ་ཐོས་རྗེས་དགའ་སྤྲོའི་ངང་ཁས་བླངས་པ་དང་། དོན་དེར་བརྩི་མཐོང་ཧ་ཅང་ཆེན་པོ་གནང་སྟེ། པཎ་ཆེན་སྐུ་ཕྲེང་དྲུག་པ་ཕེབས་པར་བསུ་བ་ཞུ་ཆེད་གྲ་སྒྲིག་གང་ལེགས་གནང་བ་དང་། གོང་མ་ཧྲུན་ཀྲི་ཡིས་པེ་ཅིན་ཏེ་ཧྲེང་མོན་གྱི་ཕྱི་རོལ་དུ་དགོན་སེར་ནུབ་མ་བཞེངས་པའི་སྔོན་དཔེ་ལྟར། བོད་ལྗོངས་གཞིས་རྩེའི་བཀྲས་ལྷུན་དགོན་དཔེ་མཛད་དེ་ཁྲེང་ཏེ་རུ་ཞེ་ཧོར་བཀྲ་ཤིས་ལྷུན་པོ་དགོན་བཞེངས་པ་དང་། པཎ་ཆེན་སྐུ་ཕྲེང་དྲུག་པ་བཞུགས་པར་ཕུལ་བས། པཎ་ཆེན་རིན་པོ་ཆེའི་ཕོ་བྲང་ཞེས་ཀྱང་བརྗོད།

1961ལོའི་ཟླ་3པའི་ཚེས་4ཉིན། ཞེ་ཧོར་བཀྲ་ཤིས་ལྷུན་པོ་དགོན་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་དང་པོའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཞེས་ཁྱབ་བསྒྲགས་བྱས་པ་དང་། 1994ལོའི་ཟླ་12པར། ཞེ་ཧོར་བཀྲ་ཤིས་ལྷུན་པོ་དགོན་དང་བཅས་པའི་ཁྲེང་ཏེ་ཚ་གཡོལ་རི་གྲོང་དང་དེའི་མཐའ་སྐོར་གྱི་དགོན་སྡེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ཤུལ་བཞག་ཏུ་ཐོ་འགོད་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1