གཙོ་ངོས།>> དེང་རབས་མི་སྣ།>>སྨན་པ།

པདྨ་ནོར་བུས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༢༡ཉིན།

༄༅།། སྒྲོལ་མ་ཚེ་རིང་།

ར་སྐོར་སྨན་པ་སྒྲོལ་མ་ཚེ་རིང་དང་ཁོང་གི་བྱས་རྗེས་གླེང་བ།

པདྨ་ནོར་བུས་བྲིས།        

ར་སྐོར་སྨན་པ་སྒྲོལ་མ་ཚེ་རིང་དང་ཁོང་གི་བྱས་རྗེས་གླེང་བ།

  “ཀྲུང་གོའི་ཆེས་མཆོག་ཏུ་གྱུར་པའི་སྨན་པར་སྐོར་སྒྲོལ་མ་ཚེ་རིང་ལགས་ནི་ཤིང་རྟ་ལོའི་སྤྱི་ལོ1954ལོའི་ཟླ2པའི་ཚེས10ཉིན་ཉི་མ་རི་རྩེར་ཤར་བ་དང་མཉམ་དུ་རྫ་སྔོན་མོའི་གཙང་འགྲམ་སྡེ་དགེ་རྫོང་ར་སྐོར་སྟོད་མའི་ཐར་འབུམ་ཐང་དུ་སྐུ་འཁྲུངས།   ཁོང་གི་ཁྱིམ་རྒྱུད་ནི་ཁྲོ་ཤུལ་འགབ་མ་ནས་ཡིན་ལ།  ཁྲོ་ཤུལ་འགབ་མའི་འབའ་ཆུང་བཙན་རྒོད་ཚང་གི་རུས་རྒྱུད་དུ་ཕ་ཡབ་གཉིས་ཡོད། ཆེ་བར་རིག་རྒྱམ་དང་། ཆུང་བར་སྨན་ལྷ་ཞེས་འབོད། མ་ཡུམ་ཐར་ཤུལ་སྒྲོན་ལྷ་ཞེས་པའི་ཁྱིམ་དུ་སྐྱེས།  ཁོང་གི་སྐྱེས་ལོ་ལ་བཞེད་པ་མི་འདྲ་བ་ཁ་ཤས་ཡོད་ཀྱང་།  གོང་གི་ལོ་ཚིགས་ནི་ཁོང་གིས་གསུངས་པའི་འཁྲུངས་ལོ་དངོས་ཡིན་པ་དང་།  ཐོབ་ཐང་ལག་ཁྱེར་ཐོག1954ལོའི་ཟླ3པའི་ཚེས1ཉིན་སྐྱེས་ཞེས་འཁོད་ཡོད།  རྒྱ་ཡིག་གི་ངོ་སྤྲོད་ཁ་ཤས་ནང་དུ1953ལོའི་ཟླ8པ་བྲིས་འདུག་ཀྱང་ཕལ་ཆེས་ནོར་བ་འདྲ། སྤྱི་ལོ1975ལོ་ནས1981ལོའི་བར་དུ་ར་སྐོའི་སྨན་པ་ཐུབ་བསྟན་ནོར་བུའི་མདུན་ནས་གསོ་རིག་རྒྱུད་གཞི་སོགས་བོད་ལུགས་གསོ་བ་རིག་པའི་ལག་ལེན་དང་མན་ངག་གི་སྐོར་ལ་སྦྱོང་བ་མི་དམན་པ་བྱས། སྤྱི་ལོ1979ལོའི་ཟླ3པའི་ཚེས15ཉིན་སྡེ་དགེ་རྫོང་གིས་ཐེངས་དང་པོའི་བོད་སྨན་ཚོགས་འདུ་འཚོགས་དུས་ཨང་དང་པོའི་གཟེངས་བསྟོད་མཛད་པ་དང་།  སྤྱི་ལོ2016ལོར“中国最美医生”ཀྲུང་གོའི་ཆེས་མཆོག་ཏུ་གྱུར་པའི་སྨན་པ་དང་།“全国优秀乡村医生”རྒྱལ་ཡོངས་ཀྱི་ཕུལ་བྱུང་གྲོང་གསེབ་སྨན་པ། “全国卫生计生系统劳动模范”རྒྱལ་ཡོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཁོངས་གཏོགས་ཀྱི་ངལ་རྩོལ་དཔེ་བཟང་མི་སྣ། “四川好人”སི་ཁྲོན་གྱི་མི་བཟང་སོགས་ཀྱི་མཚན་སྙན་ཐོབ་མྱོང་།  སྔ་ཕྱིར་བར་གསུམ་དུ་རྒྱལ་ཁབ་རིམ་པ་དང་།  ཞིང་ཆེན་རིམ་པ།  ཁུལ་དང་རྫོང་རིམ་པའི་བྱ་དགའ་རབ་དང་རིམ་པ་བླངས་མྱོང་བའི་བོད་སྨན་སྨན་པ་རྒན་གྲས་ཤིག་ཡོད་པ་ནི་ར་སྐོར་སྒྲོལ་མ་ཚེ་རིང་རེད། ཁོང་ལ་མིང་གཞན་དུ་བདེ་སྨོན་གྱི་ཆོས་བདག་ཅེས་འབོད་ཀྱིན་ཡོད་པ་རེད། 

ར་སྐོར་སྨན་པ་སྒྲོལ་མ་ཚེ་རིང་དང་ཁོང་གི་བྱས་རྗེས་གླེང་བ།
ཀྲུང་གོའི་ཆེས་མཆོག་ཏུ་གྱུར་པའི་གྲོང་གསེབ་སྨན་པར་གཟེངས་བསྟོད་ཕུལ་བའི་ཟངས་ཀྱི་རྟགས་མ།

    དང་པོ། སྒྲོལ་མ་ཚེ་རིང་མཇལ་འདོད་ཀྱི་འདུན་པ། 

    ལོ་ངོ་བཅོ་ལྔ་ཙམ་གྱི་ཡར་སྔོན་ཞིག་ནས་ར་སྐོར་སྒྲོལ་མ་ཚེ་རིང་ཞེས་པའི་ལྷ་རྗེ་ཞིག་གོ་མྱོང་ཡོད། སྒྲོལ་མ་ཚེ་རིང་གང་འདྲ་ཞིག་ཡོད་པ་མཐོང་མྱོང་མེད། ཕྱིས་སུ་སློབ་གྲོགས་ཁ་ཤས་སྒྲོལ་མ་ཚེ་རིང་གི་མདུན་དུ་དངོས་སྦྱོང་ལ་སོང་ནས།  སྒྲོལ་མ་ཚེ་རིང་ནི་མཁན་པོ་ཐུབ་ནོར་གྱི་དངོས་སློབ་དང་།  བྱམས་སྙིང་རྗེ་ཆེ་བའི་སྨན་པ་ཡ་རབས་ཤིག་ཡོད་ཚུལ།  ཐག་རིང་ཐུང་གི་ནད་པ་མང་པོ་གསོ་བཅོས་བྱེད་པའི་ཞོར་དུ་སྨན་རྩྭ་འཐུ་སྒྲུབ་དང་། སྨན་རྫས་འདུན་སྦྱོང་སོགས་ཀྱི་ལས་ལ་ཧུར་ཐག་གིས་འབད་པའི་སྨན་པ་སྙིང་རྗེ་ཅན་ཞིག་ཡོད་ཚུལ་བཤད་བྱུང་།  2012ལོའི་ཟླ་6པའི་ནང་དུ་གསོ་རིག་མཁས་དབང་གོ་འཇོ་དབང་འདུས་ལགས་སྡེ་དགེ་རྫོང་བོད་སྨན་ཁང་གི་གདན་ཞུ་ལྟརཀོང་སྤྲུལ་ཟིན་ཏིགའཆད་ཁྲིད་ཐེངས་ལྔ་པ་སྡེ་དགེ་རུ་གནང་སྐབས།  ཁ་སྤུ་དང་ཨོག་ཚོམ་རིང་བའི་སྒྲོལ་མ་ཚེ་རིང་ལགས་ནི་ཐེངས་དང་པོར་མཇལ་ཡོད།  དེ་ནས་བཟུང་སྨན་པ་སྒྲོལ་མ་ཚེ་རིང་ལགས་ལ་ཆ་རྒྱུས་རགས་རིམ་ཞིག་བྱུང་།  སྒྲོལ་མ་ཚེ་རིང་ལགས་ཀྱི་ངོ་སྤྲོད་རྒྱ་ཡིག་གིས་བྲིས་ཡོད་པ་ཁག་གཅིག་ནི《新浪博客网》དང་། 《百度百科》《中国文明网》སོགས་རྒྱ་ནང་གི་ཚད་མཐོའི་དྲ་བ་དང་ཚགས་པར་ཁག་ཏུ་འཁོད་ཡོད་པ་ཁ་ཤས་མཐོང། དེ་མིན་ཁོང་གི་མཛད་རྗེས་བརྙན་ཐུང་ཁ་ཤས  优酷视频官方》《新华网客户端》 《网易新闻》 《腾讯视频官方》《搜狐网》སོགས་དྲ་ལམ་ཁག་ཏུ་ཐད་གཏོང་བྱས་ནས་བརྙན་ཐུང་བླངས་ཡོད་པ་ཁ་ཤས་འདུག། ཁོ་བོའི་རྒྱ་ཡིག་གི་རྨང་གཞི་ཞན་པས་དེ་དག་ཆ་ཚང་ཞིག་ལྟ་མ་ཐུབ་ཀྱང་། རྒྱུས་ལོན་རགས་རིམ་ཞིག་བྱས་རྗེས་སྒྲོལ་མ་ཚེ་རིང་དངོས་སུ་མཇལ་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས་བྱུང་། 

     ད་ལོའི་དགུན་གཞུང་གི་གཟའ་སྤེན་པའི་ཉིན་ཞིག་ལ། སྒྲོལ་མ་ཚེ་རིང་མཇལ་འདོད་ཀྱི་འདུན་པ་དྲག་པོས་རྫ་ཆུའི་ཆུ་འགྲམ་གྱི་གཞུང་ལམ་དེད་ནས་འགྲོ་སྐབས། ལྦུ་བ་གསོབ་པ་ལྟ་བུའི་དར་གསོབ་བྲག་རི་དང་ཆུ་བོའི་འཐབ་མཚམས་སུ།  ཉི་འོད་ཆབ་རོམ་གྱི་ཐོག་ཏུ་ཕོག་དུས་འཇའ་འོད་ཤར་བ་ལྟ་བུའི་ཁ་དོག་སྣ་ཚོགས་ཤིག་འཆར་གྱིན་འདུག  སྲོལ་རྒྱུན་གྱི་རྟེན་འབྲེལ་འགྲིག་པའི་བཤད་སྲོལ་ལྟར་ན། དེ་ནི་བཀྲ་ཤིས་པའི་རྟགས་དང་ལེགས་པའི་ལམ་འགྲོ་ཞིག་མཚོན་གྱིན་ཡོད་པ་འདྲ། 

གཉིས་པ།  སྒྲོལ་མ་ཚེ་རིང་མཇལ་བའི་ཚོར་སྣང་། 

      ཉིན་གུང་གི་གུང་ཟས་ཟ་ལ་ཉེ་བའི་དུས་དེར་ར་སྐོར་སྨན་ཁང་དུ་འབྱོར་མ་ཐག་ནད་པ་མང་བོ་ཞིག་སྨན་པ་སྒྲོལ་མ་ཚེ་རིང་གི་སྨན་ཁང་གི་སྒེའུ་ཁང་ཕྱོགས་སུ་ཕྲེང་བསྒྲིགས་ནས་བསྡད་འདུག ངས་ཚ་བོ་ངག་དབང་གྲགས་པ་ལ་ཁ་པར་ཞིག་བཏང་སྟེ། ཁྱེད་ཀྱི་དགེ་རྒན་སྨན་པ་སྒྲོལ་མ་ཚེ་རིང་ལགས་ནི་རྫོགས་ཆེན་སྐུ་ཞབས་དགེ་མང་རིན་པོ་ཆེའི་སློབ་རྒྱུད་གལ་ཆེན་ཞིག་ཡིན་པས།  ཁོང་གི་ལོ་རྒྱུས་དང་མཛད་རྗེས་ལ་རྒྱུས་ལོན་ཞིག་བྱེད་འདོད་ཡོད་ཀྱང་། ཁོང་ལ་དུས་ཚོད་དང་། ཁོམ་པ་ཡོད་མིན་དྲིས་པ་ན། སྟབས་ལེགས་པ་ཞིག་ལ་ཁོང་གི་ཚ་བོ་ཆོས་གྲགས་ལགས་ཀྱིས། རྒན་སྒྲོལ་མ་ཚེ་རིང་ལགས་ཀྱི་སྒོ་བསྟེན་སྨན་ཁང་དང་།  སྨན་མཛོད་ཁང་། ཉལ་ཁང་།  མཆོད་ཁང་སོགས་ངོ་སྤྲོད་རྒྱས་པ་ཞིག་བྱས་པ་མ་ཚད།  རླབས་ཆེ་ལ་ངོ་མཚར་བའི་བྱས་རྗེས་མང་པོ་ཞིག་ཀྱང་ཞོར་དུ་གླེང་བྱུང་། སྨན་པ་སྒྲོལ་མ་ཚེ་རིང་ལགས་ཀྱི་མཆོད་ཁང་དང་། སྨན་མཛོད་ཁང་། སྒོ་བསྟེན་སྨན་ཁང་སོགས་སུ་སྨན་ཁང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི།  རྡོ་གཞུང་བརྡར་ནས་ཟད་པ་དང་། ལོ་རྒྱུས་ཐོག་མཐོང་དཀོན་པའི་སྨན་པ་གཅིག་གིས་ནད་པ་ཁྲི་བརྒྱ་ལ་གསོ་བཅོས་བྱེད་པའི་ཟིན་ཐོ། སྐུ་ཞབས་དགེ་མང་རིན་པོ་ཆེའི་སྨན་སྒྲོ་སོགས་ཡ་མཚར་བའི་ལྟད་མོ་མང་པོ་མཐོང་བྱུང་།

ལོ་སྔོན་མར་ཁོ་བོས་མཐོང་བའི་སྒྲོལ་མ་ཚེ་རིང་གི་ངོ་སྤྲོད་རྒྱ་ཡིག་གིས་བྲིས་ཡོད་པ་ཞིག་གི་ཐོག་ཏུ་བཀོད་ཡོད་པ་ནི།  ཁང་པ་མེད་པ་དང་། གཉེན་སྒྲིག་མེད་པ། ཕྲུ་གུ་མེད་པ། བཅོལ་དངུལ་ཡང་མེད་པ་བཅས་ཀྱི་གནས་ཚུལ་འོག  གྲོང་ཚོའི་འཕྲོད་བསྟེན་ཁང་ནི་ཁོང་གི་གནས་སྐབས་ཀྱི་ཁྱིམ་གཞིས་ཡིན་ལ། ཁོང་གིས་ཚེ་གང་བོའི་རིང་ལ་བྱ་བ་གཅིག་ལས་བསྒྲུབས་མེད་པ་དེ་ནི་ནད་པ་ལ་ལྟ་རྒྱུ་དེ་རེད། ཁོང་གིས་སྤོབས་པ་ཆེན་པོས་ངས་ད་ཆ་མི་ཁྲི85ལྷག་ཙམ་ལ་སྨན་བཅོས་བྱས་ཟིན་པ་ཡིན། གལ་སྲིད་ལོ70ལྷག་ཙམ་བར་གསོན་ཐུབ་ན་མི་ཁྲི100ལྷག་ཙམ་སྐྱོབ་བཅོས་བྱེད་ཐུབ་པས་དེ་ནི་ཧ་ཅང་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན་པས་ཤི་ནའང་འཁང་ར་གང་ཡང་མེད་ཅེས་འཁོད་ཡོད་པ་དེ་འང་ཅི་མི་བདེན།  ད་ལོ2021ལོའི་ཟླ5པའི་ཚེས25ཉིན་ཁོང་གིས་སྐད་འཕྲིན་ནང་གསུངས་བ་ལྟར་ན།  སྤྱི་ལོ1975ལོ་ནས་ད་བར་ནད་པའི་གྲངས་ཀ་ཁྲི་དགུ་བཅུ་གོ་གཉིས་དང་སྟོང་གསུམ་ལྷག་བལྟས་ཟིན་ཞེས་གསུངས་བྱུང་།

      ལོ་འདི་དག་ལ་ནད་པ་ལྟ་བའི་ཞོར་དུ་ཁོང་གིས་བདེ་སྨོན་ཕྱོགས་བསྒྲིགས་ཐེངས་བཞི་བྱས་པ་དང་། ཐེངས་དང་པོརབདེ་སྨོན་ཕྱོགས་བསྒྲིགསརྩ་གཞུང་སྐོར་དང་། འགྲེལ་བའི་སྐོར་གྱི་དེབ་སྟོད་སྨད་གཉིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།  ཐེངས་གཉིས་པརབདེ་སྨོན་ཕྱོགས་བསྒྲིགསརྩ་གཞུང་དང་འགྲེལ་བའི་སྐོར་གྱི་དེབ་སྟོད་སྨད་གཉིས། དེབ་སྔོན་མ་གཉིས་ལ་ཁ་གསབ་བྱས་པའི་དེབ་གཉིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཐེངས་གསུམ་པརབདེ་སྨོན་ཕྱོགས་བསྒྲིགས་ལས་པོད་དང་པོ་རྩ་གཞུང་སྐོརདང་བདེ་སྨོན་ཕྱོགས་བསྒྲིགས་ལས་པོད་གཉིས་པ་འབྲེལ་བའི་སྐོརགྱི་དེབ་གཉིས་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཐེངས་བཞི་པརབདེ་སྨོན་ཕྱོགས་བསྒྲིགས་རྩ་གཞུང་གི་སྐོར སྟོད་ཆ་དང་ བདེ་སྨོན་ཕྱོགས་བསྒྲིགས་འགྲེལ་གཞུང་སྐོརསྨད་ཆ་གཉིས་པོ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།  མདོར་ན་བདེ་སྨོན་ཕྱོགས་བསྒྲིགས་ཐེངས་བཞི་དང་། ཐེངས་རེར་དེབ་སྟོད་སྨད་གཉིས་རེ་བསྡོམས་པས་དེབ་བརྒྱད་འདུག་ལ། བདེ་སྨོན་དེ་དག་གི་ནང་དུ་རྒྱལ་བའི་བཀའ་དང་། རྗེས་འཇུག་མཁས་པའི་བསྟན་བཅོས། གཏེར་མ་དང་། གྲུབ་མཐའ་མི་འདྲ་བའི་བདེ་སྨོན་སོགས་འདྲ་མིན་ཅི་རིགས་ཤིག་ཡོད་སྟབས། ཁོང་ལ་བདེ་སྨོན་གྱི་ཆོས་བདག་ཞེས་ཀྱང་འབོད་ཀྱིན་འདུག

   གསུམ་པ། སྨན་པ་སྒྲོལ་མ་ཚེ་རིང་ལ་དངོས་སུ་བཅར་འདྲི་བྱས་པ།

   ༡༽ ཐོག་མའི་གླེང་གཞི་དང་སྐུ་ཞབས་དགེ་མང་རིན་པོ་ཆེ། 

     སྨན་པ་སྒྲོལ་མ་ཚེ་རིང་ལགས་ཀྱིས་ཉིན་གུང་གི་གུང་ཟས་ང་ཚོ་དང་མཉམ་དུ་ཟ་བའི་ཞོར་ལ། ཁོང་གི་དགེ་རྒན་སྨན་པ་ཐུབ་ནོར་དང་།  ཐུབ་ནོར་གྱི་དགེ་རྒན་རྫོགས་ཆེན་སྐུ་ཞབས་དགེ་མང་རིན་པོ་ཆེ་སོགས་གླེང་རྒྱུའི་དུས་ཚོད་ཞིག་བཀོད་སྒྲིག་བྱས་འདུག ང་ཚོ་མཉམ་དུ་འཛོམས་མ་ཐག་ཅུང་བགད་པའི་ཉམས་གྱིས་ངས་འབྲོག་སྐད་བཤད་ན་ཁྱོད་ཀྱིས་ཨེ་གོ་ཞེས་ཀུ་རེའི་ཚུལ་དང་བཅསསྐབས་སུ་བབས་པའི་གཏམ།། དུས་སུ་བབས་པའི་ཆརཞེས་གཏམ་དཔེ་ཞིག་གིས་གླེང་སློང་བྱས། ཐོག་མར་སྨན་པ་ཞིག་གི་ངོས་ནས་བཤད་ན་ངའི་དགེ་རྒན་ནི་མཁན་པོ་ཐུབ་ནོར་ཡིན་ལ།  མཁན་པོ་ཐུབ་ནོར་གྱི་དགེ་རྒན་ནི་རྫོགས་ཆེན་དགེ་མང་རིན་པོ་ཆེ་རེད། དགེ་མང་རིན་པོ་ཆེ་ནི་ལྷ་སའི་ལྕགས་རི་གསོ་རིག་སློབ་གླིང་ནས་འབུམ་རམས་པའི་གོ་གནས་ཐོབ་མྱོང་བའི་སྨན་པ་མཁས་པ་ཞིག་རེད།  ཁོང་ནི་འཇིག་རྟེན་ཐོག་དེ་འདྲའི་ཤེས་རབ་ཅན་དང་རིག་རྒོད་ཅིག་ཡིན་རེད།   སྔོན་ལྷ་ས་ནས་ཨ་སྡུག་ལ་གར་ཚང་རྡལ་པར་འགྲོ་དུས་སྨན་ཁྲོད་སོགས་ལྷ་ས་ནས་སྐུར་འོང་ཞེས་མཁན་པོ་བསོད་ནམས་རིན་ཆེན་གྱིས་གསུངས་མྱོང་ཞེས་པ་དང་།   ཡང་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ནས་ཁོང་ལ་ཟླ་ཕོགས་ཀྱང་ཡོད་རེད་གསུངས་བྱུང་། འདིར་སྐུ་ཞབས་དགེ་མང་རིན་པོ་ཆེའི་ལོ་རྒྱུས་མདོར་བསྡུས་ཙམ་ལས་བཀོད་མེད། ཞིབ་པར་གཟིགས་འདོད་ན། ཁོ་བོས་བྲིས་པའིཁམས་པའི་འཛུམ་རིསཀྱི་འདོན་ཐེངས་30པ། ཁམས་སྡེ་དགེ་རྫོགས་ཆེན་ཡུལ་གྱི་དམངས་སྲོལ་རིག་གནས དེབ་དང་པོའི་ནང་གི་རྒྱལ་སྲས་གཞན་ཕན་མཐའ་ཡས་སམ་སྐུ་ཞབས་དགེ་མང་རིན་པོ་ཆེ་ཞེས་པའི་ལོ་རྒྱུས་ལ་གཟིགས་རོགས།

ར་སྐོར་སྨན་པ་སྒྲོལ་མ་ཚེ་རིང་དང་ཁོང་གི་བྱས་རྗེས་གླེང་བ།
སྨན་རྫས་འདུལ་སྣོད་ཀྱི་རྡོ་གཞོང་ཆེ་ཆུང་གཉིས།

    ༢༽ སྒྲོལ་མ་ཚེ་རིང་གི་དགེ་རྒན་མཁན་པོ་ཐུབ་ནོར་གླེང་བ། 

     མཁན་པོ་ཐུབ་ནོར་གྱི་ལོ་རྒྱུས་ཡིག་ཚོགས་སུ་འཁོད་ཡོད་པ་དེ་དག་ཕྱོགས་བསྡོམས་ཀྱི་ཚུལ་དུ་བཤད་ན། ར་སྐོར་མཁན་ཆེན་ཐུབ་བསྟན་ནོར་བུ་ལགས་ནི་སྐུ་ཞབས་དགེ་མང་རིན་པོ་ཆེའི་དངོས་སློབ་ཡིན་པ་མ་ཚད།  དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་ཆ་ལག་དང་བཅས་པའི་བཤད་རྒྱུན་དང་། རྒྱུད་བཞིའི་འགྲེལ་ཆེན་བེེཌཱ་སྔོན་པོ་སོགས་ཐུན་མོང་གཞུང་གི་སྐོར་དང་། ལག་ལེན་མན་ངག་གི་སྐོར་སོགས་དགེ་མང་རིན་པོ་ཆེའི་མདུན་ནས་སྦྱོང་བ་ཚད་མེད་བྱས། འཇུ་མི་ཕམ་པའི་དངོས་སློབ་སྟག་བླ་ནོར་བུའི་མདུན་ནས་མི་ཕམ་སྨན་རྩིས་སོགས་ཀྱི་དཔེ་གཞི་འགངས་ཆེན་རྣམས་ཀྱི་བཤད་རྒྱུན་བླངས་ཞེས་འཁོད་འདུག 

སྨན་པ་སྒྲོལ་མ་ཚེ་རིང་ལགས་ཀྱིས་གསུངས་པ་ལྟར་ན།  སྐུ་ཞབས་དགེ་མང་རིན་པོ་ཆེས་མཁན་པོ་ཐུབ་ནོར་ལ་ངེས་པར་དུ་སྨན་སྦྱོང་དགོས་པའི་སྐུལ་མ་བྱས། དགེ་མང་རིན་པོ་ཆེས་དམིགས་བསལ་ར་སྐོར་མཁན་པོ་ཐུབ་ནོར་ལ་རྒྱུད་བཞིའི་ཁྲིད་རྒྱུན་ཆ་ཚང་ཞིག་ཟུར་ཁྲིད་བྱས་པ་དང་། དཔལ་སྤུང་སྨན་པ་ཀརྨ་ཚེ་དབང་བསྟན་པ་ལགས་ཀྱི་མདུན་ནས་ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་མེས་པོའི་ཞལ་ལུང་ཁྲིད་ལུང་ཆ་ཚང་ཞིག་དགེ་མང་རིན་པོ་ཆེ་དང་།  ར་སྐོར་མཁན་པོ་ཐུབ་ནོར་དགེ་སློབ་གཉིས་ཀས་མཉམ་དུ་ཞུས་ཏེ་བྱང་ཟུར་རིས་མེད་ཀྱི་བསྟན་པའི་ཤིང་རྟ་ཞིག་གནས་འདིར་དྲངས་པ་རེད་ཅེས་པ་དང་།  སྤྱི་ལོ1979ལོའི་ཟླ་3པའི་ཚེས15ཉིན་སྡེ་དགེ་རྫོང་གིས་བོད་སྨན་ལོ་རྒྱུས་ཀྱི་ལས་འགན་མཁན་ཐུབ་ནོར་ལ་སྤྲད་པ་རེད་བཅས་གསུངས།  

   ༣༽ མཁན་པོ་ཐུབ་ནོར་གྱི་སྒེར་བཙུགས་སྨན་ཁང་། 

    དུས་འགྱུར་གྱི་དབང་གིས་མཁན་པོ་ཐུབ་ནོར་བཙོན་ཁང་ནང་དུ་ལོ་ཟླ་ཁ་ཤས་བཞུགས་དགོས་བྱུང་། དེ་ནས་བཙན་གྲོལ་བཏང་རྗེས་ཕྱིར་ར་སྐོར་དུ་ལོག་ནས་བཞུགས།  ཉིན་ཞིག་རྡོ་འབུམ་ཞིག་གི་ནང་ནས་བཀའ་འགྱུར་ཤོག་ངོས་ཤིག་གི་ཐོག་ཏུ། “ཉ་རོ་ཤི་ཊའི་ཤ་ཁ་ལ་སོང་ན་ནད་ལས་གྲོལཞེས་པའི་ཚིག་རྐང་ཞིག་མཐོང་བ་རྟེན་འབྲེལ་འགྲིག་གསུངས་ནས།  ཐོག་མར་ནད་པ་ལྟ་བའི་ལས་ལ་ཞུགས།  སྐབས་དེར་དེ་འདྲའི་ཆ་རྐྱེན་འཛོམས་པོ་མེད་ཀྱང་། ཁོང་གི་སྲིང་མོའི་མག་པ་ལེགས་འགྲུབ་ལགས་ཀྱིས་དཀར་མཛེས་སོགས་ནས་སྨན་ཁྲོག་ཉོས་པ་དང་། མཁན་པོས་སྨན་རྩ་འཐུ་བའི་ཞོར་དུ་སྨན་སྡེབ་སྦྱོར་དང་ནད་པ་ལྟ་བའི་ཕྱག་ལས་མཛད། སྐབས་དེར་དབང་པོ་ཆུས་ཨུ་ཧྲུའུ་ཅི་ལྷ་དབང་ལགས་ལ་ནད་ཚབས་ཆེན་ཞིག་ཕོག་ནས་ཕྱི་ཕྱོགས་སྨན་ཁང་མང་པོར་སོང་ཡང་ནད་ལས་མ་དྲག་པར་མཁན་པོ་ཐུབ་ནོར་གྱི་སྒེར་བཙུགས་སྨན་ཁང་ནས་དྲག་སྐྱེད་བྱུང་བ་རེད་ཅེས་པ་དང་།  ར་སྐོར་ཡུལ་ཤོག་ཏང་ཨུ་ཧྲུའུ་ཅི་ལྷོ་བ་བཀྲ་ཤིས་ལགས་ཟུར་ལས་འགོ་ཁྲིད་འགྲོ་དུས་སྣ་ཁྲག་མ་ཆད་པ་ཁོང་གིས་གསོ་བཅོས་བྱས་ནས་ཕན་པ་ཆེན་པོ་ཐོགས་ནས་ར་སྐོར་ཤང་གི་དྲུང་ཡིག་ཝུས་ཤིང་ནས་ནོར་འཁྲུལ་ཅན་གྱི་མི་ལ་འགྲོ་ལམ་བསྟན་ནས་བྱས་རྗེས་གསར་པ་བཞག་ཅེས་ཞྭ་མོ་ཕུད་པ་དང་། དེ་ནས་ཟུར་སྨན་པ་བྱས་པས་ཕན་ནུས་དམིགས་བསལ་ཐོབ། དེ་ནས་ར་སྐོར་མཉམ་འབྲེལ་སྨན་ཁང་ནང་དུ་སྨན་པའི་ཕྱག་ལས་མཛད།

  ༤༽ ར་སྐོར་ཤང་མཉམ་འབྲེལ་སྨན་ཁང་དང་སྨན་པ་སྒྲོལ་མ་ཚེ་རིང་གི་ལོ་རྒྱུས། 

    ར་སྐོར་ཤང་མཉམ་འབྲེལ་སྨན་ཁང་ནི་སྐབས་དེ་དུས་ར་སྐོར་ཤང་གི་མི་རེས་སྒོར་གཅིས་ནས་གསུམ་བར་བསྡུས་ཏེ། ས་གནས་མི་སེར་ལ་སྨན་ཡོན་མི་དགོས་པ་བྱས་ནས་བཙུགས་པའི་སྨན་ཁང་ཞིག་ཡིན་ལ། སྨན་ཁང་རྩ་འཛུགས་བྱས་རྗེས་འགན་ཁུར་བ་མཁན་པོ་ཐུབ་ནོར་དང་། ལག་རོགས་བདག་གཉེར་བྱེད་མཁན་སྨན་པ་སྒྲོལ་མ་ཚེ་རིང་ཡིན་ཟེར། 

    དེ་ནས་ཡང་ཁོ་བོས་དྲི་བ་བཏོན་པ་བཞིན།  སྨན་པ་སྒྲོལ་མ་ཚེ་རིང་ལགས་ཀྱིས་མུ་མཐུད་དུ་གསུང་རྒྱུར། ཁོང་གིས་མཁན་པོ་ཐུབ་ནོར་གྱི་མདུན་ནས་རྒྱུད་བཞིའི་ལུང་ཆ་ཚང་ཞིག་དང་། མདོ་ཟླ་གསལ་དབང་མོའི་མདུན་ནས་ཚར་གཅིག  རྫོང་སར་བློ་གྲོས་ཕུན་ཚོགས་མདུན་ནས་ཚར་གཅིག་བཅས་ལུང་རྒྱུན་ཚར་གསུམ་ཐོབ་མྱོང་ལ། ལུང་རྒྱུན་ཚར་གསུམ་ཐོབ་པ་ནས་གཞན་ལ་སྤེལ་ཆོག་རེད་ཅེས་བཤད། 

 སྤྱི་ལོ1981ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རྫོགས་ཆེན་དུ་ཐེངས་དང་པོ་བཙུགས་དུས།  མཁན་པོ་ཐུབ་ནོར་དེ་རུ་དགེ་རྒན་དུ་ཕེབས་པ་ནས་སྨན་ཁང་གི་འགན་ཁོང་གིས་ཁུར་བ་ཡིན་ལ། སྤྱི་ལོ1982ལོར་ཐོན་ཁུངས་སྒེར་ལ་སྤྲད་པའི་སྐབས་དེར། མཉམ་འབྲེལ་སྨན་ཁང་འདི་ལ་ཡང་དཀའ་ཁག་མང་པོ་ཞིག་འཕྲད་ཀྱང། སྡེ་དགེ་རྫོང་གི་འགོ་ཁྲིད་ཆོས་གྲགས་རྒྱ་མཚོ་དང་། ར་སྐོར་ཤང་གི་ཏང་ཨུ་ཧྲུའུ་ཅི་རྒན་གཞོན་གཉིས་ཀྱིས་སྐུལ་མ་བྱས་པ་བཞིན་ལོ་ངོ་ཁ་ཤས་ལ་རྒྱུན་སྐྱོང་ཐུབ་པ་བྱུང་། སྤྱི་ལོ1991ལོ་ལ་བསམ་བློའི་སློབ་གསོ་ཞེས་པའི་བྱ་འགུལ་ཞིག་སྤེལ་བ་དང་བསྟུན།  སྡེ་དགེ་རྫོང་ཨུ་ཧྲུའུ་ཅི་བློ་རྒྱལ་མཚན་ལགས་ཀྱིས་བསམ་བློ་ཡག་པོ་མི་འདི་ལ་འདུག་ཅེས་གསུངས་པ་དང་།  ཁོང་གིས་དཔྱད་རྩོམ་ཞིག་བྲིས་ཏེ་རང་སྐྱོང་ཁུལ་གྱི་ཚགས་པར་ཐོག་ཏུ་བཀོད། སྒོར་ཁྲི་གསུམ་གྱི་འགྲོ་སོང་བཏང་ནས་སྨན་ཁང་གསར་པ་ཞིག་ལས་པ་རེད་ཟེར། 

       དེ་ནས་ཡང་ཁོ་བོས་དྲི་བ་བཏོན་པ་བཞིན། སྤྱི་ལོ1975ལོ་ནས་ད་བར་ནད་པ་ཁྲི་དགུ་བཅུ་གོ་གཉིས་ལྷག་ལ་བལྟས་ཟིན་ལ། ནད་པ་རེ་རེ་ལྟ་དུས་རི་མོས་རྟགས་བརྒྱབ་ནས་བལྟས་ཡོད་ཅེས་པ་དང་། ཡང་མུ་མཐུད་ནས་བཤད་རྒྱུར། ཁྱེད་ཀྱིས་མཐོང་བ་ནང་བཞིན་ཉི་མ་རེར་མ་མཐའ་ཡང་ནད་པ་གཉིས་བརྒྱ་ལྷག་ཡོད་ཀྱང་ཚང་མར་ཉིན་དེར་ལྟ་ཐུབ་ཀྱིན་མི་འདུག  མཚན་མོའི་ཆུ་ཚོད་བཅུ་པར་སྨན་ཁང་སྒོ་རྒྱག་པའི་དུས་ཚོད་ཡིན་ཡང་། ནད་པ་མང་ཆེ་བས་མཚན་མོའི་ཆུ་ཚོད་བཅུ་གཅིག་དང་བཅུ་གཉིས་བར་དུ་ནད་པ་ལྟ་བཞིན་ཡོད། ཉི་མ་རེར་ཆ་སྙོམས་ནད་པ་བརྒྱ་དང་ལྔ་བཅུ་ནས་བདུན་ཅུའི་བར་ལྟ་ཐུབ་ཀྱིན་འདུག ནད་པ་རེའི་སྨན་ཡོན་ཟླ་བ་རེར་སྒོར་དྲུག་རེ་ལས་ལེན་གྱིན་མེད་ཞེས་གསུངས། 

ར་སྐོར་སྨན་པ་སྒྲོལ་མ་ཚེ་རིང་དང་ཁོང་གི་བྱས་རྗེས་གླེང་བ།
སྐུ་ཞབས་དགེ་མང་རིན་པོ་ཆེའི་སྨན་སྒྲོ་ཆ་འགྲིག

བཞི་བ། སྒྲོལ་མ་ཚེ་རིང་ལགས་བདེ་སྨོན་ཕྱོགས་སྒྲིག་གི་ལས་ལ་ཞུགས་པ།

(1)འོད་མདོ་སྟོང་འདོན་ཞིག་གིས་ཐོག་མའི་བག་ཆགས་འཇོག་ཚུལ།

      ཁོང་གི་ཕ་མ་ཆུང་དུས་ནས་ཚེ་ལས་འདས་སོང་བ་དང་། མ་རྒན་ཚེ་ལས་འདས་རྗེས་ར་སྐོར་མཁའ་འགྲོའི་མདུན་ནས་སྐྱེ་རྟགས་ཞུས་པས་འོད་མདོ་སྟོང་གཅིག་དང་ཐར་མདོ་སྟོང་གཅིག་ངག་འདོན་བྱེད་དགོས་ཞེས་གསུངས་པ་བཞིན། སྒྲོལ་མ་ཚེ་རིང་ལོ་དགུ་ཡི་ཐོག་ནས་ཨ་མའི་སྐྱེ་རྟགས་ཀྱི་འོད་མདོ་འདོན་པའི་ལས་ལ་ཞུགས།  སྐབས་དེར་ཡི་གེ་དག་འདོན་ཞིག་མི་ཤེས་ཀྱང་། ཉིན་མོར་རྫི་བོར་འགྲོ་ཞོར་དང་། མཚན་མོར་ས་སྣུམ་གྱི་འོད་ལ་བརྟེན་ནས་ཡི་གེ་རེ་རེ་བཞིན་བྲིས་ནས་ལོ་གཉིས་གསུམ་ཙམ་ནས་འོད་འདོ་སྟོང་འདོན་ཞིག་འདོན་ཐུབ་པ་བྱུང་ཟེར། དེ་ནས་བཟུང་ཁོང་ལ་བདེ་སྨོན་ཕྱོགས་སྒྲིག་གི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་རེད།

    (2)བདེ་སྨོན་ཕྱོགས་བསྒྲིགས་ཀྱི་ལུང་ཐོབ་ཚུལ།   

    ཆགས་མེད་བདེ་སྨོན་ལསལུང་མ་ཐོབ་ཀྱང་འདོན་ཡང་རུངཞེས་གསུངས་པ་བཞིན་བར་དུ་མཁན་པོ་ཐུབ་ནོར་ལགས་ཀྱི་མདུན་ནས་བདེ་སྨོན་ཕྱོགས་སྒྲིག་གི་བཀའ་ཐོབ་པ་ནི།  ཐོག་མའི་བག་ཆགས་ཀྱི་རྗེས་སུ་འབྲངས་ནས་བདེ་སྨོན་མང་པོ་ཕྱོགས་བསྡུས་བྱས། ལྷག་པར་དུ་སྡེ་དགེའི་པར་ཁང་སོགས་སུ་ཡོད་པའི་བདེ་སྨོན་རིགས་མི་འདྲ་བ་ཉི་ཤུ་ལྷག་ལག་སོན་བྱུང་། ཁོང་གི་དགེ་རྒན་ར་སྐོར་མཁན་པོ་ཐུབ་ནོར་ལགས་ལ་ཡ་ཞུ་བྱས་ནས། བདེ་སྨོན་རིགས་མི་འདྲ་བ་མང་པོ་ཞིག་འདུག་ལ།  དེའི་ནང་དུ་གཏེར་ཡིག་དང་། ལུང་ཡོད་མེད་ཀྱི་བདེ་སྨོན་རིགས་ཀྱང་མང་པོ་ཞིག་འདུས་ཡོད་པས།  དེ་དག་ཕྱོགས་བསྡུ་བྱས་ན་ཆོག་མིན་དྲིས་པ་ན།  མཁན་པོ་ཐུབ་ནོར་ལགས་ཀྱིས་བདེ་སྨོན་ནིལུང་མ་ཐོབ་ཀྱང་འདོན་ཡང་རུངཞེས་གསུངས་པ་བཞིན་ཕྱོགས་བསྡུས་བྱས་ན་ཆོག་ཅེས་པའི་སློབ་དཔོན་གྱི་བཀའ་གུས་པ་ཆེན་པོས་དུང་ལེན་བྱས། 

(3)ཐ་མར་ཁོང་གིས་དགེ་རྒན་ཐུབ་བསྟན་ནོར་བུའི་སྐུ་གདུང་གི་མདུན་ནས་ཁས་ལེན་བྱས་པ།

    སྒྲོལ་མ་ཚེ་རིང་ལགས་ཀྱིས་དགེ་རྒན་ཐུབ་བསྟན་ནོར་བུ་སྐུ་བཤེགས་དུས་སྐུ་གདུང་གི་མདུན་ནས་བདེ་སྨོན་ལག་བྲིས་བྱེད་པ་ཁས་ལེན་བྱས་པ་བཞིན། ལོ་ངོ་མང་པོར་ནད་པ་ལྟ་བའི་ཞོར་དུ་བདེ་སྨོན་ཕྱོགས་བསྡུས་ཀྱི་བྱ་བ་བསྒྲུབས། སྤྱི་ལོ1991ལོར་བདེ་སྨོན་ཕྱོགས་སྒྲིག་ཐེངས་དང་པོ་པར་བསྐྲུན་བྱེད་པའི་གོ་སྐབས་ཤིག་ཐོབ་ཀྱང་།ཁོང་གིས་ཟླ་གཅིག་དང་ཉི་མ་ཉི་ཤུ་ལྷག་ལ་བདེ་སྨོན་ཡོད་ཚད་ལག་བྲིས་བྱས་པ་མ་ཚད། མཚན་མོའི་ཚུ་ཚོད་དང་པོ་ནས་ཞོགས་པའི་ཚུ་ཚོད་ལྔ་བར་ལས་མ་ཉལ་པར། ཉལ་རྒྱུའི་དུས་ཚོད་བེད་སྤྱོད་ནས་བདེ་སྨོན་ཡོད་ཚད་ལག་བྲིས་བྱས། སྤྱི་ལོ1994ལོར་བདེ་སྨོན་ཕྱོགས་བསྒྲིགས་པོད་གཉིས་ཀྱི་བདག་ཉིད་ཅན་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ཐེངས་དང་པོར་པར་དུ་བསྐྲུན། ཐེངས་གཉིས་པ་སྤྱི་ལོ2007ལོར་དེབ་དང་པོའི་རྨང་གཞི་ཐོག་བདེ་སྨོན་མང་པོ་ཕྱོགས་བསྡུས་བྱས་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཐེངས་གསུམ་པ་སྤྱི་ལོ2013ལོའི་ཟླ6པར་བདེ་སྨོན་རྩ་འགྲེལ་རྒྱས་པ་པོད་གཉིས་ཀྱི་བདག་ཉིད་ཅན་དེ་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཐེངས་བཞི་པ་བདེ་སྨོན་ཧ་ཅང་རྒྱས་པ་པོད་གཉིས་གྱི་བདག་ཉིད་ཅན་དེ་སྤྱི་ལོ2019ལོའི་ཟླ9པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། མདོར་ན་ཁོང་ནི་རྒྱལ་ཁབ་རིམ་པས་བྱ་དགའ་རབ་དང་རིམ་པར་སྤྲོད་མྱོང་བའི་སྨན་པ་རྒན་གྲས་ཤིག་དང་། བདེ་སྨོན་གྱི་དཔེ་ཆ་མང་པོ་ཕྱོགས་བསྒྲིགས་བྱས་མྱོང་བའི་བདེ་སྨོན་ཆོས་བདག་ནོ།། 

ར་སྐོར་སྨན་པ་སྒྲོལ་མ་ཚེ་རིང་དང་ཁོང་གི་བྱས་རྗེས་གླེང་བ།
སྨན་རྫས་འདུལ་ནས་བུག་པའི་རྡོ་གཞོང་ཞིག

 ལྔ་བ། སྨན་པ་སྒྲོལ་མ་ཚེ་རིང་ལགས་ཀྱིས་བོད་ཀྱི་ན་གཞོན་སྨན་པ་རྣམས་པ་བཅངས་པའི་རེ་བ།

      ད་ལྟའི་ན་གཞོན་རྣམས་ནི་གཞུང་ལུགས་ཐད་མཁས་པ་འདུག་ཀྱང་། ལག་ལེན་དངོས་ལ་ཐུག་དུས་འབྲས་གསུམ་ངོ་མི་ཤེས་པའི་སྨན་པ་མང་པོ་འདུག འདི་ནི་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་སྨན་ངོ་མ་སྤྲོད་པའི་སྐྱོན་ཆ་ཞིག་ཡིན་ནམ། གང་ཡིན་གསལ་པོ་ཞིག་མི་ཤེས་མོད། མདོར་ན་ལྡུམ་བུ་ངོ་མི་ཤེས་ལ། སྨན་གྱི་ལག་ལེན་མི་ཤེས་པའི་སྨན་པ་ཞིག་ནི་སྤྱི་སྒེར་གང་དུ་སོང་ཡང་དཀའ་ཁག་ཡོད་པ་རེད་ཅེས་པ་དང་།  བོད་སྨན་ཆེད་སྦྱོང་གི་མི་སྣ་མང་པོ་ཞིག་སྤྱི་ཚོགས་ཐོག་ཐོན་དུས་ནུབ་སྨན་ཐོག་ནས་ལྟ་བ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ལས་ཀ་སྒྲུབ་ཀྱིན་འདུག  འདི་ནི་བོད་སྨན་སྦྱོང་མྱོང་བའི་མི་ཞིག་ལ་མཚོན་ན་དེ་འདྲའི་མཛའ་མོ་ཞིག་མ་རེད། རྗེས་སུ་ཚང་མས་དེའི་ཐོག་ལ་གཟབ་གཟབ་བྱེད་རོགས་ཞེས་གསུངས་སོ།

39.7K

རྩོམ་ཡིག་སྔོན་མ།
༄༅།།ཚེ་གྲུབ་རྡོ་རྗེ།
རྩོམ་ཡིག་རྗེས་མ།
༄༅།། ཁ་བ་འབབ་ཐེངས་དང་པོ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1