དཔྱིད་གསར་དུས་སྟོན་དུ་རྔ་བ་ཁུལ་གྱི་རྒན་རབས་པ་དག་ལ་འཚམས་འདྲི་ཞུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 01-25




རྔ་བ་ཁུལ་གྱིས་2022ལོའི་དཔྱིད་གསར་དུས་སྟོན་དུ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ་རྣམས་ལ་འཚམས་འདྲི་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས། 

ལིའུ་ཕིང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།
 ལུའོ་ཀྲེན་ཧྭ་དང་ལི་ཝེ་གོ། ཉི་མ་འབུམ་བཅས་ཚོགས་འདུར་ཞུགས།
ཝུའུ་ལི་ཡན་གྱིས་ཚོགས་འདུའི་གཙོ་འགན་བཞེས།

        སྤྱི་ཟླ་1པོའི་ཚེས་23ཉིན། རྔ་བ་ཁུལ་གྱིས་2022ལོའི་དཔྱིད་གསར་དུས་སྟོན་དུ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པར་འཚམས་འདྲི་ཞུ་བའི་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་དང་། ཁུལ་གྱི་འགོ་ཁྲིད་ཚན་ཁག་བཞིའི་ཚབ་མཛད་ནས་ཚོགས་འདུར་ཞུགས་པའི་འགོ་ཁྲིད་དང་བློ་མཐུན་རྒན་པ། དེ་མིན་ཁོང་ཚོའི་ཁྱིམ་མི་བཅས་ལ་དུས་སྟོན་གྱི་འཚམས་འདྲི་བྱས་ཤིང་། དེ་དང་བསྟུན་ནས་རྔ་བ་ཁུལ་ཡོངས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ་ཀུན་ལ་འཚམས་འདྲི་དང་རྟེན་འབྲེལ་ཞུས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭས་2021ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་འཕེལ་རྒྱས་ཀྱི་གནས་ཚུལ་དང་2022ལོའི་ལས་དོན་བཀོད་སྒྲིག་ཁྱབ་བསྒྲགས་བྱས་ཤིང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལི་ཝེ་གོ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་བཅས་བཞུགས་མོལ་དུ་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་གྱིས་ཚོགས་འདུའི་གཙོ་འགན་བཞེས།
        ལིའུ་ཕིང་གིས། 2021ལོ་ནི་སྐབས་བཅུ་གཅིག་པའི་ཁུལ་ཨུའི་འགན་འཁུར་གྱི་ལོ་མཇུག་ཡིན་ལ། འདས་པའི་ལོ་ལྔའི་རིང་གི་འབད་བརྩོན་གྱི་བརྒྱུད་རིམ་ལ་ཕྱིར་བལྟ་བྱས་ཚེ། ཏང་ཀྲུང་དབྱང་དང་། ཞིང་ཨུའི་འགོ་ཁྲིད་སྟོབས་ལྡན་འོག་ཏུ་ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། གཏན་འཁེལ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། བརྩི་སྲུང་གཉིས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དང་རྔ་བ་ཁུལ་གྱི་ལས་དོན་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ཏུ་བསྟར་ཅིང་། ཏང་ཀྲུང་དབྱང་དང་། ཞིང་ཨུའི་གྲོས་ཆོད་དང་བཀོད་སྒྲིག་ལག་ཏུ་བསྟར་ཏེ། ཁྱོན་ཡོངས་གཉིས་དང་རྒྱལ་ཁབ་ཀྱི་དོན་ཆེན་དུས་རྣམ་ཀུན་ཏུ་སེམས་ཕུག་ཏུ་བཅངས་ཤིང་། ཞིང་ཆེན་གྱི་ཇུས་ཆེན་དང་ཁུལ་གྱི་ལས་དོན་མ་ལུས་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་གཅིག་གྱུར་བསྐུལ་བ་དང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་མྱུར་དུ་བསྐྲུན་པར་བསྐུལ་ཏེ། རྔ་བ་ཁུལ་མི་དམངས་ཀྱིས་གཡུར་དུ་ཟ་བའི་གྲུབ་འབྲས་ལོངས་སུ་སྤྱད་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་ཁུལ་གྱི་འཐབ་ལམ་གསར་བའི་དབུ་ཁྱུད་ཆ་ཀུན་ནས་ཡག་པོ་བརྩམས་ཡོད། ཅེས་གསུངས།

        ལིའུ་ཕིང་གིས། མ་འོངས་པའི་ལོ་ལྔའི་རིང་དུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། གཏན་འཁེལ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། བརྩི་སྲུང་གཉིས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཀུན་ནས་དོན་འཁྱོལ་བྱ་དགོས་པ་དང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཐབ་ཇུས་དམིགས་འབེན་དུ་བཟུང་སྟེ། ཁོངས་ཡོངས་སུ་སྐྱེ་ཁམས་དང་། ལྗང་མདོག་འཕེལ་རྒྱས། འབྱོར་ཕྱུག །ཁྲིམས་ལྟར་བཅོས་སྐྱོང་། ཏང་ནན་སྐྱོང་བཅས་ཀྱི་འཐབ་ཇུས་ཆེན་མོ་ལྔ་ཀུན་ནས་ལག་ལེན་དུ་བསྟར་ཏེ། སྐྱེ་ཁམས་མཛེས་ཤིང་འཆམ་མཐུན། བདེ་སྐྱིད། འབྱོར་ཕྱུག་བཅས་ཀྱིས་ཕྱུག་པའི་ཁྱིམ་གཞིས་བསྐྲུན་པར་འབད་བརྩོན་བྱ་དགོས། འགོ་ཁྲིད་རྒན་པ་ཚོ་ལས་ཀ་དང་ཉམས་མྱོང་གིས་ཀུན་ནས་ཕྱུག་པས། ང་ཚོས་འགོ་ཁྲིད་རྒན་པ་དང་བློ་མཐུན་རྣམས་ཀྱིས་མུ་མཐུད་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྲིད་གླེང་བ་དང་། སྲིད་ཇུས་སྒྲོག་མཁན། ན་གཞོན་འགོ་ཁྲིད་ལས་བྱེད་པའི་མཛུབ་སྟོན་པའི་ཁུར་བཞེས་པར་བསྐུལ་ཏེ།  སྤྱི་ཚོགས་འཆམ་མཐུན་གྱི་ལས་དོན་མ་ལུས་གོང་ནས་གོང་དུ་འཕེལ་བར་བསྐུལ་དགོས།  ཞེས་གསུངས།        
        ཁུལ་གྱི་འགོ་ཁྲིད་ཀའོ་ལི་ཞིན་དང་། ལི་ཡུང་ལིའང་། ཧྥེང་ཡུས། ཚེ་སྐྱབས། རྔ་བ་ཁུལ་གྱི་ཐིང་རིམ་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་བཞུགས་མོལ་དུ་ཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1