༄༅།། གླིང་རྗེ་གེ་སར་གྱིས་བཤེས་གཉེན་བསྟེན་པའི་སྐོར།

ཚེ་ཏན་ཞབས་དྲུང་། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-17




     རྒྱལ་གར་གྱི་པཎྚི་ཏ་ནོར་བཟང་གྲགས་པས་ཙཱནྡྲ་བྱཱ་ཀ་ར་ཎའི་ཡན་ལག་རབ་ཏུ་བྱེད་པ་སྨྲ་བའི་སྒོ་ཞེས་བྱ་བ་ཞིག་བརྩམས་པ་ལས།འདི་དང་དཔལ་ལྡན་ནཱ་རོ་བ་གཉིས་ཀྱི་སློབ་མ་པཎྚི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟི།(དྲན་པ་ཡེ་ཤེས་གྲགས་པ)བོད་དུ་ཕེབས་ནས་འབྲོམ་སྟོན་པ་དང་།གླིང་གེ་སར་རྒྱལ་པོའི་སློབ་དཔོན་མཛད། མཐར་ཁམས་ཀྱི་ཀློང་ཐང་དུ་ཡུན་རིང་བཞུགས་ཤིང་།བོད་ཀྱི་སྐད་ཡིག་ལ་བྱང་བར་ལོབས་པ་ན།རྒྱ་གཞུང་དུ་མ་རང་འགྱུར་དུ་མཛད་སྐབས་སྒྲ་དང་སུམ་རྟགས་གང་ལ་ཡང་མཁོ་ཆེ་བའི་དག་ཡིག་སྨྲ་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་བརྩམས་ནས་བོད་སྐད་ལྟར་རང་འགྱུར་དུ་མཛད།ཅེས་པ་ནི་མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་གཏམ་མོ།།


༄༅།།ཧོར་གླིང་འཁྲུག་སའི་ཡུལ་དང་གེ་སར་གྱི་བཞུགས་གནས་སྐོར།
རྩོམ་པ་པོ།   བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས།
ཀུན་གཟིགས་ལྔ་བས་རྨ་ཆེན་གྱི་གསོལ་མཆོད་རྩེ་མོ་རབ་དཀར་མ་བརྩམས་པའི་གནས་ཨ་རིག་ཆུ་ཚན་དུ་གྲགས་པ་རང་བྱུང་ཁྲུས་ཀྱི་རྫོང་བུ་ཡོད།དེ་དང་ཕྱོགས་མཚུངས་འདབ་ཆགས་པའི་ཚུལ་དུ་གེ་སར་གྱི་དུས་ཧོར་དམག་གིས་རི་ལུང་བཀང་ཟེར་བའི་ཨབ་ཆི་དུག་ཐང་།གེ་སར་གྱི་བཞུགས་གནས་ལྷ་ལུང་གཡུ་མདོ།མཛོ་འདོགས་ས་ཡིན་ཟེར་བའི་རི་དེའུ་ཞིག་གི་ཉེ་འགྲམ་དུ་སྤང་སྔོན་པོ་ལ་བྲག་དཀར་པོ་སྲོག་ཆགས་ཀྱི་རྣམ་པ་འབུར་དུ་དོད་པའི་ས་འཛིན་མཛོ་ཁྲ་སྡིངས།སྟོད་དུ་མཚོ་སྐྱ་རེངས་སམ་ཚ་གེན་ནོར་དང་། ཨ་ལག་ནོར་རམ་སྔོ་རེངས་གཉིས། བེའུ་དུག་མཚོ།སྟོང་རུ་མཚོ་ནག་ཐོ་སུ་ནོར་ཏེ་མཚོ་སྨན་ཕྱུག་མོ་ལྔར་གྲགས་པ་དང་།བྱང་དུ་ཁུར་ལུག་གི་མཚོ། ནོ་ཀྭན་ནོར། ཤ་ལ་ཐུའི་ནོར། ལྷོ་དང་ནུབ་ཏུ་བ་ཡན་ནོར།ཀུན་དགའ་ནོར། ཞེ་ནེ་ནོར་སོགས་མཚོ་ཕྲན་དུ་མས་བསྐོར།《མདོ་སྨད་ཆོས་འབྱུང་》གི་ཤོག་ངོས་27ནས་བཤུས།།)

༄༅།།གླིང་གེ་སར་གྱིས་གྲུབ་ཐོབ་བྱང་ཆུབ་འདྲེ་བཀོལ་ཞུས་ནས་ཕྱོགས་བཞིའི་གདོན་ཆེན་བཏུལ་བའི་སྐོར།
རྩོམ་པ་པོ།   རག་ར་ངག་དབང་བསྟན་པའི་རྒྱལ་མཚན།
དེའི་སྲས་ཨ་མེས་བྱང་ཆུབ་འདྲེ་ཁོལ་ཞེས་ལྷ་སྲིན་བྲན་དུ་བཀོལ་བའི་མཐུ་སྟོབས་ཅན་བྱུང་།གེ་སར་གྱིས་གླིང་ཡུལ་དུ་ལན་གཉིས་སྤྱན་དྲངས།ཕྱི་མའི་དུས་ཕ་ཝང་རྟ་འདྲ་བ་ཆིབས་ཏེ་ཕྱོགས་བཞིའི་གདོན་ཆེན་བཏུལ།(བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》ལས་རྒྱས་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན་ཟེར་བའི་ཤོག་ངོས་228ནས་བཤུས།)

༄༅།།གླིང་རྗེ་གེ་སར་དང་པཎ་ཆེན་སྨྲྀ་ཏི་གཉིས་དུས་མཉམ་ཡིན་པའི་སྐོར།
རྩོམ་པ་པོ།   པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས།
རྒྱལ་བ་ཙོང་ཁ་པ་ཆེན་པོ་སྐུ་མ་བལྟམས་གོང་དང་ཞལ་བཞུགས་པའི་དུས་དང་མྱ་ངན་ལས་འདས་པའི་ཕྱི་ནས་ཏེ་ལན་བདུན་གྱི་བར་དུ་གངྒའི་ནང་ནས་རང་བྱུང་དུ་བྱོན་པའི་རྒྱ་གར་གྱི་ལི་རིགས་འདྲ་བ་ངོ་མཚར་ཤིན་ཏུ་ཆེ་བ་ཡོང་བར་གནང་སྟེ།དེ་དག་ལས་རིང་བསྲེལ་ཅན་གཅིག་རྡོ་རྗེ་འཆང་ལྕང་སྐྱ་རིན་པོ་ཆེའི་ཐུགས་དམ་རྟེན་དུ་ཡོད་ཚོད་ལས་ཧ་ཅང་ངེས་པོ་མེད།སྨྲྀ་ཏིའི་ཕྱག་ཚ་པར་ཡུལ་བྱང་ངམ་རིང་གི་ས་ཆར་གཅིག་དང་རྟ་ནག་རྒྱང་མཁར་ཕྱུག་པོར་གཅིག  ཤངས་ཆུམས་ཀྱི་ཡུལ་དུ་གཅིག་རྣམས་ཡོངས་གྲགས་ཡིན་ཅིང་།ཁམས་སུ་ཕེབས་ནས་འགྲོ་དོན་མཛད་སྐབས་གླིང་རྗེ་གེ་སར་གྱིས་བདུད་ཧོར་ལྗང་གསུམ་བཅོམ་ཞིང་།རྒྱ་དང་གཡུལ་མ་འཁྲུགས་ཀྱི་བར་དེར་པཎ་ཆེན་གྱི་དགོན་པར་གཟུག་པའི་དད་བླངས་མཛད་སྐབས་སྔར་གྱི་ཧོར་གྱི་བུ་བསད་པས་མནའ་ཟོས་པའི་འབྲས་བུར་རྒྱལ་པོ་རྩིག་པའི་སྟེང་ནས་ལྷུང་སྟེ་དབུ་ཆག་པར་པཎ་ཆེན་སྨྲྀ་ཏིའི་ཚ་ཚའི་ལྷག་གི་འཇིམ་པ་བླངས་ཏེ་སྡེམ་བྱས་པས་དབུ་འཕྲལ་ལ་གསོས་པའི་ལོ་རྒྱུས་འདུག་པས་དེར་དཔགས་ན་ཁམས་སུ་ཡང་ཚ་ཚ་མང་དུ་ཡོད་ཚོད་འདུག(《མདོ་སྔགས་ཀྱི་གནད་རྣམས་ལ་དྲི་བ་ཞུས་པའི་ལན་རྣམས་ཆབས་ཅིག་ཏུ་བསྡེགས་པ་བཞུགས་སོ།》(སྣ་རིང་མ)ཞེས་པའི་ཤོག་གྲངས་5བ་ནས་བཤུས།།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1