ལོ་སར་གྱི་སྐབས་སུའང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རུལ་སུངས་འགོག་མཚམས་མ་བཞག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


ད་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་པུའུ་ཡིས་དྲ་ཚིགས་སྟེང་སྲོལ་ངན་བཞིའི་གནད་དོན་ལྟ་སྐུལ་གཏུག་བཤེར་ཐེར་འདོན་བྱེད་ས་བཀོད་སྒྲིག་བྱས་ཏེ། གཟའ་འཁོར་རེ་རེར་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གྱོད་དོན་ཁྱབ་སྒྲོག་བྱས་པ་དང་། མིག་སྔའི་བར་དུ་བསྟུད་མར་གཟའ་འཁོར་ལྔ་ལ་གྱོད་དོན་དྲུག་བརྒྱ་དང་ཉི་ཤུ་ཁྱབ་སྒྲོག་དང་། མི་བརྒྱད་བརྒྱ་དང་ང་ལྔའི་མིང་ཁྱབ་སྒྲོག་བྱས། གནས་ཚུལ་དེ་གོ་མ་ཐག་ཏུ། གསར་འགྱུར་ལས་ཁུངས་ལ་ལས་ཁ་ཡིག་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལོ་སར་སྐབས་སུའང་རུལ་སུངས་འགོག་མཚམས་མ་བཞག་ཅེས་པའི་དཔྱད་བརྗོད་སྤེལ།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་པུའུ་ཡི་དྲ་ཚིགས་སྟེང་ཁ་ཡིག་ལ་རུལ་སུངས་འགོག་པ་ནི་དུས་ཡུན་ཙམ་གྱི་རླུང་ལྟ་བུ་ཡིན་ཟེར་བ་དེ་མི་བདེན་ཞེས་པའི་རྩོམ་ཡིག་བཀོད་དེ། རུལ་སུངས་འགོག་པའི་རྣམ་འགྱུར་དྲག་པོ་ཡང་བསྐྱར་བསྟན། རྩོམ་ཡིག་ནང་དུ། མི་ལ་ལས་སྲོལ་ངན་བཞི་ཡོ་བསྲང་བྱེད་པ་དང་རུལ་སུངས་འགོག་པ་དེ་མཚམས་འཇོག་རན་ཡིན་ལ། མུ་མཐུད་སྤེལ་ན་ཐལ་དྲགས་སོང་བས། མཚམས་བཞག་ན་བཟང་ཞེས་ཟེར་བཞིན་འདུག ལྟ་བ་འདིའི་རིགས་ལ་ངེས་པར་དུ་བློ་རྩ་བརྟན་པོས་ངོ་རྒོལ་བྱེད་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་དུས་ཆེན་གྱི་སྐབས་སུ་རུལ་སུངས་འགོག་པའི་འཐབ་རྩོད་ཀྱི་རྔ་བོ་དྲག་ཏུ་རྡུང་བ་དེས། རུལ་སུངས་འགོག་མཚམས་མི་འཇོག་པའི་རྣམ་འགྱུར་བརྟན་པོ་གསལ་བོར་མཚོན་ཡོད་ཅེས་བཀོད་ཡོད།

དུས་ཆེན་གྱི་སྐབས་ནི་སྲོལ་ངན་བཞིའི་གནད་དོན་འབྱུང་སླ་བའི་དུས་ཡིན་ལ། རྒྱུན་ལྡན་དུ་སྒྲིག་ལམ་དང་འགལ་ནས་ཁ་གསབ་སྒོར་མོ་སྟེར་བ་དང་། སྒྲིག་ལམ་དང་འགལ་ནས་གཞུང་འཁོར་བཀོལ་བ། ལྐོག་རྔན་དང་ལེགས་སྐྱེས་སྟེར་བའམ་ལེན་པ་སོགས་ཀྱི་གནད་དོན་ཅུང་འབུར་ཐོན་ཡིན། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དངོས་འབེབ་བྱས་ཏེ། སྲོལ་ངན་བཞིའི་གནད་དོན་ཡང་བསྐྱར་འབྱུང་བར་བཀག་འགོག་བྱེད་ཆེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ན་ནིང་གི་ཟླ་བཞི་བ་ནས་བཟུང་དུས་ཆེན་གལ་ཆེན་གྱི་སྐབས་སུ་འབྲེལ་ཡོད་གནད་དོན་གཟའ་འཁོར་རེར་ཁྱབ་སྒྲོག་བྱེད་མགོ་བརྩམས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྩོམ་ཡིག་དེའི་ནང་དུ། མི་ལ་ལས་རུལ་སུངས་འགོག་པ་ནི་དུས་ཡུན་ཙམ་གྱི་རླུང་ལྟ་བུ་ཡིན་ཟེར་བའི་རྒྱུ་མཚན་ནི། དཔོན་པོ་ལ་ལ་གོ་ས་ལས་ལྷུང་བ་ན་མི་མང་ཆེ་ཤོས་ཀྱིས་མཛུབ་མོ་ཀེར་ནས་གཟེངས་བསྟོད་བྱེད་བཞིན་ཡོད་ནའང་། མི་སྐོར་ཞིག་གིས་སེམས་མ་བདེ་བར་བསྡད་ཡོད། སེམས་མི་བདེ་བའི་མི་དེ་དག་གིས་ད་གཟོད་རུལ་སུངས་འགོག་པ་ནི་དུས་ཡུན་ཙམ་གྱི་རླུང་ལྟ་བུ་ཞིག་ཡིན་ན་བསམ་ཡོད་ཅེས་བཀོད། རྩོམ་ཡིག་ནང་དུ་གྲངས་ཀའི་ཚད་མི་འཛིན་པ་དང་ཐོབ་གོ་སའི་ཚད་མི་འཛིན་པར་རུལ་སུངས་པ་ཚང་མ་བཀག་སྟེ་མི་ངན་ཐམས་ཅད་གཙང་སེལ་བྱེད་པའི་ཀྲུང་དབྱང་གི་རུལ་སུངས་འགོག་པའི་ཆོད་སེམས་བརྟན་པོ་ཡང་བསྐྱར་བསྟན་ཡོད། རྩོམ་ཡིག་དེའི་ནང་དུ་ད་དུང་ཀྲོའུ་ཡུང་ཁང་དང་ཞུས་ཚུའེ་ཧུའུ་སོགས་ཀྱི་གྱོད་དོན་གྱིས་ང་ཚོར་མི་ལ་ལ་ཞིག་ཏང་ནང་དུ་སྦས་སྐུང་བྱས་པ་ཧ་ཅང་ཟབ་པ་མ་ཟད། དེ་དག་ཁེར་རྐྱང་མིན་པར་ཁོ་ཚོས་རུལ་སུངས་ཀྱི་ཚོགས་པ་ཞིག་བཙུགས་ཡོད་པ་དང་། དཔོན་པོ་དང་ཚོང་བ་ངན་འབྲེལ་བྱས་ཏེ་དབང་ཆ་གང་འདོད་དུ་བཀོལ་ཞིང་། ཆབ་སྲིད་ཀྱི་ཐད་ནས་ལྐོག་གཡོ་བཅངས་ཏེ། ཏང་གི་མགོ་ཁྲིད་དང་མཐུན་སྒྲིལ་གཅིག་གྱུར་ལ་གནོད་ཆེན་པོ་སྐྱེལ་བཞིན་པ་གསལ་པོར་ཤེས་སུ་བཅུག་ཡོད་ཅེས་བསྟན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1