གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམས་ཉིན་རེའི་ཚགས་པར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༢༧ཉིན།

བོད་ལྗོངས་སུ་“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་གྱིས་དཔྱིད་གསར་སྐྱེལ་འདྲེན་ཐོག་མ་བྱེད་འགོ་ཚུགས་པ།


              ཉེ་ཆར་བོད་ལྗོངས་ལྷ་ས་མེ་འཁོར་བབས་ཚུགས་སུ་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པས་ཁེངས་པ་དང་། རྡོག་ཐོན་བྱེད་ཉེར་ཡོད་པའི་ས་མཐོའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གཉིས་ནང་དགོད་སྒྲ་གྲགས་པ་དང་། དྲོ་སྐྱིད་ཚོར་བ། འཁྲུག་ཆ་དོད་པའི་རྣམ་པའི་ཁྲོད“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་གྱིས“འཛམ་གླིང་ཡང་རྩེའི”དཔྱིད་གསར་སྐྱེལ་འདྲེན་ཐོག་མ་བྱེད་འགོ་ཚུཌ་པ་རེད།
              “ང་ལྷ་སར་ལས་ཀ་བྱས་ནས་ལོ་གསུམ་ཕྱིན་སོང་། ད་རེས་ཤུགས་འགྲེམས་མེ་འཁོར་ལ་བསྡད་དེ་ཕ་ཡུལ་ལ་ལོག་ཐེངས་དང་པོ་ཡིན། ཉིན་ཤས་གོང་ལས་ཡུལ་དུ་དགུན་དུས་ལས་མཚམས་བཞག་ཡོད། ལོ་གཅིག་རིང་བསགས་པའི་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཁྱེར་ནས་ཁྱིམ་དུ་ལོག་རྒྱུ་ཡིན། ལྷ་ས་ནས་ནང་མིར་ལག་རྟགས་མང་པོ་ཉོས་ཡོད། ད་རེས་ནང་མི་མཉམ་འཛོམས་ཡག་པོ་བྱ་རྒྱུ་ཡིན”ཞེས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ནས་ཡིན་པའི་དོན་གྲུབ་ཀྱིས་ལྟོ་ཕད་ཆེ་ཆུང་མང་པོ་ཁྱེར་ནས་སྤ་སེ་བཤེར་ཏེ་མེ་འཁོར་ཡོད་སར་སྐྱོད་བཞིན་དུ་བཤད།
              ཚེས་17ཉིན་གྱི་ཆུ་ཚོད་8པར་ཐོན་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་ཐེངས་གྲངས་C891ནང་འགྲུལ་པ་680ཡོད་པ་དང་། དོན་གྲུབ་བསྡད་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ཐེངས་གྲངས་C881ཆུ་ཚོད་8དང་སྐར་མ་20ལ་ཐོན་པ་དང་མེ་འཁོར་ནང་ཁྱོན་འགྲུལ་པ་219ཡོད་པ་རེད། དོན་གྲུབ་ཀྱིས“ལོ་ཤས་གོང་ལྷ་ས་དང་ཉིང་ཁྲིར་འགྲོ་འོང་བྱེད་ཐེངས་རེར་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ན་ཉིན་ཕྱེད་ཙམ་འགོར་གྱི་ཡོད། ད་ཆ་ཤུགས་འགྲེམས་མེ་འཁོར་ནང་ཆུ་ཚོད་3དང་ཕྱེད་ཀ་ཙམ་ལས་འགོར་གྱི་མེད་པས། དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད་ད་དུང་དེ་བས་བདེ་འཇགས་ལྡན་པ་ཞིག་འདུག”ཅེས་བཤད།
              2021ལོའི་ཟླ་6པར་ལམ་ཐག་ཧྲིལ་པོར་སྤྱི་ལེ་435ཟིན་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དེ་ཐོག་ནས་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ལ་ཁྱབ་པ་མཚོན་ཡོད།
              ལོ་23ལ་སླེབས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྩིག་རགས་གྲོང་ཚོའི་གྲོང་མི་བུ་མོ་ཨ་ཉུའུ་2021ལོར་སློབ་ཆེན་ཐོན་རྗེས་ཉིང་ཁྲི་མེ་འཁོར་བབས་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་པ་ཁག་དང་པོའི་གྲས་སུ་གྱུར། “ང་ཚོའི་གྲོང་ཚོར་ཞིང་ལས་གཙོ་བོ་ཡིན་པ་དང་གཞོན་ནུ་དང་དར་མ་དེ་སྔ་རྒྱུན་དུ་ཕྱིར་གནས་སྐབས་གླ་པ་བྱེད་ཀྱི་ཡོད་པས་ཡོང་འབབ་བརྟན་པོ་མེད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས་གྲོང་མི་མང་པོ་ཞིག་ལ་མེ་འཁོར་བབས་ཚུགས་སུ་ལས་ཀ་རག་ནས་ཡོང་འབབ་བྱུང་བ་དང་ཐག་ཉེ་སར་ལས་ཞུགས་ཐུབ་ནས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད”ཅེས་བུ་མོ་ཨ་ཉུའུ་ཡིས་བཤད།
              ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ཚུན་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ། གཞིས་རྩེ་སོགས་གྲོང་ཁྱེར་དུ་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་གཉིས་དང་མྱུར་ཚད་སྤྱིར་བཏང་གི་མེ་འཁོར་ཞིག་ཤར་གཏོང་ཐུབ་ནས་ལམ་རྒྱུད་ཀྱི་མང་ཚོགས་འགྲོ་སྐྱོད་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2021ལོའི་ལོ་མཇུག་བར་ལྷ་ཉིང་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་62.1དང་དངོས་ཟོག་ཏུན་7900ལྷག་ཙམ་སྐྱེལ་འདྲེན་བྱས་ཤིང་། བསྐྱར་དར་རྟགས་ཅན་མེ་འཁོར་ལ་བསྡད་ནས་ཕྱིར་བསྐྱོད་རྒྱུ་དེ་ལམ་རྒྱུད་མང་ཚོཌ་ཀྱི་གདམ་ག་དང་པོར་གྱུར་ཡོད་པ་རེད།
              ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ཀྲེན་ཀྲང་ཝང་ཕུའུ་ཡིས་འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་ནི་ལྷ་ཉིང་མེ་འཁོར་ཤར་གཏོང་ཐུབ་རྗེས་དཔྱིད་གསར་སྐྱེལ་འདྲེན་བྱེད་ཐེངས་དང་པོ་དེ་ཡིན་པ་དང་། སྔོན་དཔག་བྱས་ན། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ལྷ་ས་བབས་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་20སྐྱེལ་འདྲེན་བྱ་རྒྱུ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་5000ཙམ་སྐྱེལ་འདྲེན་བྱ་རྒྱུ་རེད་ཅེས་བཤད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1