ཨ་མེ་རི་ཁ་དང་ཨི་རན་གྱིས་ཨི་རན་ཉིང་རྡུལ་གནད་དོན་གྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པ་དང་ཟླ་གསུམ་པའི་ནང་སྤྱི་ཁོག་གི་གྲོས་ཆོད་འགོད་ཐུབ་སྲིད་ཅེས་བཤད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


ཕྱི་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལེ་ཧྥུའུ་ཡིས་ཉེ་སྔོན་ཨི་རན་གྱི་ཉིང་རྡུལ་གནད་དོན་གྱི་འཆར་གཞིའི་གྲོས་མོལ་ལ་ཕྱོགས་ཁ་ཤས་ནས་གྲུབ་འབྲས་ཁ་ཤས་ཐོབ་ཡོད་པ་དང་། གྲོས་མོལ་དེ་གཟའ་འཁོར་རྗེས་མར་རི་ནེ་ཝ་ནས་མུ་མཐུད་དུ་སྤེལ་རྒྱུ་རེད་ཅེས་བཤད། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཀྱང་ཀྲ་ལེ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་གྲོས་མོལ་བྱས་རྗེས་གྲོས་མོལ་ལ་གྲུབ་འབྲས་ཁ་ཤས་ཐོབ་ཡོད་ཅེས་བཤད། ཡིན་ནའང་ཕྱོགས་གཉི་ཀས་ད་དུང་བྱ་བ་མང་བོ་བསྒྲུབ་དགོས་ཞེས་བསྟན་ཟེར།

ཨི་རན་དང་ཨི་རན་གྱི་ཉིང་རྡུལ་གནད་དོན་ལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་དྲུག་གིས་ཟླ་གསུམ་པའི་སྤྱི་ཁོག་གི་གྲོས་ཆོད་ཅིག་འགོད་རྩིས་ཡོད་པ་མ་ཟད། ཟླ་དྲུག་པའི་ཟླ་མཇུག་ལ་མཇུག་མཐའི་གྲོས་ཆོད་འགོད་རྩིས་ཡོད།

ཀྲ་ལེ་ཧྥུའུ་ཡིས་ཁི་ལེ་དང་ཉིན་གཉིས་ལ་གྲོས་མོལ་བྱས་རྗེས་ཨི་རན་དང་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་ནི་གོ་ཆོད་པ་དང་འཛུགས་སྐྲུན་རང་བཞིན་ལྡན་ལ། གཟབ་ནན་ཡིན་ཞེས་བཤད་མོད། ཡིན་ནའང་ཁོས་མཇུག་མཐའི་གྲོས་ཆོད་འགོད་པར་ད་དུང་ལམ་རིང་བོ་ཞིག་བརྒྱུད་དགོས་ཞེས་ཉེན་བརྡ་བཏང་།

ཨ་མེ་རི་ཁ་དང་ཨི་རན་བར་གྱི་གྲོས་མོལ་ནི་ཨ་མེ་རི་ཁ་དང་ཨུ་རུ་སུ། ཀྲུང་གོ། དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་དྲུག་གིས་ཨི་རན་བར་གྲོས་མོལ་བྱེད་པའི་ནང་གི་ཁག་ཅིག་ཡིན་ལ། དེའི་དམིགས་ཡུལ་ནི་དབྱི་ལང་གིས་ཉིང་རྡུལ་འཆར་གཞི་ལག་བསྟར་བྱས་པ་ལས་བྱུང་བའི་རྩོད་གཞི་ཐག་གཅོད་རྒྱུ་དེ་རེད།

རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཨི་རན་གྱིས་ཉིང་རྡུལ་མཚོན་ཆའི་ལག་རྩལ་གོང་འཕེལ་དུ་གཏོང་བཞིན་ཡོད་པར་སེམས་ཁུར་བྱེད་བཞིན་ཡོད་ནའང་། ཨི་རན་གྱིས་རང་གིས་ཉིང་རྡུལ་ལག་རྩལ་གོང་འཕེལ་དུ་གཏོང་བཞིན་པའི་དམིགས་ཡུལ་ནི་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བཀོལ་སྤྱོད་བྱེད་པའི་ཆེད་ཡིན་ཞེས་བཤད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1