ཞི་ཅིན་ཕིང་གིས་མཉམ་སྡེབ་སློབ་སྦྱོང་འདིའི་ཐོག་ནན་སྟོན་གནང་དོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-27


        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་སྤྱི་ཟླ་1པོའི་ཚེས་24ཉིན་ཕྱི་དྲོ་འབད་བརྩོན་ཆེན་པོས་ཐཱན་རྩེ་གྲངས་དང་ཐཱན་བཏང་སྙོམས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་དྲུག་པ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ཐཱན་རྩེ་གྲངས་དང་ཐཱན་བཏང་སྙོམས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ནི་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་གནས་ཀྱི་བླང་བྱ་ཞིག་དང་། ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱས་ནས་བཏོན་པའི་འཐབ་ཇུས་དང་ཇུས་ཐག་གལ་ཆེན་ཞིག་ཡིན། ང་ཚོས་ངེས་པར་དུ་ཐཱན་རྩེ་གྲངས་དང་ཐཱན་བཏང་སྙོམས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། “ཐཱན་གཉིས”དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་ཁ་ཚ་དགོས་གཏུགས་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཞིབ་འཇུག་བྱེད་པ། བསམ་བློ་དང་ངོས་འཛིན་གཅིག་གྱུར་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
        ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་དེ་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ཚོས་རང་སྦྱོང་བྱས་པ་མ་ཟད་ལས་ཀའི་མྱོང་ཚོར་སྤེལ་རེས་ཀྱང་བྱས་པ་ཞིག་ཡིན་པ་དང་། བློ་མཐུན་ལིའུ་ཧོ་དང་། ལི་ཆང་། ལི་ཧུང་ཀྲུང་། ཧུའུ་ཁྲུན་ཧྭ་བཅས་ཀྱིས་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ས་གནས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་གནང་ནས་ཚང་མ་དང་སྤེལ་རེས་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་བསྐྱོད་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཕྱོགས་ཡོངས་དང་སྦགས་མེད་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ང་ཚོས་སྦགས་མེད་ཐཱན་ཉུང་འཁོར་རྒྱུག་གོང་འཕེལ་གྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་ཉོ་ཚོང་བྱེད་འགོ་རྩོམ་པ་དང་རྒྱལ་ཁོངས་ཕྱིའི་རྡོ་སོལ་དང་གློག་གི་རྣམ་གྲངས་བསྐྱར་དུ་མི་སྐྲུན་པའི་ཁྱབ་བསྒྲགས་བྱས་ཐོག “ཐཱན་གཉིས”ཀྱི་སྲིད་ཇུས་མ་ལག་གང་མགྱོགས་འཛུགས་པ་དང་། གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་གྲོས་བསྡུར་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་མོའི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད། “ཐཱན་གཉིས”ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པ་དེ་ནི་གཞན་གྱིས་ང་ཚོར་བསྒྲུབ་ཏུ་འཇུག་པ་ཞིག་མ་ཡིན་པར། ང་ཚོ་རང་ཉིད་ཀྱིས་ངེས་པར་དུ་བསྒྲུབ་དགོས་པ་ཞིག་ཡིན། རང་རྒྱལ་གོང་འཕེལ་གྱི་དུས་རིམ་གསར་པ་སླེབས་ཡོད་ཅིང་། “ཐཱན་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་། རྒྱུན་མཐུད་ངང་གོང་འཕེལ་ཡོང་བ་བྱེད་པའི་ཁ་ཚ་དགོས་གཏུག་ཆེ་བའི་དགོས་མཁོ་ཡིན་པས། ལག་རྩལ་ཡར་ཐོན་གྱི་ཁ་ཕྱོགས་དང་བསྟུན་པ་ཞིག་དང་། དཔལ་འབྱོར་གྲུབ་ཚུལ་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འབྱུང་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་ཐབས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན་པ། རང་འགུལ་གྱིས་རྒྱལ་ཁབ་ཆེན་མོའི་འགན་འཁྲི་འཁུར་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་བཅས་ཡིན། ང་ཚོས་ངེས་པར་དུ་“ཐཱན་གཉིས”དམིགས་ཚད་མངོན་འགྱུར་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། ཐཱན་གཉིས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་ཆེ་རུ་གཏོང་དགོས་ཞེས་བསྟན་འདུག
        ཞི་ཅིན་ཕིང་གིས། “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་འཕོ་འགྱུར་ཞིག་ཡིན་པ་ལས་དལ་དལ་ལྷོད་ལྷོད་སྒོ་ནས་མངོན་འགྱུར་ཐུབ་པ་ཞིག་མིན། ང་ཚོས་འཐབ་ཇུས་ཀྱི་བསམ་གཞིགས་ནུས་པ་ཆེ་རུ་བཏང་སྟེ་མ་ལག་གི་འདུ་ཤེས་དེ་“ཐཱན་གཉིས”ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས་པ་དང་། འབྲེལ་བ་ཆེན་པོ་བཞི་ཐག་གཅོད་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པ་སྟེ། དེ་ཡང་གཅིག་ནི་གོང་འཕེལ་དང་བཙོག་འབུད་ཉུང་གཏོང་བར་གྱི་འབྲེལ་བ་ཡིན། བཙོག་འབུད་ཉུང་གཏོང་ནི་ཐོན་སྐྱེད་ནུས་ཤུགས་ཉུང་དུ་གཏོང་བ་མིན་ལ། ཕྱིར་འབུད་མི་བྱེད་པ་ཡང་མིན་པར། སྣོད་བཅུད་སྔོན་ལ་འཇོག་པ་དང་སྦགས་མེད་ཐཱན་ཉུང་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་དཔལ་འབྱོར་གོང་འཕེལ་ཁྲོད་སྦགས་མེད་བརྗེ་སྒྱུར་དང་སྦགས་མེད་བརྗེ་སྒྱུར་ཁྲོད་གོང་འཕེལ་དེ་བས་ཆེ་བ་ཡོང་བ་བྱེད་དགོས། གཅིག་གྱུར་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐཱན་ཉུང་དུ་གཏོང་བ་དང་ཆབས་ཅིག་ནུས་རྒྱུའི་བདེ་འཇགས་དང་། ཐོན་ལས་འབྲེལ་ཐག་གི་བདེ་འཇགས། འབྲུ་རིགས་བདེ་འཇགས་བཅས་འགན་ལེན་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་འགན་ལེན་བྱེད་དགོས་པ་དང་། གཉིས་ནི་ཁྱོན་ཡོངས་དང་ཆ་ཤས་བར་གྱི་འབྲེལ་བ་ཡིན། རྒྱལ་ཡོངས་མིག་མངས་སྒྲིག་སྐོར་གཅིག་ལྟར་གྱི་ འདུ་ཤེས་ཆེ་རུ་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་འབྲེལ་མཐུད་དང་མཐུན་སྦྱོར་ཡོང་བར་ཡང་ཤུགས་སྣོན་བརྒྱབ་སྟེ་གོང་བུར་འགྲིལ་ཤུགས་ཆགས་པར་འགན་ལེན་ཏན་ཏིག་བྱེད་དགོས་ལ། ས་ཁོངས་ཀྱི་ཐོན་ཁུངས་ཁྱབ་ཚུལ་དང་ཐོན་ལས་ལས་བགོས་ཀྱི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་བསམ་གཞིགས་གང་ལེགས་བྱས་ཏེ། ས་གནས་ཁག་གི་ཐོན་ལས་གྲུབ་གཞི་ལེགས་སྒྲིག་བྱེད་ཕྱོགས་དང་“ཐཱན་གཉིས”ཀྱི་བྱ་སྤྱོད་འཆར་གཞིའི་ཞིབ་འཇུག་གཏན་འཁེལ་ཡང་བྱེད་དགོས་པ་ལས། གོམ་པ་མཉམ་སྤོ་དང་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་། གསུམ་ནི་ཡུན་རིང་དམིགས་འབེན་དང་དུས་ཐུང་དམིགས་འབེན་བར་གྱི་འབྲེལ་ཡིན། མིག་སྔར་གཞི་ཚུགས་པ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱས་ཏེ། རྒྱལ་ཁ་ཆུང་ངུ་བསགས་ནས་རྒྱལ་ཁ་ཆེན་པོར་འགྱུར་བ་བྱེད་དགོས། རྒྱང་རིང་ལ་བལྟས་ནས་འཕྲལ་ཕན་འཕྲལ་གཉེར་གྱི་བསམ་བློ་ཁྱད་བསད་བྱེད་པ་དང་། ཐཱན་ཉུང་གཏོང་གི་གོམ་སྟབས་དང་ཤུགས་ཚད་སྟངས་འཛིན་ཡག་པོ་བྱས་ནས་དངོས་ཐོག་བདེན་འཚོལ་དང་། རིམ་བགྲོད་གོང་འཕེལ། མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། བཞི་ནི་སྲིད་གཞུང་དང་ཁྲོམ་རའི་བར་གྱི་འབྲེལ་བ་ཡིན། ཕྱོགས་གཉིས་མཉམ་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ནུས་ལྡན་གྱི་སྲིད་གཞུང་དང་ནུས་ལྡན་གྱི་ཁྲོམ་ར་དེ་བས་ལེགས་པའི་ཟུང་འབྲེལ་ལ་སྐུལ་འདེད་གཏོང་རྒྱུ་དང་། “ཐཱན་གཉིས”ལས་དོན་གྱི་སྐུལ་ལྕག་གཅུན་སྡོམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཡིན་ཞེས་ནན་སྟོན་གནང་བ་རེད།
        ཞི་ཅིན་ཕིང་གིས། “ཐཱན་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་དང་། གྲོན་ཆུང་སྔོན་ལ་འཇོག་པ། འཁོར་ལོ་གཉིས་ཀྱིས་སྐུལ་འདེད་གཏོང་བ། ཕྱི་ནང་ཤར་བགྲོད། ཉེན་ཁ་འགོག་ཟོན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། རང་རྒྱལ་གྱི་ལམ་ལུགས་ཀྱི་བཟང་ཆ་དང་། ཐོན་ཁུངས་ཆ་རྐྱེན། ལག་རྩལ་གྱི་མངོན་མེད་སྟོབས་ཤུགས། ཁྲོམ་རའི་གསོན་ཤུགས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་གྲུབ་ཆ་དང་། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས། བར་མཐོངས་རྣམ་པ་བཅས་མགྱོགས་མྱུར་ཆགས་པ་བྱེད་དགོས། དང་པོ།གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཐཱན་གཉིས”ལས་དོན་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་བཀོད་སྒྲིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་བཅུག་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་རྒྱུ་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། འབྲེལ་ཡོད་འཆར་འགོད་དང་། ལག་བསྟར་ཇུས་གཞི། འགན་ལེན་བྱ་ཐབས་བཅས་མགྱོགས་མྱུར་བཟོས་ནས“ཐཱན་རྩེ་གྲངས་སུ་སླེབས་པ་བྱེད་རྒྱུའི་བྱ་སྤྱོད་ཆེན་པོ་བཅུ”ལག་བསྟར་ཡག་པོ་བྱས་ཏེ་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཁྱོན་ཡོངས་ཀྱི་འདུ་ཤེས་ལྡན་དགོས་པ་དང་། ཐཱན་རྩེ་གྲངས་སུ་སླེབས་པ་བྱེད་པའི་གོམ་སྟབས་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་པ་དང་། འགན་འཁྲིའི་གཙོ་གཟུགས་དང་། ལས་ཀའི་ལས་འགན། ལེགས་འགྲུབ་དུས་ཚོད་བཅས་ཁ་གསལ་བཟོས་ཏེ་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་དགོས། གཉིས་པ།ནུས་རྒྱུའི་གསར་བརྗེར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ནུས་རྒྱུའི་ཐོན་ཁུངས་ཀྱི་སྤུས་ཚད་ལ་གཞི་ཚུགས་ནས་སྔོན་ལ་འཛུགས་པ་དང་རྗེས་སུ་འགྱུར་ལྡོག་གཏོང་བ་དང་ཁྱོན་ཡོངས་ནས་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲོལ་རྒྱུན་གྱི་ནུས་རྒྱུ་རིམ་བཞིན་ཕྱིར་འཐེན་བྱེད་པར་ངེས་པར་དུ་ནུས་རྒྱུ་གསར་པའི་བདེ་འཇགས་དང་བློས་འགེལ་ཆོག་པའི་ཚབ་བྱེད་རྨང་གཞིའི་ཐོག་འཛུགས་དགོས། རླུང་གློག་དང་འོད་གློག་རྟེན་གཞི་ཆེ་གྲས་ཀྱིས་རྨང་གཞི་བྱེད་པ་དང་། དེའི་མཐའ་སྐོར་གྱི་དྭངས་གཙང་ནུས་ཆེ་དང་། སྔོན་ཐོན་ནུས་རྒྱུ་གྲོན་ཆུང་གི་རྡོ་སོལ་གློག་གིས་འདེགས་སྐྱོར་བྱེད་པ། བརྟན་ལ་བདེ་འཇགས་དང་བློས་འགེལ་ཆོག་པའི་དམིགས་བསལ་མཐོ་གནོན་གློག་སྐྱེལ་སྐུད་ལམ་གྱིས་གཞི་རྟེན་བྱེད་པའི་ནུས་རྒྱུ་གསར་པའི་མཁོ་སྤྲོད་བསྡུ་ཉར་གཙང་སེལ་མ་ལག་འཆར་འགོད་དང་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས། འགྱུར་རྡོའི་ནུས་རྒྱུའི་འཛད་སྤྱོད་ལ་ཚོད་འཛིན་མཐའ་གཅིག་ཏུ་བྱེད་དགོས་པ་དང་ལྷག་པར་དུ་རྡོ་སོལ་འཛད་སྤྱོད་ཀྱི་འཕར་ཚད་ལུགས་མཐུན་ངང་ཚོད་འཛིན་ནན་པོ་བྱས་ནས་གོ་རིམ་ལྡན་པའི་ངང་ཐོན་འབོར་ཉུང་གཏོང་དང་ཚབ་བྱེད་བྱས་ཏེ་རྡོ་སོལ་གློག་གི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་སྒྱུར་བཀོད་དང་། སྐབས་བསྟུན་སྒྱུར་བཀོད། དྲོད་རླངས་མཁོ་འདོན་སྒྱུར་བཀོད་བཅས་“སྒྱུར་བཀོད་གསུམ་མཉམ་འགུལ”བྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱལ་ནང་གི་ནུས་རྒྱུ་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། རྡོ་སོལ་མཁོ་སྤྲོད་བདེ་འཇགས་འགན་ལེན་བྱེད་པ། མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ནུས་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པ། སོལ་རླངས་སྣུམ་གྲབས་གསོག་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྔོན་ཐོན་གྱི་གསོག་འཇོག་ལག་རྩལ་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ནུས་ཁུངས་གསར་པ་དང་ནུས་ཁུངས་གཙང་མ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པོའི་གནས་བབ་ཐོག་བཞག་སྟེ། འོད་ཀྱི་ནུས་ཁུངས་དང་། སྭེལ་གྱི་ནུས་ཁུངས། ཆིང་གི་ནུས་ཁུངས། བསྐྱར་སྤྱོད་རུང་བའི་ནུས་ཁུངས་བཅས་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ནུས་ཁུངས་ཀྱི་ལག་རྩལ་དང་དེང་རབས་ཀྱི་ཆ་འཕྲིན་དང་། རྒྱུ་ཆ་གསར་པ། སྔོན་ཐོན་གྱི་བཟོ་སྐྲུན་ལག་རྩལ་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་དགོས། གཞི་ཁྱོན་ལྡན་ལ་ཕན་འབྲས་ཀྱང་ཆེ་བའི་རླུང་ནུས་དང་། ཉི་ནུས། སྐྱེ་དངོས་ཀྱི་ནུས་པའི་འབྱུང་ཁུངས། ས་འོག་ཚ་ནུས། རྒྱ་མཚོའི་ནུས་པ། ཆིང་ནུས་སོགས་ནུས་ཁུངས་གསར་པ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཆུ་གློག་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཉིང་རྡུལ་གློག་འཕེལ་རྒྱས་ཧུར་ཐག་གཏོང་དགོས། གསུམ་པ། ཐོན་ལས་ལེགས་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བརྗེ་བསྒྱུར་གྱི་གོ་སྐབས་ལ་དམ་འཛིན་ནན་པོ་བྱས་ནས། མཉམ་འབྲེལ་དྲ་རྒྱ་དང་། གྲངས་གཞི་ཆེན་མོ། མི་ཐབས་རིག་ནུས། ཐོན་ལྔ་པའི་སྒུལ་བདེའི་འཕྲིན་གཏོང་སོགས་གསར་དར་ལག་རྩལ་དང་སྦགས་མེད་ཐཱན་ཉུང་གི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྦགས་མེད་བཟོ་སྐྲུན་མ་ལག་དང་ཞབས་ཞུའི་མ་ལག་འཛུགས་པ། སྦགས་མེད་ཐཱན་ཉུང་ཐོན་ལས་ཀྱིས་དཔལ་འབྱོར་སྤྱི་འབོར་ཁྲོད་བཟུང་བའི་བསྡུར་གྲངས་མཐོ་རུ་གཏོང་བ་བཅས་བྱ་དགོས། མཐོ་གསར་རྣམ་གྲངས་ཀྱི་ཐཱན་འབུད་བཤངས་བྱེད་ཚད་ལ་དམ་འཛིན་ནན་པོ་བྱས་ནས། ཟད་གྲོན་ཆེ་བ་དང་། འབུད་བཤངས་མང་བ། ཆུ་ཚད་དམའ་བ་བཅས་ཀྱི་རྣམ་གྲངས་རྨོངས་ཚོད་ངང་གོང་འཕེལ་གཏོང་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ངར་ལྕགས་དང་། མདོག་ལྡན་ལྕགས་རིགས། རྡོ་སྣུམ་རྫས་འགྱུར། རྫས་འགྱུར་བཟོ་ལས། འཛུགས་སྐྲུན་རྒྱུ་ཆ་སོགས་སྲོལ་རྒྱུན་ཐོན་ལས་བརྗེ་བསྒྱུར་རིམ་སྤོར་ཐད་ནུས་ཤུགས་ཆེན་པོ་བཏོན་ནས། བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་ཉུང་བཟོ་རྩལ་གསར་བརྗེ་དང་གྲངས་འཛིན་ཅན་གྱི་བརྗེ་བསྒྱུར་བྱེད་མགྱོགས་སུ་གཏོང་དགོས། གད་སྙིགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། འཁོར་རྒྱུག་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། ནུས་རྒྱུའི་ཐོན་ཁུངས་འཕྲོ་བརླག་གཏོང་ཚད་ཉུང་དུ་གཏོང་དགོས། ཐཱན་ཉུང་འགྲིམ་འགྲུལ་མ་ལག་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་སྦགས་མེད་ཐཱན་ཉུང་གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། རི་ཆུ་ནགས་ཞིང་དང་། མཚོ་རྩྭ་བྱེ་ས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་རང་བཞིན་གྱི་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས། སྐྱེ་ཁམས་མ་ལག་གི་ཐཱན་འདྲེས་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་དགོས། སྟབས་བདེ་འོས་འཚམ་དང་། སྦགས་མེད་ཐཱན་ཉུང་། ཤེས་དཔལ་སྦགས་མེད་བཅས་ཀྱི་འཚོ་བ་སྐྱེལ་ཐབས་དར་སྤེལ་བཏང་ནས། སྦགས་མེད་ཐཱན་ཉུང་གི་འཛད་སྤྱོད་ལ་སྐུལ་ཁྲིད་དང་སྦགས་མེད་འགྲོ་སྐྱོད་ལ་སྐུལ་ལྕག་བྱེད་པ་དང་། སྦགས་མེད་ཐཱན་ཉུང་གི་སྤྱི་ཚོགས་བྱ་སྤྱོད་ཀྱི་དཔེ་སྟོན་འཛུགས་གཏོད་བྱེད་པ། དམངས་ཡོངས་ཀྱི་གྲོན་ཆུང་གི་འདུ་ཤེས་དང་འབྱུང་ཁམས་ཁོར་སྲུང་གི་འདུ་ཤེས་ཆེ་རུ་གཏོང་དགོས། བཞི་པ། སྦགས་མེད་ཐཱན་ཉུང་གི་ཚན་རྩལ་གསར་བརྗེ་བྱེད་མགྱོགས་སུ་གཏོང་དགོས། སྦགས་མེད་ཐཱན་ཉུང་གི་ལག་རྩལ་འགག་སྒྲོལ་ལ་སྟངས་འཛིན་ནན་པོ་བྱས་ནས། སྔོན་ཐོན་སྤྱོད་འཐུས་ཀྱི་ལག་རྩལ་ཞིབ་འཇུག་དང་ཁྱབ་གདལ་ཉེར་སྤྱོད་བྱེད་མགྱོགས་སུ་གཏོང་དགོས། སྦགས་མེད་ཐཱན་ཉུང་གི་ལག་རྩལ་དཔྱད་དཔོག་དང་ཉོ་ཚོང་མ་ལག་འཛུགས་སྐྱོང་དང་འཐུས་སྒོ་ཚང་དུ་བཏང་ནས། གསར་གཏོད་གྲུབ་འབྲས་བརྗེ་བསྒྱུར་བྱེད་མགྱོགས་སུ་གཏོང་དགོས། ཤེས་ལྡན་མི་སྣ་གསོ་སྤེལ་བྱེད་སྟངས་གསར་གཏོད་བྱས་ནས། མཐོ་རིམ་སློབ་གྲྭས་འབྲེལ་ཡོད་ཀྱི་རིག་ཚན་འཛུགས་སྐྱོང་བྱ་རྒྱུར་སྐུལ་ལྕག་བྱེད་དགོས། ལྔ་པ། སྦགས་མེད་ཐཱན་ཉུང་གི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ནུས་རྒྱུ་ཟད་གྲོན་གྱི་གཉིས་འཛིན་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། གསར་སྣོན་བྱས་པའི་སླར་སྐྱེས་ནུས་རྒྱུ་དང་མ་བཅོས་ནུས་རྒྱུ་སྤྱོད་ཚད་དེ་གཉིས་ནུས་ཁུངས་འཛད་སྤྱོད་ཀྱི་སྦྱི་འབོར་ལ་ཚོད་འཛིན་བྱེད་པའི་ཁྲོད་མི་འཇུག་པ་དང་། “ཐཱན་གཉིས”ཀྱི་ཚད་གཞི་འཐུས་ཚང་བཟོས་ནས། གཅིག་གྱུར་ཚད་ལྡན་གྱི་ཐཱན་འབུད་བཤངས་ཀྱི་བསྡོམས་རྩིས་ཞིབ་དཔྱད་མ་ལག་འཛུགས་པ་དང་། ནུས་ཁུངས་གཉིས་འཛིན་དེ་ཐཱན་འབུད་བཤངས་སྤྱི་འབོར་དང་ཤུགས་ཚད་ཀྱི་གཉིས་འཛིན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་ལུགས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ནོར་ཁྲལ་དང་། རིན་གོང་། མ་འཇོག དངུལ་རྩ་བཅས་ཀྱི་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཁྲོམ་རའི་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཐཱན་གྱི་གཏན་འཁེལ་རིན་གོང་གི་སྒྲིག་གཞི་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཐཱན་འབུད་བཤངས་དབང་ཆའི་ཉོ་ཚོང་དང་། ནུས་སྤྱོད་དབང་ཆའི་ཉོ་ཚོང་། གློག་ཤུགས་ཉོ་ཚོང་བཅས་ཀྱི་སྦྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲུག་པ། འཛམ་གླིང་ཧྲིལ་པོའི་གནམ་གཤིས་བཅོས་སྒྲིག་ཁྲོད་ཐེ་ཞུགས་དང་སྣེ་ཁྲིད་ཧུར་ཐག་བྱེད་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ཐོག་ནས། སྔར་བས་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་ནས་འཛམ་གླིང་ཧྲིལ་པོའི་གནམ་གཤིས་དབྱེ་འབྱེད་གྲོས་མོལ་གྱི་གྲོས་རིམ་དང་རྒྱལ་སྤྱིའི་སྒྲིག་སྲོལ་སྒྲིག་བཟོ་བྱེད་པའི་ཁྲོད་ཞུགས་པ་དང་། དྲང་སྙོམ་ལུགས་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་འཛམ་གླིང་ཧྲིལ་པོའི་གནམ་གཤིས་བཅོས་སྒྲིག་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས་ཏང་གིས་“ཐཱན་གཉིས”ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་ངང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དཔྱད་དཔོག་ནན་པོ་བྱེད་པ་བཅས་ཀྱིས། ལས་ཀའི་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཡིན་པ་ལག་ལེན་བསྟར་ནས། ཕྱོགས་ཁག་གི་འགན་འཁྲི་ནན་འདེད་བྱས་ཏེ། “ཐཱན་གཉིས”ལས་དོན་གྱི་འབྲེལ་ཡོད་དམིགས་ཚད་ཁག་ས་ཁུལ་ཁག་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ཕྱོགས་བསྡུས་དཔྱད་དཔོག་མ་ལག་ཁྲོད་འཇུག་པ་དང་། དེས་དཔྱད་དཔོག་ཁྲོད་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་བ། དམིགས་ཚད་ཀྱི་ཚད་བཀག་དམ་དུ་གཏོང་བ་བཅས་བྱ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་“ཐཱན་གཉིས”ཀྱི་རྨང་གཞིའི་ཤེས་བྱ་དང་། མངོན་འགྱུར་བྱེད་ཐབས། ལས་ཀའི་བླང་བྱ་བཅས་ལ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་སྦྱོང་ངོ་མ་བྱེད་པ་དང་། ནང་དོན་ངོ་མ་རྟོགས་པ། ཡིད་ལ་ངོ་མ་བཟུང་ཐུབ་པ། བེད་སྤྱོད་ངོ་མ་གཏོང་ཐུབ་པ་བཅས་བྱ་དགོས། “ཐཱན་གཉིས”ལས་དོན་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་མ་ལག་གི་ནང་དོན་གལ་ཆེན་དུ་བརྩིས་ནས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྦགས་མེད་ཐཱན་ཉུང་གོང་འཕེལ་གཏོང་བའི་འཇོན་ནུས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1