༄༅། །སྣང་ཆུང་གཡུ་སྟག་གླེང་བ།

མི་གསལ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། གླིང་གེ་སར་རིག་གནས་དྲ་ཚིགས། སྤེལ་དུས། 02-26



ལུང་རིགས་ཐོག་མདས་ངན་རྟོག་བཅོམ་མཛད་འཕགས་ཡུལ་གྲུབ་ཐོབ་ཨརྱའི་མཚན།།

འཁོར་གསུམ་སྟག་ཆས་དཔའ་བོའི་ཚུལ་སྣང་སྨུག་པོ་ལྡོང་གི་རིགས་རྒྱུད་དུ།།

གཅེས་ཕྲུག་བཅུ་གསུམ་གཙུག་གི་ནོར་བུ་དཀར་པོ་གླིང་གི་མི་གཡང་ཞེས།།

དཔའ་རྩལ་སྟོབས་ཀྱིས་དགྲ་དཔུང་གཏོར་བའི་ཨ་ཁུའི་སྣང་ཆུང་གཡུ་སྟག་རྒྱལ།།

དེ་ཡང་ལྡོང་ར་ཁྲ་རྒན་པོའི་རིགས་རྒྱུད་ལས་རིམ་བཞིན་མཆེད་པའི་སྨུག་པོ་ལྡོང་གི་རིགས་རྒྱུད་མ་ནོར་བ་གླིང་ཆོས་འཕེལ་ནག་པོ་ལ་བུ་གསུམ་སྐྱེས་ཤིང་། ནང་གི་ཆེ་བ་པཎ་གྲུབ་ཆོས་གོས་ཅན་ནམ་ཡེ་ཤེས་སྤྱན་ལྡན་བེ་རོ་ཙ་ནས་ཟློས་གར་ལྡོང་རྗེ་སྤྱི་དཔོན་རྒྱལ་བོའི་ཞེས་བཙན་པོས་མགོ་མནན་གཉོམ་ཆུང་གི་ཕ་མ་གླིང་དཀར་ཆགས་པའི་ཡབ་བདག་ཕྱོགས་ཀྱི་རྒྱལ་ཁབ་དག་གི་ངོ་ཡ་ཐུབ་པའི་སྤྱི་དཔོན་རོང་ཚ་ཁྲ་རྒན་ཞེས་གྲགས་ལ།ཁོང་གིས་ཀྱང་། སྟོད་རྒྱལ་གར་རྒྱལ་བོའི་ཆོས་ཡ་དང་། །སྨད་རྒྱལ་ནག་རྒྱལ་བོའི་ཁྲིམས་ཡ་དང་། །བར་ཧོར་སོགས་སྟོབས་ཀྱི་ཁ་ཡ་སྟེ། ། ཁྲ་རྒན་པོ་གཅིག་གིས་བཟུང་བ་ཡིན། ། ཞེས་དང་།བཙན་ཤ་ལེ་སྒོ་ལ་ཐོན་ཉིན་མོ། །གཉོམ་ཁུར་ནས་འདུག་པའི་ཁྲ་རྒན་མིན། གཉོམ་ལྷུང་ངེ་འགྲམ་ལ་ཐོན་ཉིན་མ། །བཙན་རྒོད་རྒོད་བྱེད་པའི་ཁྲ་རྒན་མིན། །ཞེས་གསུང་བ་ལ་དཔག་ན་བདེན་དྲང་གི་ཚངས་ཐིག་འདེབས་པའི་ཕོ་རབས་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད།དེ་ཉིད་ལ་བུ་གསུམ་བུ་མོ་གཅིག་བཅས་བཞི་ཡོད་པའི་བཞི་བ་སྣང་ངུ་གཡུ་སྟག་ནི།སྨུག་པོ་ལྡོང་གི་རིགས་རྒྱུད། དཀར་པོ་གླིང་གི་མི་གཡང་། ཁྲ་རྒན་སྙིང་གི་དུམ་བུ།གཅེས་ཕྲུག་བཅུ་གསུམ་གྱི་ཡ་གྱལ། ཕུ་ནུ་སུམ་བཅུའི་བླ་གནས།མཁར་གནམ་རྫོང་ཆགས་ཀྱི་གདུང་མ། བཏུལ་ན་རྒྱ་དར་དཀར་པོ། ཁྲོས་ན་དོམ་ནག་སྨྱོན་པ།བཤད་ན་གཏམ་གྱི་བང་མཛོད། ཕྱི་སྡེ་ཡི་སྨོན་ས་གཡུ་སྟགནང་ཕུ་ནུའི་སྙིང་བཅུད་གཡུ་སྟག་ཞེས་མཚན་སྙན་གྱི་བ་དན་སྲིད་ན་མངོན་པ་གཡོ་བའི་ལོ་རྒྱུས་ནི།འཛམ་གླིང་སྤྱི་བསང་ལས། ལྡོང་སྤྱི་དཔོན་སྣང་ཆུང་གཡུ་སྟག་ནི།།དབུ་རལ་བའི་འཚམས་ན་ཡི་གེ་དང་། ཞལ་དུང་སོའི་ངོས་སུ་ལྷ་སྐུ་ཡོད།། གཏམ་བཤད་སྲོལ་བདེན་སྲོལ་གཉིས་ཀ་ཡོད་ཅེས་དང་།འཇིགས་མེད་རྒྱལ་བའི་སྨྱུ་གུའི་སྐྱེ་ཕྲེང་གསོལ་འདེབས་སུ།བོད་ཡུལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།།ཁྲ་མོ་གླིང་དུ་སྣང་ངུ་གཡུའི་མེ་ཏོག་སོགས་གསུང་བས།འཕགས་བོད་པཎ་གྲུབ་ཆོས་རྒྱལ་གྱི་རོལ་གར་ཕེབས་པ་ནི་སྨོས་སུ་མ་མཆིས། དེ་ཡང་ཧོར་ནག་བདུད་ཀྱིས་ཁ་རླང་གླིང་དུ་མཆེད་ནས་དཔའ་བོ་གཡུལ་འབྱེད་ཀྱི་བྱུང་བ་རིང་མོས་ནང་གསེས་སུ།ལས་སྨོན་ཟློག་མེད་ཀྱི་རྒྱུ་རྐྱེན་དུ་མས་སེར་བོ་ཧོར་ལ་དཔའ་བོ་ཁེར་འབུད་ཀྱིས་ཇག་རྒྱུག་གི་འགར་བའི་བཙན་རྒྱལ་ཁ་ཤོ་དང་ཐོག་སེར་འབྲུག་རྒྱལ་སོགས་བཱ་ཐུལ་མང་པོ་ཆམས་ལ་ཕབ་ནས་རྟ་ཁྱུ་ནོམ་ལ་ལེན་དུས་མདའ་རྨས་ཅུང་ཙམ་བྱུང་བས་ཨ་དཀར་རྒྱ་ལམ་འོག་མའི་ཤིང་ཨ་ཁྲ་པ་ཏྲའི་བར་ན་སྨན་བཅོས་བྱེད་སྐབས་སུ།སྐྱེན་པོ་ཨ་ལྔ་མཐེབ་དྲུག་གིས་ལྐོག་མདའ་ཐེབས་ནས་སྐུ་གཤེགས་ཞེས་གྲགས།སྣང་ཆུང་སྡེའུ་བང་ཞེས་ཁྲ་མཁར་ཉེ་འདབ་ན་ད་བར་ཡང་ཡོད་པ་དང་འཚམས་སྤྲུལ་རིན་པོ་ཆེའི་ང་སྣང་ཆུང་ཡིན་དུས་གྲི་ཡི་ཕྲ་བོར་སོང་བས་བཙའ་དགོས་གསུང་ནས་ཕྱེད་ཀ་རྡོ་དང་ཕྱེད་ཀ་གཡུ་ཡིན་པ་དངོས་རྙེད་བྱུང་མྱོང་།འགྲོ་དོན་དང་གདུལ་བྱ་མ་རྫོགས་པར་གྲུ་གུ་གོ་རྫོང་འབེབས་སྐབས་སུ་སླར་ཡང་སྐྱ་ལོའི་སྣང་སྲས་གཡུ་སྟག་ཞེས་གྲུ་རྒྱལ་ཐོག་རྒོད་བཏུལ་བའི་ངོ་མཚར་གྱི་ལྷ་རྔ་སྲིད་ན་གཡོ་བའི་སྒྲ་ཆེན་བསྒྲག་པ་མཛད་དོ།

གླིང་གི་རྟོགས་བརྗོད་ལྷ་སྒྲུང་རེད་ཅེས་འཁྱོག་པོས་ལབ་རྡོལ་སྟོང་བྱས་ཀྱང་།།

གེ་སར་དཔའ་རྟུལ་བྱུང་མྱོང་མེད་ཅེས་ཨུ་ཚུགས་ཕྲག་འཛིན་བྱེད་ཆོག་ཀྱང་།།

གསལ་བའི་མིག་ལ་བདེན་དཔང་བཞག་པའི་དམ་པ་གོང་མའི་རིག་གནས་ཏེ།།

དྲང་མོས་ལམ་ནས་ཡིད་ཆེས་རྙེད་པ་ཟུར་གནས་དགའ་བའི་མཆོད་པ་ཙམ།།

དཀར་པོ་གླིང་ལ་མོས་པ་ཆེ་བའི་བྱང་འཁྱམས་པོས་བྲིས་པ་དགེ །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1