༄༅། །ཤར་བདུད་མཆོང་རྫོང་། ༼ དང་པོ། ༽

མི་གསལ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། གླིང་གེ་སར་རིག་གནས་དྲྭ་ཚིགས། སྤེལ་དུས། 02-26



ལེའུ་དང་པོ། ཞི་བའི་ལས།

ལྷ་སྲས་དམ་པ་གྲོལ་ལེགས་ཀྱི། །

ཟློས་གར་གླིང་གི་དཔལ་དུ་ཤར། །

སྤྱི་དཔོན་ལུང་བསྟན་དགྲ་ལྷའི་གར། །

ཡང་ཚའི་རྩེ་མོ་གཡུལ་ལས་རྒྱལ། །

༈ ན་མོ་གུ་རུ། གླིང་དཀར་མཐོང་བ་ཀུན་སྨོན་ནི་དག་པའི་སྣང་ངོར་འོད་གསལ་ལྷ་ཡི་ཞིང་ཁམས་བྱིན་ཆགས་སུ་གནས་པ་དང༌།ཀུན་ཀྱི་མཐུན་སྣང་རྨ་རི་མོ་བཞི་ཡི་འདུས་མདོ་རུ། བོད་མིའུ་གདོང་དྲུག་ལས། གདོང་ལ་ཚ་ཚན་བཅོ་བརྒྱད་དང་ཤུལ་ཆེན་བཅོ་བརྒྱད་ཡོད་པ་དེ་ལས།སྨུག་པོ་གདོང་གི་གདོང་རྒྱུད་ཆོས་འཕེལ་ནག་པོ་བུ་རྒྱུད་ལ། སྡེ་དགེ་གླིང་དཀར་གྱི་ཆོས་སྲིད་དར་ཞིང་རྒྱས། ནག་ཕྱོགས་ཀྱི་གདུག་རྩུབ་ཞི་བར་བྱས། དཀར་ཕྱོགས་ཀྱི་རྒྱལ་མཚན་མཐོན་པོར་བསྒྲེངས།མདོ་ཁམས་གཉིས་རྒྱལ་ཕྲན་གཅིག་གྱུར་བྱས་པའི་ཚུལ་སོགས་ཡོངས་སུ་གྲགས་པ་ལས། འདིར་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རྣམ་པར་ཐར་བ་སྙན་གཏེར་ཟུང་འཇུག་གི་སྒོ་ནས་རྒྱས་སྤྲོས་སུ་འགོད་པ་ལ།རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་རྣམ་སྤྲུལ་དཔའ་ཐུལ་བརྒྱད་ཅུ་དང༌། སྟོད་གླིང་གསེར་བ་མཆེད་བརྒྱད། བར་གླིང་འོམ་བུ་ཚོ་དྲུགསྨད་གླིང་མི་སྤྱང་སྡེ་བཞི། འདན་མ་ཆུ་ལ་ཉིན་སྲིབ། སྟག་རོང་ཤོག་ཆེན་བཅོ་བརྒྱད།སྐྱ་ལོ་ཕྱུག་གི་སྡེ་བ། ཙོང་རི་ཁྲི་ཤོག་བཅོ་བརྒྱད། སྨན་རི་རུ་བ་དགུ་བརྒྱ། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད།ནགས་རི་དགུ་བརྒྱ་དགུ་སྟོང་སོགས་ཀྱི་སྤྱི་བདག་གླིང་རྗེ་གེ་སར་རྒྱལ་བོ། དཔའ་ཐུལ་ཕུ་ནུ་ཕ་ཚན།མ་སྲི་མོ་སྨན་ལྷ་ཡི་ཕོ་ཉ་རྣམས་དགྱེས་དགར་ལ་རོལ་བའི་གནས་སྐབས་སུ། རིགས་གསུམ་གཅིག་འདུས་གེ་སར་མཆོག་གི་འོད་གསལ་གྱི་སྣང་ཆ་ལ།མ་ནེ་ནེ་གོང་སྨན་རྒྱལ་མོ་དེས་ལུང་བསྟན་གྱི་གླུ་འདི་བླངས་སོ།།

གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

བུ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །

མ་ནེ་ནེ་ལུང་བསྟན་གླུ་ལ་ཉོན། །

དུས་ད་ལོ་གནམ་ལོ་རྟ་ལ་བབས། །

ཉིན་སང་ཉིན་རྒྱལ་ཕུར་འཕྲོད་སྦྱོར་ལ། །

ལྷ་གྲོལ་ལེགས་རྒྱལ་བོའི་རྣམ་ཤེས་ཏེ། །

རྗེ་ཁྱོད་ཉིད་རིགས་ཀྱི་ཚ་བོར་འཁྲུངས། །

བུ་དེ་ལ་གཙང་ཁྲུས་གོས་བགོས་ལ། །

མཚན་དོན་ལྡན་སྤྱི་དཔོན་ཐུགས་ན་གསལ། །

བྱང་ཤར་ཕྱོགས་མདའ་རྩལ་བཙས་སྟོན་ཤོམས། །

ཤར་བཙན་རྒྱལ་འདུལ་བའི་རྟེན་འབྲེལ་ཡོད།།

གླུ་གོ་ན་རྣ་བའི་བདུད་རྩི་ལ། །

གླུ་མ་གོ་གླུ་ལ་ཡང་ལེན་ཞུ། །

ཞེས་དབྱིངས་སུ་ཡལ། སང་ཉིན་ཉི་མ་རྩེ་ཤར་དང་མཉམ་དུ་གདོང་འབུམ་པའི་རྒྱལ་ཚ་ཞལ་དཀར་ནས་ལྷ་བསངས་ཀྱིས་དུད་སྤྲིན་དགུང་ལ་བསྙེགས་པ་ཞིག་ཕུལ་ནས།དར་ཕྱར་དུང་འབུད་བྱས་ཚེ། གཟིམ་གར་དངུལ་ཆུ་ཁྲོ་རྫོང་དུ། འཇའ་གུར་གྱི་བླ་རེ་བྲིས། མེ་ཏོག་གི་ཆར་བབས།དྲི་བཟང་གི་ས་སྟེང་ཁྱབས། རང་བྱུང་གི་རོལ་མོ་གྲགས། ཀུན་ཀྱང་ངོ་མཚར་སྐྱེས་ནས་ཅི་ཡིན་གང་ཡིན་མ་གོ་བར་གླིང་དཀར་དཔའ་ཐུལ་ཕུ་ནུ་མ་སྲི་དྭངས་སྨན་དག་དགུང་སྔོན་དུ་སྤྲིན་འཁྲུགས་པ་ལྟར་འདུས་པ་ན།གླིང་རྗེ་གེ་སར་རྒྱལ་པོ་མཆོག་རྒྱ་ཚའི་ལས་གུར་དུ་ཕེབས་ནས།གླིང་བ་དག་ལ་བཙས་སྟོན་བྱེད་དགོས་ཚུལ་གྱི་གླུ་འདི་ལྟར་བླངས་སོ།།

གླུ་ཨ་ལ་སྟོང་ཆེན་དབྱིངས་ནས་ལེན། །

ཐ་ལ་འགག་མེད་རྩལ་ལས་ལེན། །

ཨ་ཐ་ཟུང་འཇུག་གྲུབ་པའི་གླུ། །

དེ་རིང་རྒྱལ་ཕུར་འཕྲོད་སྦྱོར་ལ། །

རྟེན་འབྲེལ་རང་བྱུང་འགྲིག་པ་འདི། །

ཕུ་བོ་རྒྱལ་ཚ་ཞལ་དཀར་དང༌། །

སྲི་མོ་རག་བཟའ་དགེ་མཚོ་ལ། །

སྲས་གཅིག་འཁྲུངས་པའི་རྟེན་འབྲེལ་རེད། །

ཨེ་གོ་གླིང་དཀར་ལྷ་སྡེ་ཚོ། །

ཐོ་རེངས་འོད་གསལ་སྣང་ཆ་ལ། །

མ་ནེ་ནེ་ལུང་བསྟན་འདི་ལྟར་བྱུང༌། །

ལྷ་གྲོལ་ལེགས་རྒྱལ་བོ་ཐུགས་སྨོན་དེ། །

རྗེ་ཁྱོད་ཀྱི་ཚ་བོ་བལྟམས་པ་ལ། །

རྟེན་འབྲེལ་བཙས་སྟོན་མཚན་བརྟགས་དང༌། །

སྤྱི་དཔོན་རྒྱལ་བོས་མཚན་གསོལ་གྱིས། །

ཁྲུས་གསོལ་ཨ་ཁུ་ཁྲོ་རྒྱལ་དང༌། །

གོས་གསོལ་ཁུ་བོ་ང་ཡིས་བྱེད། །

བློན་ཆེན་ཚ་ཞང་འདན་མ་ཡི། །

བྱང་ཤར་མཚམས་སུ་མདའ་འདྲེན་ཤོམས། །

མ་འོངས་བྱང་ཤར་བདུད་དགྲ་དེ། །

སྲས་འདི་ཡིས་འདུལ་བའི་རྟེན་འབྲེལ་ཡོད།།

གླིང་གི་མ་སྲི་མོ་སྨན་རྣམས། །

གླུ་ལེན་ཇ་འདྲེན་ཆང་འདྲེན་གྱིས། །

གླུ་གོ་ན་རྣ་བའི་བདུད་རྩི་དང༌། །

མ་གོ་གླུ་ལ་འགྲེལ་བ་མེད། །

འདིར་འཚོགས་ཐུགས་ལ་དེ་ལྟར་ཞོགས། །

ཞེས་གསུངས་པ་དང་མཉམ་དུ། གླིང་མ་བཞིའི་དཔོན་པོ་ཁྲོ་རྒྱལ་གྱིས་ཤེལ་དཀར་གྱི་བུམ་པ་ལ་དར་ཚོན་སྣ་ལྔའི་མགུལ་འཆིང་དང༌།དྭངས་གསལ་ཁྲུས་ཀྱི་ཕབས་རྒྱུན་ལ་ངོ་མཚར་འཆི་མེད་རིལ་བུ་བྱས་ཏེ། ཁྲུས་གཞོང་དུང་གི་སྒྲོམ་ཆེན་ནང་བུ་ཆུང་དུང་ལས་དཀར་བ་ལ་ཁྲུས་གསོལ་ཕུལ།རིགས་གསུམ་སྤྲུལ་བའི་ཟློས་གར་གླིང་རྗེ་གེ་སར་རྒྱལ་བོའི་ལྷ་རྫས་པཉྩ་ལི་ཀའི་ན་བཟའ་ཕུལ་ནས།བུ་ཆུང་དེ་ཕ་རྒྱ་ཚ་ཞལ་དཀར་གྱིས་བང་དུ་བཞུགས་སུ་གསོལ། དེ་ནས་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་དར་དཀར་པོའི་དྲི་མ་མེད་པ་ཞིག་གིས་མཆོད་ཆང་བཏེགས་ལ་མཚན་བཟང་ལ་བརྟགས་པའི་གླུ་འདི་དལ་བ་རིང་མོ་ལ་དྲངས་ནས་འདི་ལྟར་བླངས་སོ། །

གླུ་ཨ་ལ༴ ཐ་ལ་ལ་མོ༴

རིག་སྟོང་ཆོས་ཉིད་དབྱིངས་ཀྱི་གླུ། །

དཔའ་བོ་མཁའ་འགྲོའི་ལྷ་ཚོགས་མཆོད། །

ལས་བཞིའི་འཕྲིན་ལས་མྱུར་འགྲུབ་གླུ། །

ཆོས་སྐྱོང་དགྲ་ལྷའི་ལྷ་ཚོགས་མཆོད། །

དེ་རིང་སྤྱི་དཔོན་གླུ་སྣ་དྲོངས། །

ས་འདི་འདྲ་རྨ་ལུང་སུམ་མདོ་ནས། །

དཔའ་ཡ་མེད་རྒྱ་ཚ་ཞལ་དཀར་གྱི། །

མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་རེད། །

ང་འདྲ་སྤྱི་དཔོན་རྒྱལ་བོ་ཟེར། །

དེ་རིང་སྐར་བཟང་ཉིན་མོ་ལ། །

དགུང་ལ་འཇའ་ཚོན་སྣ་ལྔ་ཤར། །

བར་སྣང་དྲི་བཟང་སྤོས་ངལ་འཐུལ། །

དུང་དཀར་ཆུང་རྒྱ་ཚ་ཞལ་དཀར་ལ། །

སྲས་ལྷ་བུ་ངོ་མཚར་མཚན་ལེགས་འཁྲུངས། །

ང་སྤྱི་དཔོན་མ་ཡིག་ལུང་བསྟན་དུ། །

དུང་དཀར་པོ་ཆོས་དབྱིངས་རང་གྲགས་ལ། །

དབང་མི་འགྱུར་རྟ་སྐད་སྡེབས་པའི་ཚེ། །

བྱང་ཤར་བདུད་འདུལ་བའི་ཡང་ཚ་ལ། །

ལྷ་དགྲ་ལྷའི་དགྱེས་གར་གཡུལ་ལས་རྒྱལ། །

བརྡ་དེ་ལྟར་དགྲ་ལྷ་རྩེ་རྒྱལ་འདོག །

སེང་དཀར་མོ་རྒྱ་ཚ་ཞལ་དཀར་ལ། །

བུ་གཡུ་རལ་རྒྱས་པའི་རྟེན་འབྲེལ་འདི། །

འགྲན་དོ་མེད་དཔའ་རྒོད་ཡང་དག་ཅིག །

གླིང་ཕུ་ནུའི་ཡིད་ཆེས་བྱས་དང་ཆོག །

གླུ་གོ་ན་རྣ་བའི་བདུད་རྩི་ལ། །

མ་གོ་གླུ་ལ་འགྲེལ་བ་མེད། །

གླུ་དེ་ལྟར་བླངས་ནས། སྲས་ཆུང་མིང་ལ་དགྲ་ལྷ་རྩེ་རྒྱལ་ཞེས་མཚན་གསོལ་ཉིན་དེར་བཙས་སྟོན་རྒྱ་ཆེར་བྱས། གླིང་ཕུ་ནུ་ཕ་ཚན་དང་བཅས་པའི་གྲོས་བྱས་ཏེ་ཉིན་བདུན་གྱི་རྗེས་སུ་བྱང་ཤར་ཐང་ཆེན་ཡངས་པ།ཕ་སྐྱ་ལོའི་ཕྱུག་གི་ར་བ། རྩེ་གཞུང་གཡང་གི་ཕྱུག་མོ་རུ། བློན་ཚ་ཞང་འདན་མ་བྱང་ཁྲ་དེས་མདའ་རྩལ་ཡོ་ལང་བཙས་སྟོན་གྱི་ཐུགས་བཀོད་འཇོག་དགོས་པའི་གྲོས་ཐག་བཅད། དེ་ནས་ཉིན་བདུན་གྱི་རྗེས་སུ་གླིང་དཀར་པོ་ལྷ་སྡེ་དཔའ་ཐུལ་དྭངས་སྨན་དང་བཅས་པ་རྩེ་གཞུང་གཡང་གི་ར་བར་འདུས་ནས།དཔའ་ཚ་ཞིང་འདན་མ་བྱང་ཁྲ་དེས། མདའ་རྩལ་དྲུག་གི་འཕྲུལ་འཁོར་བསྐོར་ཚུལ་གྱི་གླུ་འདི་བླངས་སོ། །

གླུ་ཨ་ལ༴ ཐ་ལ་ལ་མོ༴

གླིང་དཀར་པོ་ལྷ་སྡེ་ཁྲ་མོ་ལ། །

མདའ་རྩལ་དྲུག་འཕྲུལ་འཁོར་བཤད་ཀྱིས་ཉོན།།

ང་འདྲ་ང་ངོ་མ་ཤེས་ན། །

སྐྱེ་བ་འདི་ཡི་གོང་རོལ་དུ། །

རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རུ། །

གྲུབ་ཆེན་ས་ར་ཧ་བ་ཡིས། །

ལུས་ངན་པའི་སྐྱེ་རྒྱུན་གཅོད་པ་ལ། །

མདའ་རྩལ་དྲུག་ལས་ལ་གྲུབ་པ་ཐོབ། །

དུས་དེང་སང་གླིང་དཀར་ལྷ་སྡེ་རུ། །

རྗེ་གོང་མ་རྒྱལ་རབས་བཅོ་བརྒྱད་ལ། །

ང་འདན་མ་བློན་རབས་བཅོ་བརྒྱད་ཡིན། །

ངའི་སྐྱེ་བ་ཚེ་རབས་ཕྲེང་བ་རུ། །

མདའ་རྩལ་དྲུག་ལས་ལ་སྦྱང་སྦྱང་ནས། །

མདའ་གནད་འཕྲུལ་འཁོར་ང་ཡི་ཤེས། །

ས་འདི་འདྲ་ས་ངོ་མ་ཤེས་ན། །

ཕ་སྐྱ་ལོ་ཕ་ས་ཕ་ཡུལ་དུ། །

རི་ལུང་བ་ཕུ་གཅིག་མདོ་དྲུག་ཅན། །

ས་སྐྱ་རེངས་གད་པའི་རྔམས་ཁ་རུ། །

འབའ་ལུག་ཆུང་དུང་མཚོ་དཀར་མོ་འཁྱིལ། །

གནས་དེ་ཡི་གཡས་ཟུར་རྩེ་སྟོད་དུ། །

ཕ་སྐྱ་ལོའི་རྟ་ར་གོང་མ་རུ། །

གླིང་ལྷ་སྡེ་ལྟད་མོ་སྒང་ལ་འཚོགས། །

ངའི་རྩེ་སྨད་ཡི་གེ་ཨོཾ་ཆེན་ནས། །

མདའ་རྩལ་དྲུག་འཕྲུལ་འཁོར་སྐོར་རྒྱུ་ཡིན།།

ཐང་ཆེན་པོ་ཤར་སྒོ་ཕྱེས་པ་དགོས། །

གནམ་ཨ་སྔོན་མཐོང་རྒྱ་ཆེ་ས་དགོས། །

རི་མཐོན་པོ་རྒྱབ་ན་མདའ་འགོག་དགོས། །

དོན་དེ་ཕྱིར་གནས་མཆོག་འདི་རུ་བྱོན། །

གཞུ་འཁྱོག་གུར་སྟེང་ལ་མདའ་གསུམ་འཇོག །

རྩལ་འགྲན་ཐེངས་གཅིག་གིས་འཕང་བའི་ཚེ། །

དགུང་ཨ་སྔོན་དཀྱིལ་གྱི་སྤྲིན་དཀར་དང༌།།

མདུན་དོག་མོ་ས་ཡི་རྡོ་ཕོང་གཉིས། །

བར་བྱང་ཤར་རི་རྒྱལ་མཐོན་པོ་གསུམ། །

དུས་གཅིག་ལ་གཏོར་བ་མ་བྱས་ན། །

མདའ་སྐྱེན་པོ་ཐོག་པ་དོན་མེད་ཡིན། །

དུས་དེ་རང་འབུམ་པའི་བཙས་སྟོན་ཡིན། །

དོན་རྗེས་མར་དགྲ་ལྷ་རྩེ་རྒྱལ་གྱིས། །

བྱང་ཤར་བདུད་བཙིན་རྫོང་ཕབས་པའི་བརྡ། །

དོན་ཡང་གསང་དུག་གསུམ་སྐུ་གསུམ་བརྡ། །

ཡང་དེ་རིང་རྟེན་འབྲེལ་བསྒྲིག་པ་ཡིན། །

གླུ་གོ་ན༴ མ་གོ༴ གླུ་མཇུག་རྫོགས་པ་དང་མཉམ་དུ་མཐེབ་མཛུབ་བར་གྱི་མདའ་གསུམ་རྩལ་སྟོབས་ཀྱིས་འཕང་ཚེ། འབྲུག་སྟོང་དུས་གཅིག་ཏུ་གྲགས་པ་ལྟ་བའི་སྒྲ་ཞིག་གྲགས་ནས་ལྷ་བདུད་མི་གསུམ་གྱི་འབེན་དག་ལ་ཕོག་དེ་དུས་གཅིག་ལ་གཏོར་བར་བྱས།བྱང་ཤར་མཆོང་རྫོང་སྨུག་པོའི་བདུད་ཡུལ་དུ་ས་གཡོའི་འཇིགས་པ་ཐེངས་གསུམ་བྱུང༌། མདའ་གསུམ་དུས་གཅིག་ཏུ་གཏོང་བའི་འཕྲུལ་འཁོར་ལ་ཀུན་ཀྱང་ངོ་མཚར་སྐྱེས་ཏེ་ཀི་བསྭོ་ལྷ་རྒྱལ་གྱི་རྒྱལ་རྔ་བརྡུང༌།དེ་ནས་གླིང་པ་དག་རང་རང་གང་འདོད་ཀྱི་དགྱེས་སྟོན་ལ་རོལ།མདུན་གྱི་རྡོ་ཕུང་དེ་བག་ཧྭའི་རྡོ་ཕུང་གོང་འོག་ཏུ་བཅད་པ་དང་བྱང་ཤར་རི་རྒྱལ་ལྷུན་པོ་ནི་བྱ་དར་དགོ་རྩེ་ཡིན་པར་ངག་རྒྱུན་ལ་གྲགས་སོ།།དེ་ནས་སྲས་ཆུང་སྐྱེད་བསྲིང་ནས་དགུང་ལོ་དྲུག་ལ་སོན་ཤར་རྨ་རྒྱལ་གངས་འདབས་སུ་སྤྲོ་སངས་སྐུ་རྩེད་དུ་ཆས་སྐབས། མདུན་གྱི་ནམ་མཁར་ལྷོ་སྤྲིན་ཞོ་གསར་སྤུང་བ་ལྟ་བུའི་ནང༌།འཇའ་འོད་གུར་ཁྱིམ་འཁྲིགས་པའི་ཀློང༌། བླ་མ་པདྨ་འབྱུང་གནས་འཁོར་མཁའ་འགྲོ་མ་ཚོགས་འབུམ་གྱིས་བསྐོར་ཏེ།ཁྲ་ལྷམ་མེར་ཞལ་གཟིགས་ནས་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་ལ་ལུང་བསྟན་གྱི་འགུར་གླུ་འདི་གསུངས་སོ། །

སྒྲུང་ཨ་ལ་ཀ་དག་སྟོང་པའི་གླུ། །

མ་ཐ་ལ་ལྔ་ལྡན་འོད་ཁྱིམ་གླུ། །

ཨོཾ་ཨ་ཐ་གསལ་སྟོང་ཟུང་འཇུག་ལས། །

སྒྲུང་གླུ་མཛོད་གཏེར་གྱི་སྒོ་ཕྱེས་ཏེ།།

དབྱིངས་ཡེ་དག་འོད་གསལ་ཀློང་ཡངས་ནས། །

འཇའ་འོད་ཟེར་སྤྲིན་གྱི་གུར་ཁྱིམ་དུ། །

ང་བླ་མ་པདྨ་འབྱུང་གནས་ཡིན། །

འཁོར་མ་ཚོགས་མཁའ་འགྲོ་འབུམ་དང་བཅས། །

གནས་དཔའ་རི་ངྷུ་མ་ཐ་ལ་ནས། །

དབྱིངས་འོད་ཟེར་རྟ་ལ་ཆིབས་ཏེ་འོང༌། །

བུ་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་ལགས། །

སྤྱན་ཁྲ་ཆུང་དག་པའི་མཁའ་ལ་གཟིགས། །

ཕ་བླ་མར་མོས་གོས་དབང་ཞུ་མཛོད། །

དབང་མུ་འགྱུར་ཚེ་ཡི་བརྒྱ་རྩ་དང༌། །

དཔའ་དགྲ་ལྷའི་ཆོས་སྐྱོང་རྒྱ་མཚོའི་དབང༌།།

རྗེ་བླ་མའི་ཐུགས་སྒྲུབ་ཡང་ཏིག་དབང༌། །

མ་མཁའ་འགྲོ་རྟེན་འབྲེལ་བརྡ་ཡི་དབང༌། །

བུ་ང་སྤྲུལ་ང་དང་གཉིས་སུ་མེད། །

དབང་དངོས་གྲུབ་ཆོས་གཏེར་རྒྱ་མཚོ་བསྐུར།།

ཁྱེད་སྟོང་ཉིད་འོད་གསལ་རྡོ་རྗེ་གླུ། །

མོས་གུས་ཀྱི་ཟླ་གཞོན་ཤར་བ་བཞིན། །

བྱིན་རླབས་ཀྱི་དབང་དང་དངོས་གྲུབ་ཞུས། །

ཁྱེད་གླིང་དཀར་བསྟན་པ་འཛིན་པའི་ཚེ། །

བདུད་སྲིན་གྱི་བར་ཆད་རྒོལ་འཇུག་ཕྱིར། །

རྗེ་ཨོ་རྒྱན་ང་ཡི་ཞལ་གཟིགས་ནས། །

བུ་ཁྱོད་ལ་བྱིན་རླབས་སྲུང་རྒྱས་བཏབ། །

ཤར་གླིང་དཀར་བསྟན་པའི་ལྷ་རི་ཟིན། །

རྗེ་གེ་སར་དཔོན་གྱི་ཞབས་ཞུ་འགྲུབ། །

གླིང་འདན་མ་བློན་དང་མཉམ་འགྲོག་ན། །

ཆོས་བསྟན་པས་གླིང་བཞིར་གྲགས་པ་འཕེལ། །

ད་རིག་སྟོང་ཆོས་སྐུའི་མཁའ་ཀློང་ནས། །

མགོན་པདྨ་ང་དང་ཐུགས་ཡིད་བསྲེས། །

དབྱིངས་རིག་པ་དབྱེར་མེད་བརྡ་སྒོ་ངང༌། །

རྗེ་གེ་སར་དགྲ་ལྷའི་རྒྱལ་བོ་ལ། །

འཕྲིན་བཅོལ་གྱི་ཟབ་གནད་བ་སྲིང་བྱས་ན། །

སྔོན་ལས་ཀྱི་གཏད་རྒྱ་ངང་གིས་སད། །

སང་ལོ་ཕོ་ལོ་བདུན་གྱི་སྟེང༌། །

གླིང་དཀར་ཡུལ་དུ་བཞུགས་གྱུར་ན། །

སྐུ་ཚེ་ལ་བར་ཆད་འབྱུང་དོགས་ཡོད། །

དོན་དེ་ཕྱིར་རྒྱ་གར་ཡུལ་དུ་སོང༌། །

སྟེང་གོང་མལྷ་ཡི་ཕོ་བྲང་ནས། །

བློན་འདན་མ་ཁྱེད་གཉིས་མཉམ་དུ་འཁྲུངས། །

ལས་སྨོན་ལམ་གདུལ་བྱའི་པད་ཚལ་སྐྱོངས། །

བརྡ་ལུང་བསྟན་པདྨ་ང་ཡི་བྱེད། །

དུས་རྟག་ཏུ་སིངྔྷིའི་གསོལ་འདེབས་ཀྱིས།།

ཡེ་ཙིཏྟའི་གུར་ཁང་ཀློང་དུ་ཐིམ། །

བུ་སྲས་ཆུང་དགྲ་ལྷའི་ཐུགས་ལ་ཞོག །

ཅེས་གསུངས་ནས་བརྡ་དབང་བསྐུར་ཚེ། སྲས་ཆུང་དགྲ་ལྷ་རྩེ་རྒྱལ་གྱི་མིག་མཆི་མ་འཁྲིགས། ལུས་བ་སྤུ་གཡོས། ཕྱག་ཐལ་མོ་སྦྱར།ངག་གསོལ་འདེབས་བྱས། སེམས་རིག་སྟོང་འོད་གསལ་དོན་གྱི་གཤིས་སུ་ངོ་སྤྲད་དོ།།དེ་ནས་ལུས་གུར་དུ་ཕྱིར་ཕེབས་ནས་ཕ་རྒྱ་ཚ་ཞལ་དཀར་ལ་ཞུ་བ་འདི་ལྟར་

ཕུལ།

གླུ་ཨ་ལ། །ཐ་ལ་ལ་མོ། །

སྐྱབས་ཀུན་འདུས་པདྨ་འབྱུང་གནས་མཁྱེན། །

དུས་རྟག་ཏུ་བུ་ལ་ཐུགས་རྗེ་གཟིགས། །

ཕ་འབུམ་པའི་རྒྱལ་ཚ་ཞལ་དཀར་ལགས། །

ང་ད་ནངས་ཉི་མའི་སྔ་དྲོ་ལ། །

ལྷ་རྨ་རྒྱལ་སྤོམ་རའི་གནས་སུ་སོང༌། །

སྟེང་འཇའ་གུར་འཁྲིགས་པའི་འོད་ཀློང་ནས།།

ལྷ་ཨོ་རྒྱན་པདྨ་འབྱུང་གནས་མཇལ། །

བུ་ང་ལ་རིག་སྟོང་དོན་དབང་བསྐུར། །

རྗེ་ཁོང་དང་ཐུགས་ཡུལ་གཅིག་ཏུ་བསྲེས། །

ད་དུང་མ་འོངས་ལུང་བསྟན་གསུངས། །

གླིང་དཀར་ཡུལ་དུ་བཞུགས་གྱུར་ན། །

སྐུ་ལ་བར་ཆད་འབྱུང་བར་གསུངས། །

ད་མི་འགྱང་སྒྱུ་རྩལ་སྦྱང་བ་རུ། །

སྟོད་རྒྱ་གར་འཕགས་པའི་ཡུལ་ལ་འགྲོ། །

ད་མི་རིང་ཤར་བདུད་མཆོང་རྫོང་གིས། །

གླིང་ལྷ་སྡེ་ཚོགས་ལ་འཚེ་ཉེན་ཡོད། །

བདུད་དེ་ཡི་འདུལ་སྐལ་ང་ལ་བབས། །

དུས་དེ་ན་རྩལ་དྲུག་འཛོམ་པ་ཞིག །

ཡང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང༌། །

དོན་ཡང་སྙིང་དམག་རྩལ་སྦྱང་དུ་འགྲོ །

ཕ་ཁུ་དབོན་དག་ལ་བཀའ་གནང་སྩོལ། །

གླུ་གསན་ན་བདུད་རྩིའི་དཔལ་དུ་ཤོག །

མ་གསན་གླུ་ལ་ཡང་འགྲེལ་ཞུ། །

ཞེས་ཞུ་བ་ཕུལ་དུས། ཕ་རྒྱ་ཚའི་ཞལ་ནས། འོ་བུ་མཆོག་གཅིག་པུ་ཁྱེད་ཀྱིས་དྲན་ཚུལ་བཟང་ཡང༌། སྒྱུ་རྩལ་སྦྱང་དུ་གཞན་ཡུལ་ལ་འགྲོ་དགོས་མི་འདུག མདའ་སྐྱེན་པོ་བུ་ལ་རང་བྱན་ཚུད་པ་འདན་མ་ལས་སུ།གྲི་རྣོན་པོ་རལ་གྲིའི་འཕྲུལ་འཁོར་ལ་ང་ལས་སུ། དམག་རུ་འདྲེན་སྟོང་གི་ཁ་ལོ་བསྒྱུར་མི་ལ་ནུ་བོ་གེ་སར་ལས་སུ། འོན་ཀྱང་ལྷ་བུ་ཁྱེད་ཀྱི་འདུན་ལམ་མཁའ་འགྲོའི་ལུང་དང་གླིང་དཀར་ཕུ་ནུའི་གྲོས་ཐག་གཅོད་པ་ལས་ང་གཅིག་པུས་ཐག་གཅོད་བྱས་ན་མི་འགྲིག་བཀའ་བློན་དག་གིས་སང་ཉིན་ཉི་མ་རྩེ་ཤར་ལ་འདུ་ར་སྟག་ཐང་ཁྲ་མོ་རུ་འཚོགས་བརྡ་གྱིས་ཤིག་ཅེས་བཀའ་ཕབ་བོ། །སང་ཉིན་འདུ་ར་སྟག་ཐང་ཁྲ་མོ་རུ་གླིང་དཀར་ལྷ་སྡེ་དཔའ་ཐུལ་ཕུ་ནུ་ཚང་མ་འདུས་པའི་ཚོགས་དབུས་སུ། ཕ་རྒྱ་ཚ་དང་སྲས་དགྲ་ལྷ་རྩེ་རྒྱལ་གཉིས་ཀྱི་ཕྱག་ཏུ་དར་དཀར་པོ་ཉིན་མོ་བདེ་ལེགས་བཟུང་སྟེ། གླིང་རྗེ་འབངས་ཡོངས་ལ་ཞུ་བསྐུལ་གྱི་གླུ་འདི་ཕ་རྒྱ་ཚའི་དཀར་མོ་དྲུག་འགྱུར་ལ་དྲངས་ནས་བླངས་སོ།།

གླུ་ཨ་ལ༴ ཐ་ལ་ལ་མོ༴

རི་བོ་དྲི་འཛིན་ཕོ་བྲང་ནས། །

སྤྱན་གཟིགས་ཕྱག་ན་པདྨོ་མཁྱེན། །

དེ་རིང་རྒྱ་ཚའི་གླུ་སྣ་དྲོངས། །

ས་འདི་འདྲ༴

འདུ་ར་སྟག་ཐང་ཁྲ་མོ་ནས། །

གླིང་དཀར་ལྷ་སྡེ་རྗེ་འབང་གི །

དཔའ་བོས་གྲོས་ཐག་གཅོད་ས་རེད། །

ང་འདྲ་རྒྱ་ཚ་ཞལ་དཀར་ལ། །

བུ་གཅིག་དགྲ་ལྷ་རྩེ་རྒྱལ་འཁྲུངས། །

གླིང་དཀར་ཕུ་ནུ་ཕ་ཚན་གྱིས། །

གཅེས་པར་བསྐྱངས་ནས་ད་ལ་ཐུག །

ད་ལོ་ཕོ་ལོ་དྲུག་གི་སྟེང༌། །

ལྷ་ཨོ་རྒྱན་པདྨའི་ལུང་བསྟན་ལྟར། །

སྐུ་གེགས་བར་ཆད་བཤོལ་སླད་དུ། །

ང་ལ་ཞུ་བ་འདི་ལྟར་བཀོད། །

རྒྱ་གར་འཕགས་པའི་གནས་མཆོག་ཏུ། །

སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང༌། །

ཁྱད་པར་དམག་རྩལ་སྦྱང་དུ་འགྲོ །

ཤར་བདུད་མཆོང་རྫོང་ཕབས་ཉིན་ལ། །

གླིང་དཀར་རེ་བ་གང་ལེ་བྱ། །

གླིང་རྗེ་ཞབས་ཞུ་ཡོང་ལེ་བྱ། །

འདན་མའི་ཐུགས་བཞེད་འགྲུབ་ལེ་བྱ། །

ཞུ་བྱའི་སྙིང་པོ་དེ་འདྲ་གདའ། །

གླིང་རྗེ་གེ་སར་རྒྱལ་པོ་དང༌། །

སྤྱི་དཔོན་རོང་ཚ་ཁྲ་རྒན་གཉིས། །

བློན་ཆེན་ཚ་ཞང་འདན་མ་གསུམ། །

ཐུགས་བཀོད་ལུང་བསྟན་ཨེ་ཡོད་ལགས། །

གླིང་དཀར་ཕུ་ནུ་དཔའ་ཐུལ་རྣམས། །

ཐུགས་འདུན་དེ་ལྟར་ཨེ་ཡིན་ལགས། །

གོ་ན་རྣ་བའི༴མ་གོ་གླུ་ལ༴

གླིང་དཀར་ཐུགས་ལ་དེ་ལྟར་ཞོག །

ཅེས་བླངས་དུས། གླིང་རྗེ་གེ་སར་མཆོག་གི་གསེར་ཁྲི་ཁམས་གསུམ་ཟིད་གནོན་ཀྱི་སྟེང་དུ་དར་དཀར་པོ་སྲིད་དུ་རིང་པ་ཞིག་བླངས་ནས་གླུ་འདི་ལྟར་བླངས་སོ། །

སྒྲུང་ཨ་ལ་ལ་མོ༴ མ་ཐ་ལ་ལ་མོ༴

གནས་མི་འགྱུར་དཔལ་རི་མཁའ་འགྲོའི་གླིང༌།།

སྐྱབས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །

ཡིད་མོས་གུས་གདུང་བས་གསོལ་བཏབ་ན། །

ཐུགས་གློག་ལྟར་མྱུར་བའི་ངང་ནས་གཟིགས། །

ཕོ་ང་དང་༴

གླིང་མི་འགྱུར་ལྷ་ཡི་དཀྱིལ་འཁོར་ནས། །

གླིང་ལྷ་ཕྲུག་དམ་པ་ཏོག་དཀར་འཁྲུངས། །

ལྷ་ཨོ་རྒྱན་པདྨའི་མཚན་གསོལ་བ། །

རྗེ་གེ་སར་ནོར་བུ་དགྲ་འདུལ་བཏགས། །

ངའི་ཕུ་བོ་རྒྱལ་ཚའི་མིང་བཏགས་ལ། །

ངའི་མིང་ལ་ཇོ་རུ་རྒྱལ་བོ་ཟེར། །

ས་འདི་ས་ངོ་༴

ས་རྨ་སྨད་གཡུ་ལུང་སུམ་མདོ་ནས། །

མཁར་མི་འགྱུར་སེང་འབྲུག་སྟག་རྫོང་རེད།།

དུས་དེ་ནས་ཚ་བོ་དགྲ་ལྷ་བུ། །

སྙན་དར་ལུང་གེ་སར་གླུ་ལ་གསོན། །

ང་གེ་སར་དམག་གི་རྒྱལ་བོ་ཟེར། །

ཕྱོགས་དགྲ་བཞི་འདུལ་བའི་དཔའ་བོ་རེད། །

རྫོང་བཅོ་བརྒྱད་ཕབས་པའི་ནོར་བདག་རེད། །

འདུག་མི་ཁོམ་ལྷ་ཡི་ལུང་བསྟན་འོངས། །

བདུད་ཀླུ་བཙུན་འདུལ་ལ་ཐག་མི་རིང༌། །

ལས་བསོད་ནམས་དམག་གི་ཁ་ལོ་བསྒྱུར། །

ཁྱོད་འབུམ་པའི་ལྷ་སྲས་དགྲ་ལྷ་ལ། །

ལྷ་གོང་སྨན་རྒྱལ་མོའི་ཚེ་དར་དང༌། །

མ་སྲིད་པའི་རྒྱལ་མོའི་ཚེ་ཆང་སོགས། །

གཉན་སྐུ་ལྷ་གེར་མཛོའི་ལས་དར་དང༌། །

རྗེ་གེ་སར་ང་ཡི་སྲུང་མདུད་འདི། །

བུ་དགྲ་ལྷའི་ལུས་དང་འབྲལ་མེད་མཛོད། །

དུས་ད་ལོ་རྒྱ་གར་འཕགས་ཡུལ་དུ། །

ཆོས་འཇིག་རྟེན་གཉིས་ཀ་སྦྱང་དུ་སོང༌། །

གསེར་དུང་ཙེ་འབུམ་གྱི་རྫོང་བ་དང༌། །

བློན་གཞོན་ནུ་བརྒྱ་ཡི་སྐྱེལ་མ་ཡོད། །

ཡང་སང་ལོ་ཕྱིར་ལ་ཕེབས་རྒྱུ་དང༌། །

ཕ་རྒྱ་ཚ་དཔོན་གྱི་དཔུང་གྲོགས་དང༌། །

གླིང་ལྷ་དམག་དཀར་པོའི་རུ་འདྲེན་མཛོད། །

དོན་ཡང་དག་ལྷ་སྲས་ཐུགས་ལ་ཞོག །

གླུ་གོ་ན་རྣ་བའི༴ མ་གོ་གླུ་ལ༴

སྲས་དགྲ་ལྷའི་ཐུགས་ལ་དེ་ལྟར་ཞོག །

ཅེས་གསུངས་ནས་སེང་ཆེན་ཡིད་བཞིན་དབང་གི་རྒྱལ་བོས།རྟེན་ཁྱད་པར་ཅན་ལྷ་སྲས་ལ་གནང་ནས་བཀའ་གནང་བསྩལ་བ་ན།གཡས་གྲལ་གྲལ་གྱི་གྲལ་འགོ་གསེར་རི་མོ་ཅན་གྱི་ཁྲི་འཕང་མཐོན་པོ་ནས་སྤྱི་དཔོན་རོང་ཚ་ཁྲ་རྒན་དེ་དབུ་ལྕང་ལོའི་འོད་དཀར་ལྡེམ་མེ།གོས་ལྭ་རིང་ཕུ་རུང་ཤ་རེ། སྨྲ་ར་དཀར་པོ་དེ་གཡས་བྱུགས་དང་གཡོན་བྱུགས་བྱེད་བཞིན་དལ་བ་རིང་མོ་ལ་དྲངས་ནས་གླུ་འདི་ལྟར་བླངས་སོ། །

གླུ་ཨ་ལ་ལ་མོ༴ ཐ་ལ་ལ་མོ༴

ལྷ་ཆེན་ཚངས་པ་དཀར་པོ་མཁྱེན། །

གཞོན་ཆུང་བློ་སྣ་ཆོས་ལ་སྒྱུར། །

ཆོས་སྲིད་དར་ཀྱི་མདུད་པ་དེ། །

གྲིམ་ལྷོད་རན་པའི་སྒོ་ནས་ཟུངས། །

ཐབས་ཤེས་གཉིས་ཀྱི་སྐྱོང་མཁས་དགོས། །

ས་འདི་ས་ངོ་༴

རྨ་ཆུ་སྔོན་མོ་འགྱིང་ཁུགས་ནས། །

གླིང་དཀར་སྟོད་ཀྱི་ས་ཆ་རེད། །

ང་འདྲ་ང་ངོ་༴

ང་མི་རབས་གསུམ་གྱི་མི་རྒན་ཡིན། །

ལྷ་རབས་གསུམ་གྱི་ལྷ་རྒན་ཡིན། །

སྲིད་པ་ཆགས་པའི་གངས་རྒན་ལ། །

སྤྱི་དཔོན་རོང་ཚ་ཁྲ་རྒན་ཡིན། །

ཆེ་རྒན་ཁ་གཡང་བརྗོད་ཀྱིས་གསོན། །

ཆོད་གསུམ་གངས་དཀར་བརྗིད་ཆགས་རྩེར། །

དུང་སེང་རྒྱ་ཚ་ཞལ་དཀར་ལ། །

སྲས་ཆུང་དགྲ་ལྷའི་གཡུ་རལ་རྒྱས། །

གངས་ལྗོངས་བསྟན་པ་དར་བའི་རྟགས། །

ཕ་བུ་སྟག་སེང་ཁ་སྤྲོད་འདི། །

ཡུན་རིང་བཞུགས་ལ་སྐྱབས་འཇུག་དང༌། །

སྤྱི་མཐུན་བསོད་ནམས་གསེར་གཞོང་ལ། །

རིམ་གྲོ་ཆོས་ཀྱི་སྐྱོར་ཡ་དགོས། །

ཨ་ཁུའི་མ་ཡིག་ལུང་བསྟན་དུ། །

ཤར་དགྲ་ཐོན་ལ་ཐག་མི་རིང༌། །

དེ་ཕྱིར་རྒྱ་གར་འཕགས་ཡུལ་དུ། །

སྲས་ཆུང་ཡུན་རིང་བཞུགས་མི་རུང༌། །

རྒྱ་གར་ཆོས་ཀྱི་རྒྱལ་ཁབ་ཏུ། །

ཆོས་སྲིད་གཉིས་ཀ་དར་ཞིང་རྒྱས། །

ཡོད་ཚད་སློབ་ལ་མཐའ་མེད་ཡིན། །

པཎ་གྲུབ་མཁས་པ་གྲངས་མེད་དེ། །

ཡོད་ཚད་བརྟེན་ལ་འགྲུབ་མེད་ཡིན། །

ཆོས་མང་ཐོབ་དང་མ་ཐོབ་མེད། །

གནད་མན་ཉམས་སུ་བླངས་ན་བཟང༌། །

སྲིད་མང་ཤེས་དང་མ་ཤེས་མེད། །

དོན་ལག་བསྟར་ཐོབ་པ་གཅིག་གི་དགའ། །

གསེར་སེར་པོ་ག་འུ་ཆ་འགྲིག་འདི། །

ངའི་དེ་རིང་བུ་ཆུང་ཁྱོད་ལ་འབུལ། །

ཕ་རྒྱ་ཚ་ཁྱེད་གཉིས་ལྷན་འཛོམ་ཤོག །

དར་དཀར་པོ་སྲིད་དུ་རིང་བ་འདིས། །

སྲས་ཁྱོད་ཀྱི་ཆོས་སྲིད་རིང་རིང་བར་ཤོག།

གླུ་གོ་ན༴མ་གོ་གླུ་ལ༴

ཞེས་གསུངས་ནས་བུ་ཆུང་རྫོང་བ་བྱས།

གཡོན་གྲལ་གྲལ་གྱི་གྲལ་འགོ་ནས།

སྟག་རི་མོ་ཅན་གྱི་གདན་སྟེང་ནས།

ཚ་ཞིང་འདན་མ་བྱང་ཁྲ་དེས་གླུ་འདི་ལྟར་བླངས་སོ།།

གླུ་ཨ་ལ་ལ༴ཐ་ལ་ལ་མོ༴

རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ལས། །

གྲུབ་ཆེན་ས་ར་ཧ་བ་མཁྱེན། །

དེ་རིང་འདན་མའི་གླུ་སྣ་དྲོངས། །

ས་འདི་འདྲ༴

གླིང་དཀར་ཁྲ་མོའི་སྤྱི་སྒར་དུ། །

འདུ་ར་སྟག་ཐང་ཁྲ་མོ་རེད། །

ང་འདྲ་ང་ངོ་༴

བློན་ཆེན་འདན་མ་བསམ་འགྲུབ་ཡིན། །

དཔའ་ཡང་དག་རྒྱ་ཚའི་གདུང་རྒྱུད་ལ། །

བློ་རྒྱ་ཅན་གྱི་བུ་གཅིག་འཁྲུངས། །

མིང་དོན་ལྡན་དགྲ་ལྷ་རྩེ་རྒྱལ་བུ། །

གཞོན་དར་བབས་དུས་སུ་སྦྱང་བ་དགོས། །

སྲིད་ཤེས་བྱ་སྒྱུ་རྩལ་དྲུག་ཅུ་དང༌། །

དགྲ་ཕར་འདུལ་དམག་གི་ཆེད་སྦྱང་དགོས། །

མདའ་སྐྱེན་པོ་རྩལ་སྦྱོང་ཕ་བཟང་བུ། །

ངའི་གཟིག་དོང་ནང་གི་ལྷ་མདའ་འདི། །

སྟོད་ལྷ་ཆེན་ཚངས་པའི་གནང་ལེ་ཡིན། །

བུ་དགྲ་ལྷ་བསྲུང་བའི་རྟེན་དུ་འབུལ། །

མདའ་འདི་དང་ཁྱེད་གཉིས་འབྲལ་མེད་དགོས། །

སྲས་ཁྱོད་ཀྱི་བསམ་དོན་འགྲུབ་པར་ཤོག །

གླུ་གོ་ན༴མ་གོ་གླུ་ལ༴

ཞེས་གསུངས་ནས་བུ་རྫོང་བ་བྱས། གཡས་གྲལ་གྲལ་གྱི་གྲལ་དཀྱིལ་ནས་གཟིག་རི་མོ་ཅན་གྱི་གདན་སྟེང་ནས། དགའ་བདེ་ཆོས་སྐྱོང་བེར་ནག་དེས་གླུ་འདི་ལྟར་བླངས་སོ། །

གླུ་ཨ་ལ་ལ་མོ༴ ཐ་ལ་ལ་མོ༴

དམར་ནག་མེ་དཔུང་འབར་ཀློང་ནས། །

བསྟན་སྲུང་གུར་གྱི་མགོན་པོ་མཆོད། །

དེ་རིང་སྲས་ཆུང་དགྲ་ལྷ་ཡི། །

ཆོས་སྲིད་རྒྱས་པའི་རྟེན་དུ་འབུལ། །

འདི་དང་རྟག་ཏུ་འབྲལ་མེད་ཀྱིས། །

ལྷ་ཉིན་ཆོས་སྐྱོང་རྒྱུ་བའི་དུས། །

སྟེང་ནས་མེ་ཆར་ཚ་ཚ་འཕྲོ། །

དགྲ་ཅག་བར་ཆད་འབྱུང་བས་དུས། །

རང་སྒྲ་རང་འགུལ་བྱེད་པ་ཡོད། །

བཏབ་ན་ཐལ་བར་མི་བརླག་མེད། །

མི་རིང་གླིང་དཀར་གསེར་ཁྲི་ལ། །

བཞུགས་ནས་ཆོས་སྲིད་འཛིན་པ་དང༌། །

ཤར་བདུད་ཆམ་ལ་ཕབ་པར་ཤོག །

གླུ་གོ་ན༴མ་གོ་གླུ་ལ༴

ཞེས་གསུངས་ནས་སྲས་ཆུང་ལ་རྫོང་བ་བྱས་དུས།གདོང་འབུམ་པའི་དགྲ་ལྷ་རྩེ་རྒྱལ་མཆོག་གིས་གླུ་འདི་ལྟར་བླངས་སོ།།

སྒྲུང་ཨ་ལ༴མ་ཐ་ལ་ལ་མོ

སྟོང་མི་འགྱུར་ནམ་མཁའི་ཀློང་རིམ་ནས། །

སྟེང་ལྷ་ཆེན་ཚངས་པ་དཀར་པོ་ལ། །

འཁོར་ལྷ་དམག་བྱེ་བ་འབུམ་དང་བཅས། །

བུ་དགྲ་ལྷ་ང་ལ་ཁ་འཛིན་མཛོད། །

གནས་ཤར་ཕྱོགས་གངས་རི་དཀར་པོ་ལ། །

ལྷ་རྨ་རྒྱལ་སྤོམ་ར་དྲག་རྩལ་ཅན། །

འཁོར་ལས་བྱེད་ཡུལ་ལྔ་གློག་ལྟར་འཁྱུག །

བུ་དགྲ་ལྷར་ཁ་འཛིན་མ་གཡེལ་ཅིག །

མ་ཚེ་འཛིན་གྲུབ་པའི་རྒྱལ་མོ་ལ། །

གསོལ་འདེབས་བྱིན་རླབས་དངོས་གྲུབ་སྩོལ།།

ཕོ་ང་དང་ང་ངོ་མ་ཤེས་ན། །

གདོང་མི་ཆེན་རྒྱ་ཚ་ཞ་ལུའི་སྲས། །

དཔའ་མི་འགྱུར་དགྲ་ལྷ་རྩེ་རྒྱལ་ཟེར། །

དཔའ་རྩལ་དྲུག་འཛོམ་ལ་སྦྱང་བ་དགོས། །

ང་མི་འདུག་འཕགས་པའི་ཡུལ་ལ་འགྲོ། །

དོན་ཡང་དག་དམ་པ་ལྷ་མི་ཆོས་དང༌། །

དགོས་ཁྱད་པར་འཇིག་རྟེན་ཆོས་གཉིས། །

གནད་ཀུན་འདུས་སྒྱུ་རྩལ་དྲུག་ཅུ་དང༌། །

སྲིད་ཀུན་མཁོ་དམག་རྩལ་སྦྱང་ནས་ཡོང༌། །

རྗེ་ཁུ་བོ་ཞབས་ཞུ་འགྲུབ་པ་དང༌། །

གླིང་ཕུ་ནུས་རེ་བ་གང་ལེ་བྱ། །

ཕ་རྒྱ་ཚའི་བསམ་དོན་འགྲུབ་ལེ་བྱ། །

དུས་དེ་ནས་ཁུ་བོ་རིན་པོ་ཆེ། །

ཤར་གླིང་དཀར་ལྷ་ཡི་དཀྱིལ་འཁོར་ནས། །

གླིང་དཔའ་ཐུལ་ཕུ་ནུའི་འཁོར་ཚོགས་ལ། །

རྗེ་གེ་སར་གོང་མ་ལྷ་ནས་བཀོད། །

ལྷ་གོང་མའི་ལུང་བསྟན་ནམ་བྱུང་ལ། །

གླིང་ལྷ་དམག་དཔའ་བོ་བརྒྱད་ཅུའི་དཔུང༌།།

འཁོར་ལས་དམག་འབུམ་གྱི་རུ་འདྲེན་ཏེ། །

གདོང་འབུམ་པའི་ལྷ་སྲས་ང་ཡི་ཁྲིད། །

བདུད་ནག་ཕྱོགས་གདུག་པའི་སྡེ་ཚོགས་ཏེ། །

ཀུན་མ་ལུས་གཞོམ་པའི་མཐུ་འགྲུབ་ཤོག །

གླིང་ལྷ་རྒྱུད་དཔའ་བོའི་གདུང་རྒྱུད་ངས།།

དོན་ཡང་དག་འབྲས་བུ་ལག་ཏུ་ལེན། །

གླུ་གསན་ན་སྙན་གྱི་རྒྱན་དུ་མཆོད། །

མ་གསན་གླུ་ལ་འགྲེལ་བ་ཞུ། །

གླིང་དཔའ་ཐུལ་བརྒྱད་ཅུའི་ཐུགས་ལ་ཞོག །ཅེས་གསུངས་ནས་སྲས་ཆུང་དགྲ་ལྷ་རྒྱལ་མཆོག་ལ་གླིང་དཀར་ཕུ་ནུ་དཔའ་ཐུལ་དྭངས་སྨན་དང་བཅས་པས་གསེར་དངུལ་ཟངས་གསུམ་དར་ཟབ་

སྣ་ཚོགས་དང་བཅས་ལམ་ལ་ཕུལ་ཏེ་སྐྱེལ་མ་བྱས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1