༄༅།།རིག་གནས་སྐད་བརྡ་རིག་པའི་ཐད་ནས་མིང་བརྡ་དང་རིག་གནས་བར་གྱི་འབྲེལ་བ་ལ་དཔྱད་པ།

སུམ་བྷ་དོན་གྲུབ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 02-14



 སུམ་བྷ་དོན་གྲུབ་ཚེ་རིང་།
ཀྲུང་གོའི་བོད་རིག་པ།[ནང་དོན་གནད་བསྡུས།] རིག་གནས་དང་སྐད་བརྡའི་ལྟོས་གྲུབ་ཀྱི་འབྲེལ་བ་ནི་རིག་གནས་ཀྱིས་མིང་བརྡ་ལ་ཤན་ཞུགས་པའམ་མིང་བརྡས་ཀྱང་རིག་གནས་ཀྱི་སྣང་ཚུལ་ཇི་སྙེད་མངོན་པར་མཚོན་ནུས་པ་དང་། ཡང་ན་དེ་དག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་རྒྱུ་འབྲས་ཀྱི་ཚུལ་དུ་སྣང་བའམ། ཡང་ན་མཉམ་དུ་འཕེལ་འགྱུར་བྱུང་བ་ལས་མཚོན་པ་ཧ་ཅང་མངོན་གསལ་ཡིན་ལ། བྱེ་བྲག་ཏུ་རྩ་བའི་མིང་བརྡ་དང་། གཡར་མིང་། ས་མིང་། མིའི་རུས་མིང་། གཉེན་ཉེ་འབོད་མིང་བཅས་དང་རིག་གནས་ཀྱི་སྣང་ཚུལ་བར་གྱི་འབྲེལ་བ་ལས་མངོན་ཞིང་མཐོང་ཐུབ།
[གནད་ཚིག] མིང་བརྡ། རིག་གནས། འབྲེལ་བ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།]  1002-9060-2021-04-0045-17
         རིག་གནས་སྐད་བརྡ་རིག་པ་ནི་རིག་གནས་རིག་པའི་ཐད་ནས་སྐད་བརྡ་ལ་གསེད་འགྲེལ་བྱེད་པ་དང་། སྐད་བརྡ་རིག་པའི་རྟོག་ཐབས་ལ་བརྟེན་ནས་རིག་གནས་ཀྱི་སྣང་ཚུལ་ལ་གོ་གསེད་གནང་བའི་བསྡུས་གྲུབ་རིག་གཞུང་ཞིག་ཡིན་ལ། རིག་གཞུང་འདི་རང་རྒྱལ་དུ་དར་ནས་ད་ལམ་དུ་ལོ་ངོ་བདུན་ཅུ་ཙམ་ལས་འགོར་མེད་ན་ཡང་། ཞིབ་འཇུག་ལས་རིགས་ཀྱི་ཐོག་མའི་རྒྱུ་ཆ་འཚོལ་ཞིབ་ནས་མཐར་ཐུག་གི་ལྟ་བ་དང་། དངོས་སྤྱོད་ཀྱི་ལག་ལེན་ནས་གཞུང་ལུགས་ཀྱི་ལྟ་གྲུབ་བར་ནང་དོན་ཁྱད་དུ་འཕགས་པ་གང་མང་ཞིག་བཏོན་ཡོད་པར་མ་ཟད། ལྷག་པར་སྐད་བརྡ་རང་སྟེང་གི་ཞིབ་འཇུག་ཀྱང་སྔར་ལས་གཏིང་ཟབ་ཏུ་བསྒྱུར་ཡོད་པས་ན། འདིར་ཡང་གཞུང་ལུགས་གསར་པའི་རྩ་བའི་རིགས་ལམ་དང་བརྟག་ཐབས་སོགས་འཕྲལ་མར་རང་སྐད་དུ་ནང་འདྲེན་བྱེད་པའི་ཀུན་སློང་དང་བཅས་རིག་གནས་དང་མིང་བརྡ་དག་གི་འབྲེལ་བར་ཞིབ་དཔྱོད་ཅིག་བྱ་འདོད་དེ། ཕྱོགས་གཅིག་ནས་མི་རིགས་རང་གི་རིག་གནས་ཏེ་འཚོ་བའི་མྱོང་གོམས་དང་། བསམ་གཞིག་བྱེད་སྟངས། འདོད་འདུན་དྲན་འཕྲུལ། ཡུལ་གོམས་སྐད་སྲོལ་སོགས་མི་འདྲ་བ་ལས་མིང་བརྡའི་སྤེལ་སྟངས་སོགས་མི་འདྲ་བར་སྣང་ཚུལ་ཇི་ལྟར་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་རྩ་བའི་མིང་བརྡ་དང་། གཡར་མིང་། ས་མིང་། མིའི་རུས་མིང་དང་གཉེན་ཉེའི་འབོད་མིང་སོགས་ཆེད་སྤྱོད་ཀྱི་མིང་བརྡའི་སྤེལ་སྟངས་ཁྲོད་དུ་རིག་གནས་ཀྱི་ནང་དོན་ག་འདྲ་ཡིན་ཚུལ་ཇི་ལྟར་ཐོར་བཀོད་ཡོད་པར་ངེས་ཤེས་འདྲེན་པར་བྱ་དགོས་པ་ལ། 
དང་པོ། རིག་གནས་དང་རྩ་བའི་མིང་བརྡ།
         སྤྱིར་རྩ་བའི་མིང་བརྡ་ཞེས་པ་ནི་མི་རིགས་ཤིག་གི་མིང་བརྡའི་ཚོགས་པའི་ཁྲོད་དུ་ཆེས་གལ་ཆེ་ཞིང་སྙིང་པོར་གྱུར་པ་དང་། ནམ་རྒྱུན་མི་རྣམས་ཀྱི་འཚོ་གནས་སྤྱོད་སྟངས་ལ་ཐད་ཀར་འབྲེལ་བ་དམ་པོར་ཡོད་པའི་མིང་བརྡ་རྙིང་པ་རྣམས་ལ་བྱ། འདི་ལྟའི་རྩ་བའི་མིང་བརྡ་སོགས་ཀྱི་སྒྲུབ་ཚུལ་དང་། སྒྲ་དོན་གྱི་སྦྱོར་ལུགས། རྩ་བའི་ཐ་སྙད་ཀྱི་ཁྱབ་སྟངས་སོགས་མི་འདྲ་བ་ལས་རང་བྱུང་གི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་མི་འདྲ་བ་བདག་རྐྱེན་དུ་གྱུར་པའི་མི་རིགས་རང་གི་ཡུལ་སྲོལ་གོམས་འདྲིས་དང་། མཛེས་དཔྱོད་ཀྱི་འདུ་ཤེས། སེམས་ཁམས་ཀྱི་ཁྱད་ཆོས་སོགས་སྲོལ་རྒྱུན་རིག་གནས་ཀྱི་ཁོ་ལག་རྫོགས་པར་མཚོན་ཡོད་དེ། དཔེར་ན་བོད་སྐད་དུ་ས་ཆུ་མེ་རླུང་ཞེས་པ་ལ་རྒྱ་སྐད་དུ་“土、水、火、风” ཞེས་པ་དང་། རྒྱ་སྐད་དུ་“月亮”ཞེས་པ་ལ་བོད་སྐད་དུ་ཟླ་བ་དང་བསིལ་ཟེར་ཅན་སོགས་སུ་བརྗོད་པ་དང་།“xa ta”ཞེས་པ་རྒྱ་སྐད་དུ་ཁ་བཏགས་(哈达)དང་། ལྗར་པན་སྐད་དུ་དར་ཆ་(はた)ལ་གོ་བ་སོགས་ལས་རིག་གནས་མི་འདྲ་བའི་མི་རིགས་སོ་སོར་མིང་བརྡའི་སྒྲ་དོན་གྱི་སྦྱོར་ལུགས་མི་འདྲ་བ་རེ་ཡོད་པ་ཤེས་ནུས་པ་དང་། བོད་སྐད་ཀྱི་རྩ་བའི་ཐ་སྙད་དུ་ཤ་མར་ཐུད་ཞུན་དང་རྩམ་ཞོ་འོ་ཕྱུར་སོགས་རྒྱུགས་ཆེ་བ་རྣམས་རྒྱ་སྐད་དུ་དེ་འདྲ་སྤྱོད་རྒྱུ་མེད་པ་དང་། རྒྱ་སྐད་དུ་“菜、米、豆、蝉、鸡、鸭”སོགས་སྤྱོད་སྒོ་ཡངས་པ་རྣམས་བོད་སྐད་དུ་སྤྱོད་སྒོ་དོག་པ་དང་། བོད་སྐད་དུ་ཨ་ཅེ་ལྷ་མོ་དང་། དགྲ་ཕྱྭ། མནོལ་གྲིབ། ལྷ་མོ་པྲ་ཕབ། བོད་རག ལྔ་མཆོད་ཅེས་པ་རྣམས་རྒྱ་སྐད་དུ་མེད་པ་དང་། རྒྱ་སྐད་དུ་“端午节、重阳节、粽子、七夕、秋波”ཞེས་པ་ལྟ་བུ་བོད་སྐད་དུ་མཐོང་རྒྱུ་མེད་པ་སོགས་ལས་འཚོ་བའི་གོམས་གཤིས་དང་དམངས་སྲོལ་རིག་གནས་མི་འདྲ་བར་སྣང་བ་རྟོགས་ཐུབ་ལ། དེ་བཞིན་དུ་བོད་སྐད་དུ་རང་ཡུལ་ལ་གངས་ལྗོངས་སམ་ཁ་བའི་ལྗོངས་དང་། རང་ལ་ཁ་བ་ཅན་དང་གངས་ཅན་པ་ཞེས་དང་། ཟླ་བ་ལ་ཁ་བའི་འོད། དགུན་ཁ་ལ་ཁ་བའི་དུས་ཞེས་སྦྱོར་བ་དང་། རྩ་བའི་མིང་བརྡ་མར་ལ་བརྟེན་ནས་མར་དཀར་དང་། མར་སྐྲོག མར་ཁུག མར་དོ། མར་སྒམ། མར་རྒྱན། མར་གཏུབ། མར་མེ། མར་ཟན། མར་ལྟང་ཞེས་སོགས་དང་། ནས་ལྟ་བུ་ལ་བརྟེན་ནས་ནས་ཆག་དང་། ནས་ཆང་། ནས་ཆུ། ནས་ལྗང་། ནས་རྗེན། ནས་རྩམ། ནས་ཟན། ནས་སོག་ཅེས་དང་། རྩམ་པ་དང་འབྲེལ་ནས་རྩམ་ཁུག་དང་། རྩམ་ཐུག རྩམ་ཕོགས། རྩམ་ཕོར། རྩམ་བང་། རྩམ་ཟོམ། རྩམ་གཟར། རྩམ་ལོང་། རྩམ་གསོག་ལ་སོགས་པ་ལྟ་བུ་དང་། འོ་མ་དང་འབྲེལ་ནས་འོ་རྐྱལ་དང་། འོ་ཇ། འོ་ཐུག འོ་སྤྲིས། འོ་ཕྱེ། འོ་ཞོ། འོ་ཟོ། འོ་ཤི་སོགས་སྤེལ་བ་དང་། འདི་ལྟ་བུའི་རྩ་བའི་མིང་གི་སྤེལ་སྟངས་དང་ཁྱབ་སྟངས་མི་འདྲ་བ་ལས་མི་རིགས་རང་གནས་སའི་རང་བྱུང་གི་ཁོར་ཡུག་དང་། ཞིང་ཕྱུགས་ལས་རིགས། འཚོ་བའི་གོམས་སྲོལ་རྣམས་ཇི་བཞིན་དུ་མཚོན་ཡོད་དོ། ། 
         མིང་བརྡའི་གོ་དོན་གྱི་གྲུབ་ཚུལ་དང་། འཕྲོས་རྟོག འཕེལ་འགྱུར་གྱི་ཆ་ནས་ཀྱང་སྔར་འདས་མི་རིགས་ཀྱི་སེམས་ཁམས་འདུ་ཤེས་དང་རིག་གནས་ཀྱི་ཆུ་ཚད་མངོན་པར་མཚོན་ནུས་ཏེ། དཔེར་ན་བོད་སྐད་དུ་ནོར་ཞེས་པའི་མིང་བརྡ་ལ་སྒོ་ཕྱུགས་ཀྱི་བྱེ་བྲག་ཅིག་དང་། རྒྱུ་འབྱོར་བ། རིན་པོ་ཆེ་ཞེས་པའི་དོན་གསུམ་སྣང་བ་ནོར་གཡག་གི་རིག་གནས་ལ་འབྲེལ་ནས་བྱུང་བར་མངོན་ཏེ། ནོར་གྱི་རྒོད་རྩིད་ལས་སྦྲ་ནག་སོགས་མིའི་སྡོད་ཁང་ཕུབ་ཆོག་པ་དང་། དེའི་ཤ་མར་འོ་ཞོ་སོགས་ཀྱིས་ཁ་ལ་བཟའ་བཏུང་གི་ལོངས་སྤྱོད་མོད་པ་དང་། ཁུལ་འཐག་སོགས་ཀྱིས་རྒྱབ་ལ་དྲོད་ཁོལ་གྱི་གྱོན་ཆས་བཟོ་རུང་བ་དང་། གཡག་ལག་དང་ཀོ་གྲུ་སོགས་ལ་བརྟེན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་སྤེལ་རུང་བ་དང་། འབྲོང་རྩེད་དང་གཡག་རྒྱུགས་སོགས་ཀྱི་རིག་རྩལ་རྩེད་འཇོ་ཅི་དགར་ངོམས་རུང་ཙ་ན། འདི་ལྟའི་སྒོ་ཕྱུགས་ནི་བོད་པ་རང་གི་ཁྱིམ་གཞིས་ཤིག་ལ་མཚོན་ན་རྒྱུ་འབྱོར་བ་ལོངས་སྤྱོད་འཛད་མེད་དུ་གནང་བའི་ཡིད་བཞིན་ནོར་བུ་སྟེ་རིན་པོ་ཆེ་ཞིག་ཏུ་ངོམས་རུང་བ་སྨོས་མ་འཚལ། དེ་བཞིན་དུ་བོད་སྐད་དུ་བུ་མོའམ་བུད་མེད་རྣམས་ལ་སྐྱེ་དམན་དང་། སྨན(དམན་)ཆུང་། དམན་ཤར། ནག་མོ། ཆུང་མ་ཞེས་པའི་བརྡ་དོན་སྦྱོར་ཚུལ་ལ་རྒྱ་སྐད་དུ་“妖、奸、婪、嫉、妄、妒”ཞེས་པ་དང་གཉིས་སུ་མེད་པར་དམན་སར་བཀོད་སྟངས་ཤིག་ལྡན་པ་དང་། ཕོའམ་སྐྱེས་པ་རྣམས་ལ་སྟག་ཤར་དང་། སྐྱེ་བས་རྒྱལ། སྐྱེ་བས་མཐོ་ཞེས་མཐོ་སར་འགོད་སྟངས་ཤིག་ལྡན་པ་དག་ཞིབ་ཏུ་བསྡུར་ན། འདི་འདྲའི་བརྡ་དོན་གྱི་སྦྱོར་ལུགས་ལ་ཕོ་མོ་འདྲ་མཉམ་མ་ཡིན་པའི་སྤྱི་ཚོགས་ཀྱི་དོན་དངོས་དང་ཕོ་མཆོག་མོ་དམན་གྱི་འདུ་ཤེས་འཛིན་སྟངས་གསལ་རྗེན་ནེར་མཚོན་པའི་ནུས་པ་ཞིག་ཀྱང་ལྡན། ཁ་དོག་དཀར་པོ་ལྟ་བུ་ལའང་བོད་སྐད་དུ་བཀྲ་ཤིས་ཤིང་ལྟས་ལེགས་པ་དང་དགེ་བའི་འཕྲོས་དོན་ཞིག་ལྡན་པ་དཔེར་ན་བློ་དཀར་སེམས་དཀར་དང་། ཁ་བཏགས་དཀར་པོ། དཀར་པོའི་ལས་དང་ནག་པོའི་ལས་ལྟ་བུ་དང་། རྒྱ་སྐད་དུ་བཀྲ་མི་ཤིས་ཤིང་ལྟོས་མི་ལེགས་པར་འདོད་པ་དཔེར་ན་“翻白眼、拔白旗、白专道路、白色恐怖”ཞེས་བཞིན་སྣང་བ་སོགས་མི་རིགས་སོ་སོར་འཚོ་བའི་མྱོང་གོམས་དང་མཛེས་རྟོག་གི་ལྟ་བ་མི་མཚུངས་པར་སྣང་བ་དང་འབྲེལ་ནས་བརྡ་དོན་གྱི་འཕྲོས་རྟོག་བྱེད་ཚུལ་ཀྱང་ཐ་དད་དུ་མངོན་པ་ཡིན་ནོ། །
         དེ་མཚུངས་སུ་མིང་ངམ་ཡི་གེའི་སྤེལ་སྟངས་དང་བརྡ་དོན་གྱི་སྦྱོར་ཚུལ་ལས་ལོ་རྒྱུས་སྟེང་གི་སྤྱི་ཚོགས་ངེས་ཅན་གྱི་ཐོན་སྐྱེད་ཆུ་ཚུད་དང་སྐྱེ་ཁམས་ཁོར་ཡུག་སོགས་ཀྱང་མཚོན་ཡོད་དེ། དཔེར་ན་རྒྱ་ཡིག་ཏུ་“册”ཞེས་པ་འདྲ་སྒྲ་གཟུགས་ཀྱི་ཡི་གེ་“冊”ནས་འགྱུར་འོངས་པ་འདིས་ཐ་གུས་སྦྲེལ་བའི་སྨྱུག་བྱང་སྟེང་དུ་ཞུ་ཡིག་འབྲི་བའི་སྲོལ་ཡོད་པ་གསལ་པོར་མཚོན་ཡོད། རྒྱ་ཡིག་ནི་དོན་མཚོན་ཡི་གེ་ཡིན་ཞིང་ཡ་སྔོན་བྲིས་གཟུགས་ཀྱིས་དོན་མཚོན་པ་གཙོ་བོའི་འཕེལ་རིམ་ཞིག་བརྒྱུད་མྱོང་ཕྱིར། མིང་བརྡའི་བྲིས་གཟུགས་སྟེང་དུ་ཆེས་ཐོག་མར་ཡི་གེ་བཟོ་བའི་རྟེན་གཞི་གང་ཡིན་རྟོགས་ཐུབ་པར་མ་ཟད། གོ་དོན་གྱིས་བསྟན་པའི་ཕྱི་ཡུལ་གྱི་བྱ་དངོས་དང་གཞན་དེས་མཚོན་པའི་སྐབས་བབ་ཐོན་སྐྱེད་ཀྱི་ཆུ་ཚད་ཀྱང་རྟོགས་ནུས་ཏེ། དཔེར་ན་“纸”ཞེས་པའི་སྔོན་གྱི་“丝”ཡིག་གིས་ཡ་སྔོན་གྱི་ཤོག་བུའི་རྒྱུ་ཆ་སི་བལ་ཡིན་པ་མཚོན་ཡོད་མོད། བར་སྐབས་ཤིག་ལ་ཤིང་དང་སྨྱུག་མ་སོགས་ཀྱང་ཤོག་བུ་བཟོས་ཙ་ན། གང་གི་སྔོན་དུ་“木”དང་ཡང་ན་“竹”ཡིག་འགོད་པར་རིགས་མོད་ཀྱང་། རྒྱུ་ཆ་འདི་དག་བཀོལ་ནས་ཤོག་བུ་བཟོ་བའི་ལག་རྩལ་ནི་ཧན་ཤར་མའི་རྗེས་ནས་འགོ་བརྩམས་པ་ཡིན་ལ། འདི་བས་སྔ་ཙམ་གྱི་དུས་སུ་སི་བལ་སྤྱད་ནས་ཤོག་བུ་བཟོ་བའི་སྲོལ་ཡོད་པར་བརྟེན། 《ཡིག་བཤད་བརྡ་བཀྲོལ་》ལས། ཤོག་བུ་ནི་སི་བལ་གྱི་ཤོག་ལྡེབས་ལའོ་ཞེས་བཀོད་ཡོད་ཅིང་། འདིས་ཀྱང་རྒྱ་ལ་ཚེ་ལུང་གིས་ཤིང་དང་སྨྱུག་མ་སྤྱད་ནས་ཤོག་བུ་བཟོ་བའི་སྲོལ་མ་ཕྱེ་སྔོན་དུ་གནའ་མི་རྣམས་ལ་སི་བལ་ཆུར་གཡེང་ནས་ཤོག་བུ་བཟོ་བའི་ལག་རྩལ་ཡོད་པ་གསལ་པོར་མཚོན་ཡོད། དེ་བཞིན་དུ་ཡུན་ནན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཁ་ཤས་ཀྱིས་ཀྱང་སྤྱི་ཚོགས་རྙིང་པའི་ནང་དུ་ལོག་སྤྱོད་དབང་སྒྱུར་གྲལ་རིམ་གྱི་ཡ་ང་བའི་དབང་སྒྱུར་མྱངས་པ་དང་། གོ་མིན་ཏང་ལོག་སྤྱོད་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ལ་སྣང་ཆུང་གི་སྲིད་ཇུས་སྤྱད་སྟབས། མི་རིགས་ཁ་ཤས་རི་གཏིང་ལུང་ཟབ་ཏུ་བསྐྲད་པ་དང་ཐོན་སྐྱེད་ཀྱི་ཆུ་ཚད་ཧ་ཅང་དམའ་བའི་གནས་སུ་ལྷུང་། དོན་འདི་དག་ཁོ་ཚོའི་ཡིག་ཚང་ཁྲོད་དུ་མཐོང་ཐུབ་པར་མ་ཟད། ཐ་ན་མིང་བརྡ་རེ་གཉིས་ཀྱི་བྱུང་ཚུལ་ལས་ཀྱང་རྟོགས་ཐུབ་སྟེ། དཔེར་ན་ཡུན་ནན་ཀོ་ལེ་གུང་རི་ཁུལ་གྱི་ཏུའུ་ལུང་སྐད་ཀྱིས་གདགས་གཞི་གསོ་རས་དང་། གྱོན་ཆས། ཉལ་ཐུལ་གསུམ་ག་[ʥio]ཞེས་པའི་མིང་བརྡ་གཅིག་རྐྱང་སྤྱད་ནས་མཚོན་པར་བྱེད་པ་ནི་མ་གཞི་ཏུའུ་ལུང་རིགས་ཀྱིས་སྔོན་ཆད་གསོ་མའི་རས་ཆས་བཏགས་ནས་ཉིན་མོར་ལུས་ཀྱི་གྱོན་ཆས་བྱེད་པ་དང་། མཚན་མོར་འགེབས་བྱེད་ཉལ་ཐུལ་བྱས་པའི་འཚོ་བའི་གོམས་སྲོལ་ལས་བྱུང་བ་ཡིན་ལ། ཚུལ་འདི་ལས་ཁོ་ཚོའི་ཐོན་སྐྱེད་ཆུ་ཚད་དམའ་ཞིང་འཚོ་བ་ཐབས་ཆག་དང་དབུལ་ཕོངས་ཡིན་པ་གསལ་པོར་རྟོགས་ཐུབ། ཡུན་ནན་གྱི་ལུའུ་སྐད་ལ་མཚོན་ནའང་། ཤར་ཕྱོགས་ལ་ཉི་ཤར་དོང་དང་ནུབ་ཕྱོགས་ལ་ཉི་ནུབ་དོང་ཞེས་བྱ་ཞིང་། བྱང་ཕྱོགས་ལ་ཆུ་མགོ་དང་ལྷོ་ཕྱོགས་ལ་ཆུ་རྔ་ཞེས་ཟེར་དོན་ནི་ཁོ་ཚོ་གནས་སའི་རང་བྱུང་གི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་རི་གཏིང་ལུང་ཟབ་ཡིན་པ་དང་། ཡུལ་ཕྱོགས་དེའི་བྱང་ཕྱོགས་མཐོ་ཞིང་ལྷོ་ཕྱོགས་དམའ་བས་ཆུ་ཡི་བཞུར་ཕྱོགས་ཀྱང་བྱང་ནས་ལྷོ་ཡིན་པའི་རྐྱེན་གྱིས་ཡིན་ལ། གལ་ཏེ་ས་ཁྱོན་ཐང་ཡངས་སུ་གནས་བཅས་ཤིང་། ནུབ་ནས་ཤར་ཕྱོགས་སུ་བཞུར་བའི་ཆུ་འགྲམ་དུ་འཚོ་བཞུགས་གནང་བའི་མི་རིགས་ཤིག་ཡིན་ན། མིང་འདི་འདྲ་བཀོལ་ཏེ་ཕྱོགས་བཞི་སྟོན་སྲིད་པས། མིང་བརྡ་འདི་དག་གི་སྤེལ་སྟངས་ལ་སྐྱེ་ཁམས་ཁོར་ཡུག་ཁྱད་པར་བ་དང་དེའི་ངོས་འཛིན་སྟངས་དམིགས་བསལ་པ་ཞིག་ཀྱང་ལྡན་པ་མངོན་པར་གསལ་ལོ། །
གཉིས་པ། རིག་གནས་དང་གཡར་མིང་།
         གཡར་མིང་ནི་མི་རིགས་ཕན་ཚུན་བར་སྤྱི་ཚོགས་རིག་གནས་ཀྱི་འབྲེལ་འདྲིས་བྱུང་བ་དང་བསྟུན་ནས་སྐད་བརྡ་ཕན་ཚུན་བར་འབྲེལ་གཏུགས་དང་ཤུགས་རྐྱེན་སྣ་ཚོགས་ཐེབས་པ་ལས་གཞན་སྐད་ཀྱི་མིང་བརྡ་གང་རུང་གཙོ་བོ་སྒྲ་སྒྱུར་གྱི་ཐབས་ལམ་ལ་བརྟེན་ནས་རང་སྐད་དུ་དྲངས་པ་རྣམས་ཡིན་ལ། འདི་ལྟའི་གཡར་མིང་ནང་འདྲེན་བྱས་པའི་ཐབས་ལམ་དང་། དུས་རིམ། ཁྱབ་ཁོངས་སོགས་ཀྱི་ཐད་ནས་བལྟས་ནའང་མི་རིགས་ཕན་ཚུན་བར་གྱི་རིག་གནས་འབྲེལ་གཏུགས་བྱས་པའི་ལོ་རྒྱུས་ཧ་ཅང་མངོན་གསལ་ཡིན་ཞིང་། སྐབས་འགར་ས་བབ་ཀྱི་དབང་གིས་མི་རིགས་ཤིག་གི་ནང་ཁུལ་གཞན་རིག་ལ་འབྲེལ་གཏུགས་བྱས་པ་མི་མཚུངས་པར་བརྟེན། མིང་བརྡའི་འདྲེན་ཚུལ་ལའང་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཏེ། དཔེར་ན་དབུས་གཙང་སྐད་དུ་བལ་པོ་དང་ཁ་ཆེའི་སྐད་ལས་གཞན་ད་དུང་ཛི་ར་དང་། ལན་པར། སྦི་ཅི་ལི། ཀེལ་ར་ལྟ་བུ་ཧིན་རྡུའི་སྐད་དང་། པོ་ཏཱ་དང་། སྦེ་སེ་ཀུ་ཏི། ཅོག་ལེ། སྤོ་ལོ་ལྟ་བུ་དབྱིན་སྐད་ཀྱི་བརྡ་སོགས་མང་བ་ཉེ་འབྲེལ་དམིགས་བསལ་གྱི་ཁོར་ཡུག་དང་རྒྱལ་ཁམས་མི་རིགས་སོགས་ཀྱི་སྲིད་འབྱོར་ཁེ་ཚོང་སོགས་ཀྱི་འབྲེལ་བ་ལས་བྱུང་བ་ཡིན་ལ། དེ་ལས་ལྡོག་པར་ཨམ་སྐད་དང་ཁམས་སྐད་དུ་ཧིན་སྐད་སོགས་ཀྱི་མིང་བརྡ་གཅིག་ཀྱང་མེད་པར་རྒྱ་སྐད་དང་། ཧོར་སྐད། ཆའང་སྐད། མེའོ་སྐད་སོགས་ཀྱི་མིང་བརྡ་མི་ཉུང་བར་ཡོད་པ་ནི་ས་བབ་དང་སྤྱི་ཚོགས་ཁོར་ཡུག་གིས་མི་རིགས་ཕན་ཚུན་བར་གྱི་འབྲེལ་གཏུགས་དང་དངོས་པོའི་རིག་གནས་ཀྱི་བརྗེ་རེས་ལ་ཤུགས་རྐྱེན་ཐེབས་པའི་དན་རྟགས་སུ་འགྲོ་བ་ལྟ་བུ་ལགས། དེ་བཞིན་དུ་གཡར་མིང་ནང་འདྲེན་བྱེད་པའི་ཐབས་ལམ་མི་འདྲ་བ་ལས་མི་རིགས་ཕན་ཚུན་བར་གྱི་ཚོང་ཟོང་གི་བརྒྱུད་ལམ་སོགས་ཀྱང་གསལ་བར་མཚོན་ནུས་ཏེ། དཔེར་ན་བཏུང་བྱའི་ཇ་ལ་ཨུ་རུ་སུའི་སྐད་དུ་[Чаи]དང་། ཕོ་ལན་དང་དབྱི་ཐ་ལིའི་སྐད་དག་ཏུ་[cia]ཞེས་པ་ནི་རྒྱ་ནག་གི་བྱང་ཕྱོགས་ཡུལ་སྐད་ཀྱི་“茶”ཞེས་པའི་སྒྲ་ནས་འགྱུར་འོངས་པ་འདིས་གནའ་དུས་རྒྱ་ནག་གི་ཇའི་རིག་གནས་སོགས་རང་རྒྱལ་ནུབ་བྱང་གི་དར་གོས་འདྲེན་ལམ་བརྒྱུད་ནས་ཡོ་རོབ་གླིང་དུ་སྐྱེལ་འདྲེན་བྱས་པ་མཚོན་པ་དང་། ཡང་ཞ་མུན་གྱི་ཚོང་པ་རྣམས་ཀྱིས་ཇ་དེ་བཀྲ་ཝའི་བན་དན་བརྒྱུད་ནས་ཧོ་ལན་དུ་བསྐྱལ་ཅིང་། དེ་ནས་ཡོབ་གླིང་གི་རྒྱལ་ཁབ་སོ་སོར་སྐྱེལ་འདྲེན་བྱས་པས། ཞ་མུན་སྐད་དུ་ཇ་[te35]ཞེས་པ་ཧོ་ལན་སྐད་དུ[te]ཞེས་དང་། དེ་ནས་དབྱིན་སྐད་དུ་[tea]དང་། ཧྥ་སྐད་དུ་[thé]དང་། འཇར་སྐད་དུ་[Tee]ཞེས་སུ་འབོད་པ་ལས་ཡ་སྔོན་ཀྲུང་གོས་འགྲུལ་ལམ་གཉིས་བརྒྱུད་ནས་ཕྱི་རྒྱལ་ལ་ཇ་སིག་སྐྱེལ་འདྲེན་གྱི་འབྲེལ་བ་བཙུགས་པ་གསལ་པོར་མཐོང་ཐུབ་བོ། །
         གཡར་མིང་གི་ནང་འདྲེན་བྱས་པའི་དུས་རིམ་དང་རིགས་སོ་སོར་དགར་རུང་བའི་ཆ་ལས་ཀྱང་མི་རིགས་མི་མཚུངས་པའི་རིག་གནས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པའི་ལོ་རྒྱུས་གསལ་པོར་མངོན་ཞིང་རིག་གནས་ནང་འདྲེན་བྱས་པའི་གཟས་ཕྱོགས་དང་ཁྱབ་ཁོངས་མི་འདྲ་བར་མཚོན་འདུག་སྟེ། བོད་སྐད་དུ་གཞན་མིང་ནང་འདྲེན་བྱས་པའི་དུས་རིམ་ཆེས་མངོན་གསལ་ཅན་ནི་གསུམ་སྟེ། དུས་རིམ་དང་པོ་ནི། དུས་རབས་བདུན་པའི་དཀྱིལ་ནས་དུས་རབས་བཅུ་གསུམ་པའི་མཇུག་བར་ཧ་ལམ་ལོ་ངོ་དྲུག་བརྒྱ་ལྷག་གི་རིང་ཡིན་ལ། དུས་སྐབས་འདི་ནི་བོད་ཀྱི་སྤྱི་ཚོགས་ཅུང་ཟད་བདེ་འཇགས་ཡིན་ཞིང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་པ་དང་། ཆོས་སྲིད་ལུགས་གཉིས་དང་རིག་གཞུང་ཐད་ཧ་ཅང་དར་རྒྱས་ཆེ་བའི་དུས་སྐབས་ཤིག་ཏུ་ངེས། སྐབས་འདི་ལ་བོད་ཀྱི་ལོ་རྒྱུས་སུ་རེ་འཇགས་རེ་མཐུད་ཀྱི་དོན་རྐྱེན་གཉིས་བྱུང་ཡོད་དེ། གཅིག་ནི་རྒྱལ་ཁམས་གཅིག་གྱུར་དང་ཕྱི་ཕྱོགས་སུ་སྒོ་ཕྱེ་ནས་བོད་དང་རྒྱ་གར་དང་རྒྱ་ནག་དང་བལ་པོ་སོགས་རྒྱལ་ཁམས་མི་ཉུང་བའི་བར་ཆོས་སྲིད་ལུགས་གཉིས་ཀྱི་འབྲེལ་བ་སྣ་ཚོགས་བྱུང་ཞིང་། སྲིད་འབྱོར་རིག་གཞུང་ཐད་ཀྱི་འབྲེལ་གཏུགས་མང་ཙམ་བྱུང་བ་ལ་བརྟེན་ནས་གཞན་རིགས་ཀྱི་མིང་བརྡ་མང་ཙམ་ཞིག་བོད་སྐད་དུ་བསྡུས་འདུག་སྟེ། དཔེར་ན་ཇོ་བོ་ཤཱཀྱ་མུ་ནེ་དང་། ཤཱཀྱ་ཐུབ་པ། གུ་རུ། པོ་ཏི། བན་དེ། ཀོང་ཇོ། ཧ་ཤང་། སྤར་ཁ། ཁོན། དྭ། ཁེན། ཟོན། གིན། ལ་ཕུག ཇ། སྐེ་ཚེ། པིར་སོགས་བཀའ་བསྟན་རིག་གཞུང་དང་ཐོན་སྐྱེད་ལག་རྩལ་གྱི་མིང་བརྡ་མང་པོ་བྱུང་བ་དང་། གཉིས་སུ་ན་པཎྜིཏ་དང་མཁས་ཆེན་མང་པོས་ལེགས་སྦྱར་སྐད་ཀྱི་བཀའ་བསྟན་དང་རིག་གཞུང་མང་པོ་བོད་སྐད་དུ་བསྒྱུར་ཏེ་བཀས་བཅད་སྔ་ཕྱི་ཐེངས་གསུམ་མཛད་ཅིང་། བརྡ་དོན་སོགས་བོད་སྐད་དུ་སྒྱུར་སྐབས་བཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་པ་དང་། བསྟན་གཞུང་ལས་བྱུང་བའི་བརྗོད་དོན་དང་འགལ་མི་རུང་བ། བསྒྱུར་བྱའི་ནང་དོན་བོད་མི་རང་གིས་གོ་བདེ་བར་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པས། སྒྲ་དོན་གཉིས་ཀྱི་ཐབས་ལམ་གང་རུང་ཞིག་བརྒྱུད་ནས་བོད་སྐད་དུ་གཡར་མིང་མང་ཙམ་བྱུང་ཡོད་དེ། དཔེར་ན་ཝ་ར་ཎཱ་སི་དང་། ཨོ་རྒྱན། དེ་བ། ཡོ་ག ཛ་ཡ། སུམ་བིད། པཎྜིཏ། དུཿཁ། ཨུ་མ། ཀོ་ཏ་མ། ཀུ་མུད། གུར་ཀུམ། ཕལ་ཀ མར་གད་ལྟ་བུ་སོགས་བགྲང་ལས་འདས་པ་བྱུང་། དུས་རིམ་གཉིས་པ་ནི། ས་སྐྱ་པ་ནས་དགའ་ལྡན་ཕོ་བྲང་གི་ཕྱི་རྗེས་སུ་ངེས་ཤིང་ཧ་ལམ་ལོ་ངོ་བཞི་བརྒྱ་ལྷག་གི་དུས་ཡུན་ལྡན། དུས་སྐབས་དེ་དག་ཏུ་ཁ་ཐོར་སིལ་བར་གནས་ཏེ་ཡོན་ཀྲུང་དབྱང་གི་སྲིད་གཞུང་བཙུགས་པས། རྒྱ་བོད་སོག་གསུམ་གྱི་འབྲེལ་འདྲིས་དེ་སྔར་བྱུང་མ་མྱོང་བའི་ཚད་ཅིག་ལ་སོན་ཅིང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ཐད་ནས་ཕན་ཚུན་ལ་ཤན་ཤུགས་ཆེན་པོ་ཐེབས་པ་དང་། ཆབས་ཅིག་ཏུ་ཕན་ཚུན་གྱི་སྐད་བརྡ་ལའང་འབྲེལ་གཏུགས་མང་ཙམ་བྱུང་བས། སྐད་བརྡ་ཕན་ཚུན་བར་ཤན་ཤུགས་ངེས་ཅན་ཐེབས་ཤིང་། དེ་བཞིན་བོད་སྐད་དུའང་རྒྱ་དང་སོག་པོའི་མིང་བརྡ་མི་ཉུང་བ་བསྡུས་ཡོད་དེ། དཔེར་ན་ཇིང་གིར་དང་། འུ་ལག ཁྲལ་འུལ། རྟ་འུལ། ཡོན་གོང་མ། སེ་ཆེན་ཧན། ཆོལ་ཁ། ཏཱ་སི་ཏུ། ཐའི་ཇི། ཛ་སག ཨ་དྲུང་། ཝང་། ཏི་ཤྲི། ཐུའུ་སི། ཐུའུ་བཀྭན། སུ་རུག ཐེར་གེ ཏམ་ཆི། སག་ཐག ཤུར་རྩི། ཨོ་མོ་སུ། ཆི་གེ་ལྟ་བུ་སོགས་མང་དུ་སྣང་། དུས་རིམ་གསུམ་པ་ནི། རྒྱལ་ཁབ་དབུ་བརྙེས་པ་ནས་ད་ལྟའི་བར་ཏེ་ལོ་འཁོར་བདུན་ཅུ་ལྷག་གི་དུས་ཡུན་ལྡན་པ་དང་། དུས་སྐབས་འདི་ལ་རྒྱལ་ནང་གི་སྲིད་འབྱོར་རིག་གསུམ་ཚད་མཐོ་བར་གཅིག་གྱུར་བྱུང་སྟབས། བོད་སྐད་དུ་གཞུང་སྐད་ཀྱི་མིང་བརྡ་གསར་པ་མང་ཙམ་ཐོན་འདུག་སྟེ། དཔེར་ན་ཀྲུའུ་ཞི་དང་། ཙུང་ལི། གུང་ཁྲན་ཏང་། ཨུ་ཡོན་ཀྲང་། པེ་ཅིན། ཏང་ཀྲུང་དབྱང་། ཧྲན་ཞི་ཞིང་ཆེན། རྩིས་འཁོར། ཏན་ཙི་རོལ་ཆས་ལྟ་བུ་སོགས་སྲིད་དོན་དང་སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་འབྲེལ་བའི་མིང་བརྡ་གང་མང་སྣང་ངོ་། །
         གོང་འཕྲོས་གཞན་མིང་ནང་འདྲེན་བྱས་པའི་དུས་རིམ་དེ་དག་ལ་སྐབས་དོན་རིག་གནས་ཀྱི་གཟས་ཕྱོགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་ཁྱད་ཆོས་ཤིག་ཀྱང་ལྡན་ཏེ། དཔེར་ན་དུས་རིམ་ཐོག་མའི་སྐབས་སུ་བོད་སྐད་དུ་ལེགས་སྦྱར་སྐད་ཀྱི་མིང་བརྡ་དྲངས་པ་མང་བ་དང་། བར་མའི་དུས་སུ་རྒྱ་དང་སོག་པོའི་སྐད་ཀྱི་མིང་བརྡ་མང་བ་དང་། མཐའ་མའི་དུས་སུ་རྒྱ་སྐད་ཀྱི་མིང་བརྡ་མང་བ་བཅས་ལས་བོད་པའི་རིག་གནས་འཕེལ་རིམ་གྱི་ཁྱད་ཆོས་མི་འདྲ་བར་མཚོན་ཡོད་པ་དང་། ཡང་ལེགས་སྦྱར་སྐད་ལས་ནང་བསྟན་གཙོས་པའི་རྒྱ་གར་རིག་གཞུང་ཇི་སྙེད་པའི་བརྡ་སྐད་མང་བ་དང་། རྒྱའི་སྐད་ལས་སྲིད་འབྱོར་ལག་རྩལ་དང་ཐོན་རྫས་དང་ནག་རྩིས་རིག་གཞུང་ལ་སོགས་པའི་བརྡ་མང་བ་དང་། སོག་སྐད་ལས་ཁྲལ་དོན་སྲིད་བྱུས་དང་འབྲེལ་བའི་བརྡ་སོགས་རང་སྐད་དུ་དྲངས་པ་མངོན་པར་གསལ་ཕྱིར། གཞན་མིང་ནང་འདྲེན་གྱི་ཁྱབ་ཁོངས་འདི་དག་ལ་བརྟགས་ན། རང་རིགས་གཞན་དང་འབྲེལ་འདྲིས་སུ་གྱུར་པའི་རིག་གནས་ཀྱི་ནང་དོན་ཇི་སྙེད་ཅིག་ཀྱང་སྔོག་འདོན་བྱ་ནུས། དེ་ལྟ་ནའང་འདི་དག་མིང་བརྡའི་ལྡབ་གྲངས་ཀྱི་ཟིན་ཚད་མང་ཉུང་གཞིར་བཟུང་ནས་བལྟོས་བཅས་ཀྱིས་དམིགས་སུ་བཀར་བ་མ་གཏོགས། གཞན་པའི་དུས་སྐབས་དང་ཁྱབ་ཁོངས་སུ་རང་སྐད་དུ་གཞན་མིང་གཏན་ནས་མ་དྲངས་པའི་དོན་མ་ཡིན་ཏེ། དཔེར་ན་དེབ་ཐེར་(པར་ཟིག)དང་། ཨམ་བན།(མན་ཇུ) གཡེར་མ། དམ་ག(ཧོས་ཧོ) པཱ་སེ།(དབྱིན་ཇི)ཨ་མེ་རི་ཁ། ཏ་ཟིག་ལྟ་བུ་སོགས་ཀྱང་གཞན་རིགས་ལ་ཕྱོགས་སྣ་ཚོགས་ཀྱི་འབྲེལ་འདྲིས་རྒྱ་ཆེར་སྤེལ་བ་ལས་བྱུང་བ་གསལ་པོར་མཐོང་ཐུབ་པས། གཡར་མིང་གང་ཞིག་དུས་ནམ་ཞིག་ལ་སྐད་གང་ལས་རང་སྐད་དུ་ཚུལ་ཇི་ལྟར་བྱུང་བ་དང་དེའི་བསྟན་བྱའི་ཁྱབ་ཁོངས་དང་དོན་སོགས་གང་ཡིན་པ་ཞིབ་འཐིམས་སུ་དཔྱད་ན། མི་རིགས་ཕན་ཚུན་བར་རིག་གནས་ཀྱི་འབྲེལ་འདྲིས་ག་ཚོད་བྱུང་བའི་ཤུལ་རྗེས་སོགས་གསལ་པོར་རྟོགས་ནུས་སོ། །
གསུམ་པ། རིག་གནས་དང་ས་མིང་།
         ས་མིང་ནི་སྐད་བརྡ་དང་། ལོ་རྒྱུས། ས་ཁམས། རིག་གནས་སོགས་རྒྱུ་རྐྱེན་སྣ་ཚོགས་ལས་གྲུབ་ཅིང་། ས་མིང་གི་གྲུབ་ཚུལ་དང་། ཁྱད་ཆོས། འབྱུང་ཁུངས། མཆེད་རིམ། འགྱུར་ལུགས། སྤོར་ཚུལ་སོགས་ལ་དཔྱད་ན། ལོ་རྒྱུས་སྟེང་གི་མི་རིགས་ནང་ཁུལ་གྱི་ས་ཁོངས་ཁྱབ་ཡུལ་དང་རིགས་རྒྱུད་ཀྱི་མཆེད་ཁུངས་སྤོར་ལམ་ག་འདྲ་ཡིན་པ་སོགས་རིག་གནས་ལོ་རྒྱུས་ཀྱི་སྣང་ཚུལ་ཇི་སྙེད་སྔོག་འདོན་དང་ཤེས་རྟོགས་བྱ་ནུས་ཏེ། བོད་ཀྱི་ཡིག་ཚང་ལྟར་ན་སྟོད་མངའ་རིས་ཕན་ཆད་ཀྱི་ཀསྨིར་(克什米尔)དང་། བྲུ་ཤ་(勃律)ཆེ་ཆུང་ངམ་སྦལ་ཏི་(巴尔蒂)དང་གིལ་གིད།(吉尔吉特) ཟངས་དཀར་ཞེས་པ་སོགས་དང་། སྨད་མདོ་ཁམས་ཕྱོགས་སུ་མྭ་དཀར་ནག་དང་འཇང་ས་དམ་ལྟ་བུ་དང་། ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་འབྲོང་ལུང་(庄浪)དང་། འབྲོང་ཡུལ།(张掖) རྒོ་ལུང་།(古浪) རྒོ་ལམ།(杲兰) བོད་ཐུལ།(武都)སྟོང་ཁུང་ངམ་འདུ་ཁང་།①(敦煌) འབུ་ཤིང་ཀུན་(临洮)ཞེས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལུང་མདོའམ་གྲོ་ཚང་(乐都)དང་གཉན་པོ་(碾伯镇)ཞེས་པ་སོགས་ཡར་སྔོན་བོད་སྐད་ཀྱི་ས་མིང་ཡིན་པ་རྣམས་ད་ལྟའི་བར་རྒྱ་སྐད་དུའང་སོར་བཞག་བྱུང་བ་ལས་གནའ་བོའི་བོད་རྒྱལ་རབས་ཀྱི་མངའ་ཁོངས་ཡུལ་གྲུ་འདི་དག་གི་ཕྱོགས་སུ་བསྐྱེད་མྱོང་བ་རྟོགས་ཐུབ་པ་དང་། ཡང་ས་མིང་ཁ་ཤས་ལས་ཁོ་ཚོའི་རུས་དང་ཚོ་པའི་མཆེད་ཁུངས་ཀྱང་ངེས་ཅན་བསྟན་འདུག་སྟེ། དཔེར་ན་ད་ལྟའི་ཨ་མདོ་ཡུལ་གྱི་སུམ་བྷའམ་སུམ་པ་ཞེས་པ་རིགས་རུས་མཆེད་ཁུངས་ཀྱི་མིང་ས་མིང་དུ་ཆགས་པ་ཡིན་ཚུལ་ཡིག་རྙིང་དག་ཏུ། སྟོང་སུམ་པ་ཞེས་སུམ་པའམ་སུམ་བྷའི་རུས་ནི་བསེ་སྨུ་ལྡོང་སྟོང་ཞེས་རུས་ཆེན་བཞི་ལས་སྟོང་གི་རིགས་སུ་འདྲེན་ཞིང་། སུམ་པ་ལ་ནང་གསེས་སུ་ད་དུང་ཤངས་སུམ་པ་དང་། མཛོ་སུམ་པ། སུམ་པ་ལྕགས་རྒྱལ། སུམ་བྷ་འབྲི་རྒྱལ་སོགས་སུ་སྣང་བ་ལས་ཕྱི་མ་ནི་རྗེ་གཉའ་ཁྲི་བཙན་པོའི་སྔ་རོལ་ཙམ་དུ་སྣང་ཚུལ་ལ་《མགོ་ལོག་རུས་མཛོད་》དུ། “མི་ནི་མི་ཉག་ལྡོང་། མི་ནི་སོ་སྟོང་སུམ་བྷ།……སུམ་བྷ་འབྲུ་ཡི་རྒྱལ་བོ་ཡང་རྒྱལ་ཕྲན་བཅུ་གཉིས་རྒྱུད་གྲོལ། །” ②ཞེས་བསྟན་པ་བཞིན་ཏུན་ཧོང་ཡིག་རྙིང་དུའང་“ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ། རྗེ་འབལ་ལྗི་མང་རུ་ཏི། བློན་པོ་རླང་དང་ཀམ་གཉིས་” ③ཞེས་རྒྱལ་ཕྲན་གྱི་མིང་དུ་བཀོད་ཅིང་། རྒྱའི་ཐང་ཡིག་གསར་རྙིང་ལས་ཀྱང་སུམ་བྷ་ནི་སྔར་བོད་ཀྱི་ཚོ་པ་སྟོབས་ཆེན་ཞིག་ཡིན་ཚུལ་གསལ་བར་བསྟན་ཡོད་ཀྱང་། རྗེ་གཉའ་ཁྲི་བཙན་པོའི་དུས་ནས་བཟུང་སུམ་བྷ་སོགས་བོད་བཙན་པོ་དང་འབྲེལ་བ་ཇེ་དམ་དུ་གྱུར་ཅིང་། སྲོང་བཙན་སྒམ་པོའི་སྐབས་ཙམ་ན་སུམ་བྷ་ཡོངས་བོད་བཙན་པོའི་དབང་འོག་ཏུ་ཚུད་ཡོད་པར་མ་ཟད། བོད་ཁམས་སྟོང་སྡེ་དྲུག་ཅུ་དང་རུ་ལྔ་སོགས་སུ་བགོ་སྐབས། སུམ་པ་སྟོང་སྡེའི་རུ་མཚམས་ཞེས་པ་《ལྡེའུ་ཆོས་འབྱུང་རྒྱས་པ་》ལས།“སུམ་པའི་རུ་མཚམས་ནི། ཤར་གཉེ་ཡུལ་བྲེ་ནག །ནུབ་སྤེལ་ཞབས་སྡིང་པོ་ཆེ། བྱང་ནགས་པ་ཤོད་གཟི་འཕྲང་།ལྷོ་རྨི་སྟི་ཆུ་ནག །དབུས་ནི་རྒྱ་ཤོད་སྟག་པ་ཚལ་ལོ། །ཞེས་དང་། མདོ་ཁམས་ཆེ་ཆུང་སུམ་པ་རུ་ཡན་ལག་གི་ཡུལ་དུ་བཅད་དོ། །”ཞེས་བསྟན་པ་དང་། དེ་མཚུངས་སུ་《དེབ་ཐེར་དཀར་པོ་》ལས་ཀྱང་“སུམ་བྷ་དེ་སྔར་བོད་ཁོངས་ཀྱི་རྒྱལ་ཕྲན་ཞིག་གི་ས་ཡིན་པ་ལ། ཁོང་ཚོའི་རིགས་དེ་དིང་སང་ཨ་མདོའི་ཁྲོད་དུ་འདྲེས་ནས་ཡོད།” ④ ཅེས་པའི་གསུངས་ཚུལ་ལས་སུམ་བྷའམ་སུམ་པ་ཞེས་པའི་མིང་འདི་ཐོག་མར་བོད་ཀྱི་རིགས་རུས་ཀྱི་མིང་ཡིན་པ་ལ་ཕྱིས་སུ་ཡུལ་ཁམས་དང་རྒྱལ་ཕྲན་གྱི་མིང་དུ་ཆགས་པ་དང་། དེ་ནས་རིམ་གྱིས་འབངས་རྣམས་ཀྱི་མཆེད་ཁུངས་ལྟར་ས་མིང་དང་ཡུལ་མིང་དུ་ཆགས་པ་ངང་གིས་རྟོགས་ནུས་པ་བཞིན་ལགས། དེ་མཚུངས་སུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་གི་ཁོངས་སུ་འདུས་པའི་འབའ་ཐང་དང་། མཚོ་ལྷོ་མང་རྫོང་གི་འབའ་ཚང་། འབའ་རྫོང་གི་འབའ་གཞུང་། རྩེ་ཁོག་གི་འབའ་གཞུང་སོགས་དང་བོད་ཀྱི་རུས་ཆེན་འབའ་ལས་གྱེས་པ་དང་། རྡོ་སྦིས་བུས་མདོ་ས་ཆའི་འདན་མ་སྡེ་བ་དང་། སྐུ་འབུམ་རྗོང་གི་འདན་མ་ཞང་། དགོན་ལུང་རྫོང་གི་འདན་མ། བོད་རང་སྐྱོང་ལྗོངས་ཀྱི་འདན་གཞུང་རྫོང་སོགས་བོད་ཀྱི་རུས་ཚན་ནམ་ཡུལ་ངེས་གཅིག་ལས་སོ་སོར་མཆེད་པར་བཞེད་ལ། ད་ལྟ་ང་ཚོའི་མཐོང་ཐོས་སུ་གྱུར་པའི་མཚོ་སྔོན་གསེར་ཆེན་རྫོང་གི་ས་གྲུ་བཞི་ཁ་སྒང་དང་། འབའ་རྫོང་འབའ་གཞུང་གི་ཁ་སྒང་། ཁྲི་ཀ་ཀ་རོམ་གྱི་ཁ་སྒང་། མདོ་ལ་བཙུན་མོ་གཞུང་གི་ཁ་སྒང་སོགས་ཀྱང་སྔར་དཔའ་ལུང་རྫོང་གི་ཁ་སྒང་ནས་སོ་སོར་གྱེས་པ་ཡིན་ཞིང་། ཁོ་ཚོའི་ཁ་སྐད་དང་ཡུལ་སྲོལ་ཕན་ཚུན་ཞིབ་ཏུ་བསྡུར་བ་ལས་ཀྱང་དོན་དེ་རིགས་གསལ་པོར་ར་སྤྲོད་པར་ནུས་སོ། །
དེས་ན་ལོ་རྒྱུས་སྟེང་གི་ས་མིང་དེ་དག་ལ་ཞིབ་དཔྱོད་གནང་ན་གཞུང་ལུགས་དང་དངོས་སྤྱོད་ཀྱི་རིན་ཐང་ག་འདྲ་ལྡན་ཞེ་ན།
         1.མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་མི་རིགས་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་དང་ཞིབ་འཇུག་བྱེད་པར་དན་རྟགས་འདོན་སྤྲོད་བྱེད་པར་ནུས་ཏེ། དཔེར་ན་སྔར་ལྷ་ས་ལ་ར་ས་ཞེས་གསོལ་བཞིན་དུ་ཆོས་རྒྱལ་རིམ་བྱོན་གྱི་སྐབས་ཐོག་ཏུ་ལྷ་ས་ཞེས་སུ་བསྒྱུར་བ་ལས་བོད་དུ་ནང་བསྟན་སྤེལ་རིམ་གྱི་ལོ་རྒྱུས་ཤིག་མཚོན་ཡོད་པ་དང་། ཁམས་ཀྱི་དཀར་མཛེས་ལ་ཧོར་དཀར་མཛེས་ཞེས་པས་ཡིག་ཚང་བཀོད་པ་ནང་བཞིན་དུས་རབས་བཅུ་བདུན་པའི་དུས་སུ་ཧོར་རམ་སོག་པོའི་རྒྱལ་པོ་གོ་ཤྲི་ཧན་གྱིས་ཁམས་དཀར་མཛེས་སོགས་དབང་དུ་བསྒྱུར་བའི་ལོ་རྒྱུས་མཚོན་འདུག་པ་དང་། ཨ་མདོ་ཡུལ་གྱི་གཅན་ཚ་དང་། གཡུ་ཚ། རྐང་ཚ། ལྡེའུ་ཚ་ཞེས་པ་སོགས་ཀྱིས་ཁོ་རང་ཚོའི་ཐོག་མའི་མཆེད་ཁུངས་ལྡོང་གི་ཚ་ཆེན་བཅོ་བརྒྱད་དུ་གཏོགས་པ་མཚོན་ཞིང་། དེ་ལས་“རྐང་ཚ་ཞེས་པ་ནི་ངག་རྒྱུན་དུ་དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུ་པར་རྐང་ཚའི་བླ་མ་རབ་བརྟན་ཞེས་པའི་བཀོད་འདོམས་འོག་རྐང་ཚ་ཚོ་སྒོ་དྲུག་དང་དེའི་ཚ་ཞང་ཚོ་པ་བདུན་སོགས་རྨ་ཆུ་ལྷོ་རྒྱུད་ནས་བྱང་རྒྱུད་དུ་གནས་སྤོར་སྐབས། ཚོ་ཤོག་གཉིས་སུ་གྱེས་ཏེ་ཕྱེད་ཀ་རང་ཤུལ་དུ་བསྡད་ཅིང་། ཕྱེད་ཀ་མཚོ་སྔོན་པོའི་བྱང་ཕྱོགས་ཀྱི་ཅོང་གཞོངས་སུ་གྲགས་པའི་ས་ཆར་གནས་སྤར་ནས་གཞིས་ཆགས་པ་ལ་ད་ལྟ་མཚོ་བྱང་གི་རྐང་ཚའམ་མཚོ་སྔོན་པོའི་རྐང་ཚ་ཞེས་བྱ་ཞིང་། དེའང་ཕྱིས་སུ་མཚོ་སྔོན་པོའི་མཐའ་འཁོར་གྱི་ཚོ་བརྒྱད་ཀྱི་ཡ་གྱལ་དུ་གྱུར་ཅིང་།” ⑤ འདི་དག་གི་ཡན་ལག་ལས་མདོ་སྦུས་དང་བུས་མདོ་ཕྱོགས་ཀྱི་རྐང་ཚ་སོགས་ཀྱང་མཆེད་པས་ན། ད་ལྟའི་ས་མིང་དུ་མཚོ་བྱང་གི་རྐང་ཚ་དང་། མཚོ་ཤར་གྱི་རྐང་ཚ། མཚོ་ལྷོ་ཁྲི་ཀའི་རྐང་ཚ་གོང་ཞོལ་གཉིས་སུ་སྣང་བ་བཅས་ཀྱིས་དེ་འདྲའི་མཆེད་ཁུངས་ལོ་རྒྱུས་སོགས་ར་སྤྲོད་པར་ནུས་སོ། །
         2.གནའ་དུས་ཀྱི་མི་རྣམས་འཚོ་བཞེས་གནང་བའི་རང་བྱུང་ས་བབ་ཀྱི་ཁྱད་ཆོས་དང་ས་བབ་ལོ་རྒྱུས་ཀྱི་འཕེལ་འགྱུར་སོགས་རྒྱུས་ལོན་བྱ་ནུས་ཏེ། དཔེར་ན་བོད་ཀྱི་ཕོ་བྲང་གི་ཐོག་མ་ཡུམ་བུ་བླ་སྒང་ལ་འབྲི་ལུགས་མི་འདྲ་བ་ཡུམ་བུ་གླ་སྒང་དང་ཡུམ་བུ་བརླ་སྒང་ཞེས་འདུག་པ་ལས། གླ་སྒང་ཞེས་པ་ཕོ་བྲང་འདི་ཆགས་སའི་རིའི་མཐའ་སྐོར་དུ་ཤིང་གླ་བའི་སྡོང་པོ་ཆུང་བ་མང་པོས་བསྐོར་ནས་ཡོད་པས་ཟེར་བ་དང་། ཡང་འགའ་ཞིག་གིས་ཕོ་བྲང་ཆགས་སའི་རི་དེ་ཤ་བ་ཡུ་མོ་ཉལ་ནས་སྡོད་པ་དང་འདྲ་ཞིང་། ཕོ་བྲང་ངོ་མ་ཤ་བ་ཡུ་མོའི་བརླ་ཤའི་སྒང་དུ་ཆགས་པའི་རྒྱུ་མཚན་གྱིས་དེ་སྐད་དུ་བརྗོད་པར་བཤད་མོད། དེང་དུས་མི་རྣམས་ཀྱིས་དེ་རང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་ཕོ་བྲང་ཁྱད་པར་ཅན་དུ་དམིགས་ཤིང་། སྤྱིར་བཏང་གི་ས་སྒང་ཙམ་ཞིག་མ་ཡིན་པར་གནས་རི་བྱིན་རླབས་ཅན་དང་ཁྱད་དུ་འཕགས་པ་ཞིག་ཏུ་ངོས་བཟུང་དུ་ཡོད་ཕྱིར་དེ་ལ་བླ་སྒང་དུ་གསོལ་ལ། སྐྱིད་ཤོད་ཅེས་པ་ལྷ་སའི་གཙང་པོ་ལ་མིང་དངོས་སྐྱིད་ཆུ་དང་དེའི་འབབ་ཡུལ་གྱི་ལུང་པའི་མིང་ལ་སྐྱིད་ཤོད་དུ་བཏགས་པ་དང་། མཚོ་སྔོན་ཡུལ་གྱི་མཚོ་ལྷོ་དང་། མཚོ་ནུབ། མཚོ་བྱང་། མཚོ་ཤར་བཅས་ཀྱང་མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ལྟེ་བར་བྱས་ཏེ་ཕྱོགས་བཞིའི་ཡུལ་གྲུ་དེ་དག་ལ་དེ་སྐད་དུ་གསོལ་བ་ཡིན་པས་ན། འདི་ལྟའི་ས་མིང་གི་ཐོགས་ཚུལ་ལ་བརྟགས་ན། ཡུལ་གྲུ་དེ་དག་གནས་སའི་རང་བྱུང་གི་ཁོར་ཡུག་དང་ས་བབ་ལོ་རྒྱུས་སོགས་ཀྱི་འཕེལ་འགྱུར་སོགས་ཇི་ལྟར་སྣང་བ་དེ་དེ་བཞིན་དུ་རྟོགས་པར་ནུས་སོ། །
         3.ས་གནས་དམངས་སྲོལ་རིག་གནས་ཀྱི་སྣང་ཚུལ་སོགས་ཀྱང་མཚོན་པར་ནུས་ཏེ། དཔེར་ན་ལོ་རྒྱུས་སུ་ལྷ་ས་ལ་སྔར་ར་ས་ཞེས་པ་ནི་ལྷ་ས་གཙུག་ལག་ཁང་ཐོག་མར་བཞེངས་སྐབས་ས་གནས་འོ་ཐང་གི་མཚོ་ཞེས་མཚོ་ཆེན་པོ་ཞིག་ཡོད་པ་དེ་བསུབ་སྐབས་མཚོའི་དཀྱིལ་དུ་རྡོའི་མཆོད་རྟེན་བརྩིགས་ཏེ། དེའི་སྟེང་དུ་ཕྱོགས་བཞི་མཚམས་བརྒྱད་དུ་གདུང་མ་བསྣོལ་མར་བཏང་བ་དེའི་ཐོག་ཏུ་ར་མོ་ཞིག་ལ་ས་རྡོ་བཀལ་ཏེ་མཚོ་བསུབས་པར་བརྟེན། མཚོ་བསུབས་པའི་ཤུལ་གྱི་སྐམ་ས་དེ་ལ་ར་ས་ཞེས་མིང་ཐོགས་པ་ཡིན་པར་སྐད་ལ། དེ་མཚུངས་སུ་བྲག་དམར་རྟ་ཕུར་ཞེས་པའང་ངག་རྒྱུན་དུ་འཛམ་གླིང་གེ་སར་རྒྱལ་པོ་ཧོར་འདུལ་དུ་ཕེབས་དུས། ཁོང་གིས་ཆིབས་པ་རྟ་ཕོ་རྐྱང་རྒོད་གཡེར་བ་ནི་བྲག་དམར་ཁེར་སྐྱེས་དེར་བཏགས་ནས་གནས་དེ་རུ་ཐུགས་ངལ་གསོས་པས་ན་དེ་སྐད་དུ་གྲགས་པ་དང་། སྲིན་པོ་རྫ་ནི་ངག་རྒྱུན་དུ་ས་བརྒྱད་པ་ཐོབ་ཅིང་རྟ་ནག་ཅན་ལ་སོགས་པ་འཁོར་ཁྲི་འབུམ་མང་པོས་བསྐོར་བའི་ཨ་མྱེས་རྨ་རྒྱལ་གྱི་སྲས་དགུ་པ་སྟེ་སྲིན་པོ་དཔལ་ལྡན་དོན་གྲུབ་ཏུ་གྲགས་པའི་ལྷ་གཉན་གྲགས་ཆེན་དེ་ཉིད་རི་བོ་འདིར་གནས་པས་ན་དེ་སྐད་དུ་ཐོགས་པར་བཤད་པ་སོགས་ལས། ས་གནས་ཀྱི་དམངས་སྲོལ་རིག་གནས་མི་ཉུང་བ་ཞིག་ས་མིང་གི་འདོགས་ལུགས་ཐོགས་ཚུལ་གྱི་ཁྲོད་དུའང་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་སྣང་བ་ཤེས་ཐུབ་བོ། ། 
         4.གནའ་རབས་ཀྱི་སྐད་བརྡ་དང་ཡུལ་སྐད་གང་རུང་ལ་དཔྱད་གཞིའི་བརྟེན་གཞི་འདོན་ནུས་ཏེ། དཔེར་ན་མདོ་ཁམས་ཀྱི་ཡུལ་སྐད་དག་ཏུ་སུམ་པ་ལ་སུམ་བྷ་དང་། མི་ཉག་ལ་མེ་ཉག ཁྲི་ཀ་ལ་ཁྱི་ཀ ཁྲ་ལྡང་ལ་ཁྱ་ལྡང་ཞེས་པ་སོགས་བརྡ་རྙིང་དུ་གཏོགས་པ་མངོན་པར་གསལ་ཏེ། ཏུན་ཧོང་ཡིག་རྙིང་སོགས་སུའང་སུམ་བྷ་ཞེས་དང་། ཤ་ཁྲི་ཉ་ཁྲི་ལ་ཤ་ཁྱི་ཉ་ཁྱི་ཞེས་ར་བཏགས་པ་རེ་འགའ་ལ་ཡ་བཏགས་སྦྱར་བ་དང་། གུག་གུའི་གཞི་གདངས་ཀྱང་གནའ་དུས་སུ་[~i]ལྟར་ཀློག་པ་ལྟ་བུ་དང་། བྲི་ཤ་དང་ཀསྨིར་ལྟ་བུ་ལ་རྒྱའི་ཡིག་ཚང་དུ་རིམ་པར་“勃律、克什米尔”ཞེས་བཞིན་དུ་སྦྱར་བ་ལས་ཀྱང་གནའ་བོའི་གཞི་གདངས་སུ་དེ་དག་སོ་སོར་ཕྲལ་ནས་མྱུར་ཙམ་དུ་ཀློག་སྲོལ་ཡོད་པ་ཤེས་ནུས་ཕྱིར། ས་མིང་འདི་དག་ཀྱང་བརྡ་སྐད་རྙིང་མ་ལ་དཔྱད་པའི་བརྟེན་གཞིར་ངེས་ཆོག་པར་འདོད་དོ། །
         5.ས་མིང་ཚད་ལྡན་དུ་འགོད་པ་དང་། ས་ཁྲ་བཟོ་འགོད། ས་མཚམས་ཐག་གཅོད་བྱེད་པ་སོགས་ལའང་ཕན་ནུས་ཆེ་སྟེ། དཔེར་ན་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་中甸ལ་རྒྱལ་ཐང་དང་། 德钦ལ་བདེ་ཆེན། 维西ལ་འབའ་ལུང་ཞེས་དང་། སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་理县ལ་བཀྲ་ཤིས་གླིང་དང་། 汶川ལ་ཁྲི་ཚང་། 金川ལ་ཆུ་ཆེན་ཞེས་དང་། ཡུན་ནན་གྱི་ལི་ཅང་ས་ཁུལ་ལ་འཇང་ས་དམ་དང་། ཀན་སུའུ་ཀན་ལྷོ་ས་ཁུལ་གྱི་ཅོ་ནེ་རྫོང་ཁོངས་ཀྱི་ཀླུ་ཆུའི་སྨད་དུ་ཆགས་པའི་གཙང་པ་བ་ཞང་ནི་གཙང་དམག་གི་རྒྱུད་ལས་མཆེད་པའི་རྒྱུ་མཚན་གྱིས་ས་མིང་ལ་གཙང་པ་ཞེས་བྱ་ཞིང་། དེ་ལ་ཡང་སྟོད་སྨད་བར་གསུམ་དུ་ཆགས་པའི་ཆ་ནས་སྟོད་གཙང་དང་། སྨད་གཙང་། བར་གཙང་དུ་འབོད་པ་སོགས་ལ་ས་མིང་ཚད་ལྡན་དུ་འགོད་པ་དང་། དེ་ལ་བརྟེན་ནས་ས་མཚམས་འབྱེད་པའམ་ས་ཁྲ་སོགས་བཟོ་འགོད་བྱེད་པར་བརྟེན་གཞི་ཡིད་རྟོན་རུང་བ་མཁོ་སྤྲོད་བྱེད་ནུས་པའི་དགེ་མཚན་ལྡན་ནོ། །
བཞི་པ། རིག་གནས་དང་རུས་མིང་།
         རིག་གནས་ཀྱིས་སྐད་བརྡ་ལ་ཤུགས་རྐྱེན་ཐེབས་པའམ་ཡང་ན་སྐད་བརྡས་རིག་གནས་ཀྱི་སྣང་ཚུལ་མངོན་པར་མཚོན་པའི་ཚུལ་དག་ནི་མིའི་རིགས་རུས་ཀྱི་འབྱུང་ཁུངས་དང་ཆོས་ལུགས་དད་མོས་ལ་འབྲེལ་བའི་རུས་མིང་གི་འདོགས་ཚུལ་སོགས་ལས་ཀྱང་རྟོགས་ཐུབ་སྟེ། དཔེར་ན།《བཀའ་ཆེམས་ཀ་ཁོལ་མ་》ལས། “དེ་ནས་སྤྲེའུ་ཕྲུག་རྣམས་འཛིངས་འཐབ་ནས་མ་འཆམ་སྟེ། གཅིག་ལ་གཅི་མི་འཇིགས་ཏེ་ཚན་པ་བཞིར་གྱེས་སོ། །......ཚན་པ་གཅིག་ནི་སྣ་ལྡོང་ངེ་བྱས་པ་ཞིག་བྱུང་ནས། མིང་རུས་ལྡོང་བྱ་བར་བཏགས་ཏེ། ལྡོང་ལ་རུས་ཆེན་བཅོ་བརྒྱད་བྱ་བ་བྱུང་ངོ་། །དེའི་འོག་མ་ནི་འགྲམ་ཤ་སྟོང་ངེ་བྱས་པ་ཞིག་བྱུང་ནས། མིང་རུས་སྟོང་བྱ་བར་བཏགས་ཏེ། སྟོང་ལ་རྗེ་བཞི་ཁོལ་བརྒྱད་བྱ་བ་བྱུང་ངོ་། །དེའི་འོག་མ་ནི་མགོ་སེ་ཡང་ངེ་བྱས་པ་ཞིག་བྱུང་ནས། མིང་རུས་སེ་བྱ་བར་བཏགས་ཏེ། སེ་ལ་འཇུག་ལེ་སྤྱན་དགུ་བྱ་བ་བྱུང་ངོ་། །དེའི་འོག་མ་ནི་འཚུལ་བ་སྨུག་སྒོ་རེ་བྱས་པ་ཞིག་བྱུང་ནས། མིང་རུས་སྨུ་བྱ་བར་བཏགས་ཏེ། སྨུ་ལ་ཀོ་ལེའི་འཕྲ་བརྒྱད་བྱ་བ་བྱུང་ངོ་། །ལྡོང་དང་སྟོང་གཉིས། སེ་དང་སྨུ་གཉིས་ཏེ་ནང་གི་མིའུ་རིགས་བཞི་བྱ་བར་གྲགས་ཏེ། བོད་ཡུལ་ཁ་བ་ཅན་གྱི་མི་ལ་སྔ་བ་ཡང་དེ་རྣམས་ཡིན་ནོ། །” ⑥ཞེས་དང་། དེ་དག་ལས་དབྲ་དང་འབྲུ་མཆེད་པ་བཅས་ལ་མིའུ་གདུང་དྲུག་ཏུ་འབོད་པ་ནི་བོད་མིའི་མིང་རུས་ཀྱི་འབྱུང་རྩ་ཡིན་ཞིང་། དེ་ལས་རིམ་བཞིན་རུས་ཆེན་བཅོ་བརྒྱད་དང་། རུས་ཕྲན་བརྒྱ་རྩ་བརྒྱད། བརྒྱ་དང་བཞི་བཅུ་སོགས་སུ་མཆེད་ཅིང་རུས་མིང་འདོགས་སྲོལ་བྱུང་བ་དག་ལས་གདོད་མའི་ཚོ་རིགས་སྤྱི་ཚོགས་ནང་དུ་མིའི་མིང་དང་རུས་མིང་ཁ་ཁར་ཕྱེ་རྒྱུ་མེད་པར་རུས་རྒྱུད་ཚོ་ཁག་སོ་སོའི་ཁྱད་པར་འབྱེད་བྱེད་ཀྱི་རྟགས་མཚན་དུ་མངོན་ཤས་ཆེ་ལ། དེ་ནས་མ་རྒྱུད་སྤྱི་ཚོགས་ཀྱི་སྐབས་ཙམ་ན། མའི་མཚན་ཟུར་ལས་དྲས་པའི་མིང་འདོགས་སྲོལ་ཞིག་ཀྱང་ཡོད་པ་ཕྱིས་འབྱུང་གི་ལོ་རྒྱུས་དེབ་ཐེར་སོགས་ལས་གསལ་ཏེ། དཔེར་ན་གནམ་གྱི་ཁྲི་བདུན་འདྲེན་སྐབས།གཉའ་ཁྲི་བཙན་པོ་དང་། མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབས་ཁྲི་བཙན་པོ་ཞེས་བཞིན་དྲངས་པ་ལས་ཁོ་ཚོའི་གདུང་རྒྱུད་ཀྱི་འབྲེལ་བ་ཅིག་ཅར་དུ་རྟོགས་ནུས་པར་མ་ཟད།《མཁས་པའི་དགའ་སྟོན་》དུ། “ཡུམ་གྱི་མཚན་གནམ་མུག་མུག་ཟེར། དེ་ལས་སྐྱེས་པས་མུག་ཁྲི་བཙན་པོ། དེ་བཞིན་དུ་ས་དིང་དིང་། སོ་ཐམ་ཐམ། དོག་མེར་མེར། གདགས་ལྷ་དཀར་མོ། སྲིབས་ལྷ་སྔོན་མོ་རྣམས་ཡུམ་ཡིན་པས་སོ་སོའི་མཚན་བཏགས།” ⑦ ཞེས་བཞིན་བཀོད་པ་ལས་གནམ་གྱི་ཁྲི་བདུན་གྱི་སྐབས་སུའང་མ་རྒྱུད་སྤྱི་ཚོགས་ཀྱི་ཤུགས་རྐྱེན་སྔར་བཞིན་དུ་གནས་པ་མཚོན་ཡོད། ཡང་དཔེར་ན་བར་གྱི་ལེགས་དྲུག་སྟེ། ཨ་ཤོ་ལེགས་དང་། གུ་རུམ་ལེགས། དེ་ཤོ་ལེགས། འབྲང་ཞི་ལེགས། ཐི་ཤོ་ལེགས། ཨི་ཤོ་ལེགས་ཞེས་པའི་མཚན་དག་ནི་ཞང་ཞུང་གི་སྐད་དུ་གོ་ཞིང་། འབྲང་ཞི་ནི་འཇའ། ཐི་ཤོ་ནི་རིག་པ། ཨི་ཤོ་ནི་སྙན་གྲགས་ཞེས་བཞིན་འགྲེལ་བ་ལས་ཞང་ཞུང་གི་ཤེས་རིག་གམ་བོན་གྱིས་སྐབས་དེའི་གོང་རིམ་སྤྱི་ཚོགས་དང་ཆོས་ལུགས་དད་མོས་ཁྲོད་གོ་གནས་གལ་ཆེན་ཟིན་པ་མངོན་པར་མཚོན་ཡོད་པ་དང་། ད་ལྟའི་བོད་མིའི་མིང་འདོགས་ལུགས་ལྟར་ནའང་། ལྷ་མིང་ཆོས་མིང་དང་སྐྱེས་ཆེན་དམ་པའི་མཚན་གསོལ་ཚུལ་སོགས་ལ་བརྟེན་ནས་རང་ཅག་གི་བློས་མོས་དད་འདུན་དང་བཀྲ་ཤིས་ལྟས་ལེགས་པའི་རེ་སྨོན་ངེས་ཅན་མཚོན་ཡོད་པར་མ་ཟད། དམངས་སྲོལ་ཡུལ་གོམས་གྱི་གནས་བབ་ཀྱང་ངེས་ཅན་མཚོན་འདུག་སྟེ། དཔེར་ན་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དང་། སངས་རྒྱས་སྐྱབས། སྒྲོལ་མ་ཐར། ཆོས་འཕེལ། བསྟན་འཛིན། འཕགས་པ་ཐར། ཚེ་རིང་ལོ་བརྒྱ། ཛམ་ལྷ་ཚེ་རིང་ཞེས་པ་སོགས་ལས་ལེགས་པར་རྟོགས་ཐུབ་ལ། ཡང་ཨ་མདོའི་རེབ་གོང་དང་། གཅན་ཚ། རྡོ་སྦིས། དཔའ་ལུང་ས་ཆའི་བོད་མིང་ལས་ཤ་བོ་སྐྱབས། ཤ་བོ་ཐར། ཤ་བོ་རྒྱལ། ཤ་བོ་ཚེ་རིང་། ཤ་བོ་སྒྲོལ་མ། ཤ་བོ་སྐྱིད། ཤ་བོ་དོན་གྲུབ་ཅེས་པའི་མིང་ཧ་ཅང་མང་བ་ཡུལ་ཕྱོགས་འདི་དག་གིས་ཉེ་འཁོར་གྱི་གཞི་བདག་ཨ་མྱེས་ཤ་བོ་ལ་གནས་སྐོར་ཕྱག་མཇལ་བགྱིས་ཏེ་བྱིས་པར་སྲི་མིང་འདོགས་པའི་སྲོལ་རྒྱ་ཆེར་སྤེལ་བ་ལས་བྱུང་བ་ཡིན་པས། མིང་འདོགས་ཚུལ་འདི་ལས་ཤ་བོ་ཞེས་པའི་གཞི་བདག་ལ་བརྟེན་ནས་བྱིས་པར་ནད་སེལ་བགེགས་གནོན་གཏོང་བའི་ས་གནས་དམངས་སྲོལ་གྱི་ཆོ་ག་མཚོན་ཡོད་དོ། །
         དུས་སྐབས་སོ་སོའི་རིག་གནས་འབྲེལ་འདྲིས་ཀྱི་རྒྱབ་ལྗོངས་མི་འདྲ་ཞིང་སྤྱི་ཚོགས་རིག་གནས་ཀྱི་ཤུགས་རྐྱེན་མི་འདྲ་བ་ལས་ཀྱང་བོད་པའི་མི་མིང་གི་འདོགས་ལུགས་རང་མཚན་ཅན་དུ་མངོན་འདུག་སྟེ། སྔར་བོད་མི་རང་ལ་རུས་སྦྱར་ནས་མིང་འདོགས་སྲོལ་ཡོད་ཅིང་བོད་བཙན་པོའི་སྐབས་ཙམ་ནའང་མཆིམས་དང་། འབལ། རྔེགས། འབྲོ། ཅོག་རོ། བྲན་ཀ་ཞེས་པ་རུས་སུ་སྦྱར་ནས་མིང་བཏགས་པ་རྡོ་རིང་གི་ཡི་གེ་སོགས་སུ་གསལ་བར་སྣང་ལ། བོད་བཙན་པོའི་ཡར་སྔོན་དུ་བོན་གྱི་ཤུགས་རྐྱེན་ལས་ཞང་སྐད་ལ་སྦྱར་བའི་མིང་གི་འདོགས་སྲོལ་མང་བ་ཙམ་ལས་གཞན། ད་དུང་ཆེ་བརྗོད་དང་རང་མོས་ཀྱི་འདོད་འདུན་ལྟར་སྤུ་དེ་གུང་རྒྱལ་ཞེས་དང་། རུ་ལས་སྐྱེས། སྟག་རི་གཉན་གཟིགས། ཞང་ཁྲི་སུམ་རྗེ། མང་གཟིགས། ཁྲོམ་ལེགས། སྟག་ཆུང་། རྒྱལ་བཟང་ཞེས་བཞིན་དུ་གསོལ་བ་ལ་ནང་ཆོས་རིག་གནས་ཀྱི་ཤུགས་རྐྱེན་ཅི་ཡང་མེད་མོད། འོན་ཀྱང་སྤུ་དེ་གུང་རྒྱལ་ལ་ཤཀྱ་ཡག་ཅེས་ཀྱང་བྱ་བ་ལ་《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ་》ལས། “ཏྲི(གྲི)གུམ་ཙད་པོའི(བཙན་པོ)རང(རིང)ལ་བོད་ཁམས་ཕུང་དུ་ཐོ་བས་ན། བོད་ལ་ཆོས་ཀྱང་ཟུར་ཙམ་དེ་རུ་བྱུང་། ......གཤེན་བོན་ཀུན་གྱི(གྱིས)མཚན་བཏག་པས། སྤུ་དེ་གུང་རྒྱལ་ཞེས་ཀྱང་བྱ། ཆོས་ཀྱི་མིང་ལ་ཤཀྱ་ཡག་བྱ་བ་ཡིན།” ⑧ ཞེས་པ་ལས་ནང་པའི་ཆོས་དེ་སྔ་ཙམ་དུ་བོད་ལ་དར་ཙམ་བྱུང་བ་རྟོགས་ནུས་པ་དང་། དེའི་ཕྱི་རྗེས་སུ་བོད་ལ་ནང་བསྟན་དར་རྗེས་ནས་བཟུང་། ནང་བསྟན་རིག་གནས་ཀྱི་ཤུགས་རྐྱེན་ཇི་སྙེད་ལས་བོད་མིའི་མིང་ལ་རང་སྐད་དུ་ཞང་ཡེ་ཤེས་སྡེ་དང་། མྱང་ཏིང་འཛིན། ཀླུ་མེས་ཤེས་རབ་ཅེས་སོགས་བྱུང་ཡོད་པར་མ་ཟད། མཐའ་གཅིག་ཏུ་ལེགས་སྦྱར་སྐད་རྐྱང་རྐྱང་གིས་མཚན་གསོལ་བའང་ཡོད་དེ། དཔེར་ན་སཾབྷོཊ་དང་། སང་ཤི་ཏ། བཻ་རོ་ཙ་ན། ཏཱ་ར་ན་ཐ། རཏྣ་བྷ་དྲ། དྷརྨ་བྷ་དྲ་ལྟ་བུ་དང་།ཡང་མར་ཤཀྱ་མུ་ནེ་དང་། ཤཀྱ་བློ་གྲོས། གཙང་སྨྱོན་ཧེ་རུ་ཀ ཏཱ་རེ་སྐྱིད་ལྟ་བུ་སཾ་བོད་སྐད་གཉིས་སྦྲགས་མས་མིང་དུ་བཏགས་པ་ཡིན་ལ། ད་དུང་ཆོས་ཀྱི་གྲུབ་མཐའ་དང་། གཞུང་ལུགས། ཆོ་ག་རིམ་གྲོ། ལྷ་དཀོན་མཆོག་གསུམ་དང་སྐྱེ་ཆེན་དམ་པ་སོགས་དང་འབྲེལ་ནས་མི་མིང་ལའང་བསྟན་འཛིན་དང་། བསམ་གཏན། རིག་འཛིན། དཀོན་མཆོག བློ་བཟང་། བྱང་ཆུབ། ཡེ་ཤེས་སོགས་ཀྱི་འདོགས་ལུགས་མང་དུ་གྲུབ་ཅིང་། ཞར་ལ་བོན་གྱི་བསྟན་པ་སྤྱི་དང་བྱེ་བྲག་ཕྱྭ་གཤེན་གཏོ་བཅོས་སོགས་ཀྱི་རིག་གཞུང་དང་སྦྲགས་ནས་བོད་མིང་དུ་གཤེན་དཀར་ཀླུ་དགའ་དང་། གཤེན་མཁས་གྲུབ། གཡུང་དྲུང་བོན་རྒྱལ་སོགས་ཀྱི་མིང་གི་སྤེལ་སྟངས་མང་དུ་བྱུང་བ་ལས་བན་བོན་གཉིས་ཀྱི་ཆོས་ལུགས་ཀྱིས་བོད་ཀྱི་སྤྱི་ཚོགས་སུ་གོ་གནས་གལ་ཆེན་ཟིན་ཡོད་པ་ཤེས་ནུས། ཉེ་རབས་ཀྱི་སྐབས་ཙམ་ན་བོད་མིང་གི་འདོགས་ལུགས་ལ་རྒྱའི་རིག་གནས་ཀྱི་ཤན་ཞུགས་དྲག་ཅིང་། རྒྱའི་མིང་གི་འདོགས་ལུགས་དང་འབྲེལ་ནས་བོད་མིའི་མིང་དུའང་རྒྱ་སྐད་ལྟར་རུས་སྦྱོར་བ་དང་། ཡང་ན་བོད་མི་གཅིག་ལ་རྒྱ་མིང་དང་བོད་མིང་གཉིས་རེ་དང་། ཡང་ན་མཐའ་གཅིག་རྒྱ་མིང་གཅིག་རྐྱང་བཏགས་པའང་ཡོད་དེ། དཔེར་ན་ཨ་མདོ་ཡུལ་གྱི་ཅོ་ནེ་དཔོན་ཚང་གི་རུས་ནི་སྔར་རུས་དགའ་ཡིན་པ་རིམ་པར་བརྒྱུད་ནས་དབང་ཕྱུག་གིས་སྲིད་བསྐྱངས་པའི་བར་དུ་མ་ཉམས་ཀྱང་། དེ་དུས་ནས་བཟུང་“ཅཱེང་ཏཱེ་རྒྱལ་བོ་(正德皇帝)ཁྲི་ལོ་གསུམ་པ་རབ་བྱུང་དགུ་བའི་ཆུ་སྤྲེལ་ལ་རྒྱལ་བོ་མཇལ། རུས་མིང་ཡང་གྱར་(杨家)དྲངས་ཏེ་ཡང་ཧུང་(杨洪)ཞེས་བཏགས། བདག་རྐྱེན་ཆེ། ཡར་འཁོར་ནས་ལ་ལུང་དུ་བཞུགས། གཅུང་ཆོས་ལུང་དུ་བཞུགས་པའི་རིགས་རྒྱུད་དར་རྒྱས་བྱུང་། སྔ་མའི་སྲས་ཡང་ཙིན(杨臻)། འདིས་མཁར་རྫོང་བརྩིགས། ......དེའི་སྲས་ཡང་ཁུ་(杨葵)” ⑨ཞེས་བཞིན་དུ་བཀོད་པ་ལས་ཅོ་ནེ་དཔོན་ཆེན་གྱི་རུས་ཡང་(杨)ལ་གཏོགས་པར་བྱས་པ་དང་། མཚོ་སྔོན་ལུང་མདོའི་གྲོ་ཚང་གི་རུས་ལྟར་ནའང་། སྔར་དབུས་གཙང་གྲོ་བོ་ལུང་ནས་མཆེད་པའི་གླང་དཀར་པོའི་གདུང་རྒྱུད་དུ་ངེས་མོད་ཀྱང་། ཕྱིས་སུ་ཁོ་ཚོར་བོད་མིང་གི་སྔོན་དུ་མཱེ་(麦/梅)ཞེས་པའི་རུས་ཤིག་སྦྱོར་སྲོལ་བྱུང་བ་ནི་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་གནང་བར་བཞེད་ལ། གཞན་ད་དུང་མདོ་ཁམས་ཀྱི་མཐའ་བོད་རྒྱ་འདྲེས་མཚམས་ཀྱི་ཡུལ་གྲུ་སྟེ་མཚོ་སྔོན་དང་ཀན་སུའུ་ཕྱོགས་ཀྱི་དཔའ་རིས་པ་དང་གྲོ་ཚང་སོགས་དང་། སི་ཁྲོན་གྱི་རྔ་བ་འབར་ཁམས་དང་དར་མདོ་སོགས་དང་། ཡུན་ནན་རྒྱལ་ཐང་སོགས་སུ་བོད་མི་རེ་འགར་བོད་མིང་དང་རྒྱ་མིང་གཉིས་རེ་བཏགས་ཡོད་པ་དང་། རེ་འགའ་ལ་ད་དུང་རྒྱ་མིང་རྐྱང་རྐྱང་གི་འབོད་སྟངས་ལས་མེད་པས་ན། ཚུལ་འདི་དག་ལས་ཉེ་རབས་ཀྱི་སྐབས་ཙམ་ནས་ནང་སའི་དབུས་ཁུལ་གྱི་རྒྱལ་རབས་རིམ་བྱུང་དང་མདོ་ཁམས་ཀྱི་ས་གནས་སྲིད་དབང་བར་གྱི་འབྲེལ་བ་ཇེ་དམ་དུ་གྱུར་ཅིང་། ས་གནས་འདི་དག་ཏུ་བོད་རྒྱ་མི་རིགས་འདྲེས་སྡོད་དང་འཆམ་མཐུན་མཉམ་གནས་སུ་ཡོད་པའམ་ཕན་ཚུན་བར་རིག་གནས་མཉམ་འདྲེས་ཀྱི་སྣང་ཚུལ་ཞིག་ཀྱང་གྲུབ་འདུག་པ་གསལ་པོར་རྟོགས་ནུས། དེ་མཚུངས་སུ་བཅིངས་འགྲོལ་བྱས་རྗེས་སུ་རྒྱལ་ནང་གི་ཆབ་སྲིད་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། སྒོས་སུ་རིག་གནས་གསར་བརྗེ་ཆེན་པོའི་དུས་སྐབས་སུ་གཡོན་གྱི་བསམ་བློའི་སྐྱོམ་ཤུགས་སོགས་སྤྱི་ཚོགས་རིག་གནས་ཀྱི་འཕོ་འགྱུར་དག་གིས་ནམ་རྒྱུན་མི་རྣམས་ཀྱི་འཚོ་བའི་གཏམ་སྤྱོད་གང་རུང་ལ་ཤུགས་རྐྱེན་ཐེབས་ཙ་ན། བོད་མིའི་མིང་གི་འདོགས་ལུགས་ལའང་རིག་གནས་འཕོ་འགྱུར་དེ་དག་གི་རྟགས་ཐེམ་མངོན་གསལ་དུ་བཏབ་ཅིང་མིང་གང་ལ་དུས་རབས་ཀྱི་ཁྱད་ཆོས་ཤིག་ཀྱང་མངོན་གསལ་ལྡན་པར་གྱུར་འདུག་སྟེ། དཔེར་ན་བོད་མིའི་མིང་ལ་ཀྲུང་གོ་ཚེ་རིང་དང་། གསར་བརྗེ་སྐྱིད། ཏང་དགའ། དམངས་ཚེ་རིང་། ཧོང་ཆིས།(红旗) ཧོང་བིས་(红卫)ཞེས་སུ་གསོལ་འདུག་པ་དང་། ཉིན་རྒྱུན་གྱི་ཆབ་སྲིད་འཚོ་བའི་འཐབ་རྩོད་དང་འབྲེལ་ནས་འབོད་མིང་དུ་ཁུ་ཚུར་ཐར་དང་ངོ་ལོག་ཐར་ཞེས་པའང་མང་དུ་བྱུང་བ་ལས། མིང་འདོགས་ལུགས་གང་རུང་ལ་དུས་སྐབས་མི་འདྲ་བའི་རིག་གནས་ཀྱི་འབྲེལ་འདྲིས་དང་ཤུགས་རྐྱེན་སྣ་ཚོགས་པའི་རྟགས་ཐེམ་བཏབ་ཅིང་དུས་རབས་ཀྱི་ཁྱད་ཆོས་ཅན་ཞིག་ཏུ་མངོན་འདུག་པ་གསལ་པོར་ཤེས་སླའོ། །
དེས་ན་རིག་གནས་དང་འབྲེལ་བའི་བྱེ་བྲག་བོད་མིའི་མིང་གི་འདོགས་ལུགས་གྲུབ་སྟངས་དང་རིགས་དབྱེ་ཁྱད་ཆོས་སོགས་ཇི་ལྟར་ལགས་ཞེ་ན། 
         གཅིག འདིར་ཐོག་མར་བོད་མིའི་མིང་གི་འདོགས་ལུགས་གྲུབ་སྟངས་བརྗོད་པར་བྱ་བ་ལ་གཤམ་གྱི་དོན་ལྔ་ཙམ་སྣང་སྟེ།
         1.སྐབས་དོན་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་ལས་རུས་ཡོད་དང་རུས་མེད་ཀྱི་མི་མིང་གྲུབ་སྟངས་ཤིག་སྣང་སྟེ། དཔེར་ན་མཆིམས་བློ་བཟང་གྲགས་པ་དང་། རྔོག་བློ་ལྡན་ཤེས་རབ། མཱེ་དོན་གྲུབ། ཝང་པདྨ་ལྟ་བུ་ལ་རུས་ཡོད་ཀྱང་། དཔའ་བོ་གཙུག་ལག་ཕྲེང་བ། དགེ་འདུན་ཆོས་འཕེལ་ལྟ་བུ་ལ་རུས་སྦྱར་དུ་མེད་པ་ལྟ་བུའོ། །
         2.རིག་གནས་ཀྱི་ཤུགས་རྐྱེན་འདྲ་མིན་ཆ་ནས་རང་སྐད་ཀྱི་མིང་དང་གཞན་སྐད་ཀྱི་མིང་སོ་སོར་གྲུབ་པ་ཞིག་ཀྱང་སྣང་སྟེ། དཔེར་ན་བོད་མི་ཕལ་མོ་ཆེ་ལ་རང་སྐད་གཅིག་རྐྱང་གི་མིང་ལས་མེད་ཀྱང་། ཉུང་ཤས་ཤིག་ལ་གཞན་སྐད་ཀྱི་མིང་ལས་མེད་པ་དང་། འགའ་ཞིག་ལ་རང་སྐད་གཞན་སྐད་སྦྲགས་མའི་མིང་ཡོད་པ་དང་། ཡང་འགའ་ཞིག་ལ་རང་སྐད་དང་གཞན་སྐད་གཉིས་ཀྱི་མིང་རེ་ཡོད་པ་ལྟ་བུ་ལགས་སོ། །
         3.ཆོས་སྒོར་ཞུགས་མ་ཞུགས་པའི་ཆ་ནས་མི་མིང་ལ་སྐྱ་མིང་དང་གྲྭ་མིང་གི་ཁྱད་པར་ལྡན་ཞིང་། སྐྱ་མིང་ལའང་བྱེ་བྲག་ཏུ་ཆོས་ལུགས་ཀྱི་གཞུང་དོན་དང་། ཡུལ་ལྷ་གཞི་བདག བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་སོགས་ཀྱི་མཚན་ཟུར་ལས་གྲུབ་པ་དང་། རང་བྱུང་ཁམས་ཀྱི་མཛེས་ཆོས་གང་ལེགས་དང་སྦྱར་ནས་གྲུབ་འདུག་པ། འབྱུང་རྩིས་མོ་དཔྱད་སོགས་ལས་ཆོག་དང་འབྲེལ་ནས་མིང་དུ་བཏགས་པ།ནད་སེལ་བགེགས་གནོན་གྱི་བཅོས་ཐབས་དང་འབྲེལ་ནས་སྲི་མིང་དུ་བཏགས་པ། བཙས་སྐྱེས་ཀྱི་དུས་གནས་དང་སྦྱར་ནས་བཏགས་པ། རེ་མོས་འདོད་འདུན་དང་ཐུགས་སྨོན་དང་འབྲེལ་ནས་བཏགས་པ། དུས་བབ་ཀྱི་དགེ་མཚན་དང་བསྟུན་ནས་མི་མིང་དུ་བཏགས་པ་སོགས་སྣ་ཚོགས་སུ་སྣང་ལ། གྲྭ་མིང་ལ་ཆོས་མིང་ཞེས་ཀྱང་བྱ་ཞིང་། འདི་ལའང་བྱེ་བྲག་ཏུ་ཆོས་ལུགས་གྲུབ་མཐའི་ལྟ་དགོངས་དང་། ཆོ་ལོ་དང་བསླབ་གནས། གོ་ས། རྒྱུད་རབས། དགོན་གཞིས་ས་གནས་སོགས་མི་འདྲ་བའི་ཆ་ནས་གྲུབ་སྟངས་སྣ་ཚོགས་སྣང་བ་ཁོ་བོའི་དཔྱད་རྩོམ་གཞན་⑩དུ་ཤེས་པར་བྱའོ། །
         4.མི་སྣའི་འབྲེལ་བ་མི་འདྲ་བ་ལས་དངོས་མིང་དང་བསྡུས་མིང་གི་སྦྱོར་ལུགས་གྲུབ་སྟངས་ཤིག་ཀྱང་ལྡན་པ་ལས། དངོས་མིང་ནི་སྤྱིར་བཏང་དུ་རང་དང་ཉེ་འབྲེལ་ཆེར་མེད་པའམ་མི་རྒྱུས་མེད་ལ་སྦྱོར་བ་དང་། བསྡུས་མིང་ནི་རང་དང་ཉེ་འབྲེལ་ཡོད་ཅིང་མི་རྒྱུས་ཡོད་འདྲིས་ཆ་ཅན་དུ་སྦྱོར་ཆེ་ལ། འདི་ལ་བྱེ་བྲག་ཏུ་སྤེལ་སྟངས་སམ་གྲུབ་ལུགས་མི་འདྲ་བ་མང་ཙམ་སྣང་སྟེ། དཔེར་ན་དཀོན་མཆོག་ཚེ་བརྟན་ལ་དཀོན་མཆོག་ལྟ་བུ་ཚེག་ཁྱིམ་ཕྱི་མ་གཉིས་དོར་ནས་བསྡུས་མིང་དུ་གྲུབ་པ་དང་། ཡེ་ཤེས་སྒྲོལ་མ་ལ་སྒྲོལ་མ་ཞེས་པ་ལྟ་བུ་ཚེག་ཁྱིམ་སྔ་མ་གཉིས་དོར་ནས་བསྡུས་མིང་དུ་གྲུབ་པ་དང་། ཡང་དགེ་འདུན་ཆོས་འཕེལ་ལ་དགེ་ཆོས་ལྟ་བུ་ཚེག་ཁྱིམ་གཉིས་བཞི་དག་དོར་ནས་བསྡུས་མིང་དུ་གྲུབ་པ་དང་། ཚེ་རིང་སྒྲོལ་མ་ལ་ཚེ་མ་ལྟ་བུ་ཚེག་ཁྱིམ་བར་མ་རྣམས་དོར་ནས་བསྡུས་མིང་དུ་གྲུབ་པ་དང་། རྡོ་རྗེ་བཀྲ་ཤིས་ལ་རྡོ་ལོ་དང་། རྡོ་རྗེ་འབུམ་ལ་རྡོ་བྷ་ལྟ་བུ་ཚེག་ཁྱིམ་ཐོག་མ་ལས་གཞན་རྣམས་དོར་བའི་མཐར་ཕྱི་རྐྱེན་སྦྱར་ནས་གཅེས་མིང་ངམ་བསྡུས་མིང་དུ་གྲུབ་པ་དང་། བཀྲ་ཤིས་རྒྱ་མཚོ་ལ་བཀྲ་བཀྲ་དང་། བསོད་ནམས་མགོན་པོ་ལ་པོ་པོ་ལྟ་བུ་ཚེག་ཁྱིམ་ཐོག་མ་དང་ཡང་མཐའ་མ་དག་བཟློས་ཤིང་གཞན་རྣམས་དོར་ནས་བསྡུས་མིང་དུ་གྲུབ་པ་སོགས་མང་དུ་སྣང་ལ། འདི་ལྟའི་དངོས་མིང་དང་བསྡུས་མིང་རྣམས་ཕལ་ཆེ་བ་འབྲེལ་འདྲིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྣམ་འགྱུར་འདྲ་མིན་སོགས་རིག་གནས་ཀྱི་སྐབས་དོན་མི་འདྲ་བ་དང་བསྟུན་ནས་གང་མཁོ་དེ་བསྟུན་གྱིས་འདེམས་སྤྱོད་བྱེད་པ་ཞིག་ཡིན་ནོ། །
         5.སྐབས་དོན་བློའི་དཔྱད་འཇོག་དང་ཡིད་ཀྱི་རྣམ་འགྱུར་འཛིན་སྟངས་མི་འདྲ་བ་ལས་མིང་དངོས་ཀྱི་ཐོག་མཐའ་རུ་གྲུབ་ཆ་གཞན་སྦྱར་ནས་མི་མིང་ཅི་རིགས་སུ་སྤེལ་ཅིང་གྲུབ་འདུག་སྟེ། དཔེར་ན་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དང་། དགེ་བཤེས་ཤེས་རབ་རྒྱ་མཚོ། ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་ལྟ་བུ་དང་། ཡང་ན་རྡོ་རྗེ་དམར་ལྡང་དང་། རྟ་མགྲིན་ཆུང་བ། བཀྲ་ཤིས་རྒྱགས་པ། བསམ་གཏན་རྐང་ཏོ་ལྟ་བུ་དང་། ཡང་ན་ཨ་ཁུ་བཤད་སྒྲུབ་བདེ་གཤེགས་ཚང་ལྟ་བུའི་འབོད་མིང་གི་སྦྱོར་ལུགས་གྲུབ་སྟངས་ལ་ཡུལ་མཆོག་དམན་གྱི་ཆ་ནས་གུས་ལུགས་བཀུར་བཟོ་དང་། དམའ་འབེབ་མཐོང་ཆུང་། ངན་ངག་མཚང་འབྲུ་བྱེད་པ་སོགས་བློའི་དཔྱད་འཇོག་དང་ཡིད་འགྱུར་གྱི་ཁྱད་ཆོས་མངོན་གསལ་ལྡན་ནོ། །
         གཉིས། བོད་མིའི་རུས་མིང་གི་འདོགས་ལུགས་སམ་འབོད་མིང་གི་ཁྱད་ཆོས་རྣམས་མདོར་བསྒྲིལ་ན་གཤམ་གསལ་ལྟར་ལགས་ཏེ།
         1.མི་མིང་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་མངོན་གསལ་ལྡན་ཏེ། སྤྱིར་བོད་ཀྱི་རིག་གནས་ལ་བོན་བསྟན་དང་ནང་པའི་ཆོས་ཀྱི་ཤན་ཞུགས་གཏིང་ཟབ་ཏུ་ལྡན་པ་བཞིན་དུ་བོད་མིའི་མིང་གི་འདོགས་ལུགས་ལའང་ཆོས་ལུགས་ཀྱི་ཤན་ཞུགས་དྲག་ཅིང་། སྐྱ་སེར་གྱི་མིང་གང་ཡིན་རུང་ཆོས་ལུགས་གྲུབ་མཐའ་སོ་སོ་དང་། དེ་དག་དང་འབྲེལ་བའི་གཞུང་དོན་དང་། ལྷ་ཚོགས། སྐྱེས་ཆེན་དམ་པ། ཆོས་ཆས། ལས་ཆོག་སྣ་ཚོགས་དང་འབྲེལ་ནས་ཁྱད་པར་ཅན་དུ་གྲུབ་འདུག་པ་བོད་མིའི་འབོད་མིང་གི་ཁྱད་ཆོས་མངོན་གསལ་ཞིག་གོ །
         2.མི་མིང་ལ་ཡུལ་ཁམས་ཀྱི་ཁྱད་ཆོས་ཤིག་ཀྱང་མངོན་གསལ་ལྡན་ཏེ། མི་རིགས་གཅིག་ལའང་ནང་ཁུལ་དུ་ཡུལ་ཕྱོགས་མི་འདྲ་བའི་ས་གནས་དམངས་སྲོལ་རིག་གནས་དང་། སྒོས་སུ་ཡུལ་གྲུ་སོ་སོར་ཡུལ་ལྷ་དང་གཞི་བདག་སོགས་དང་འབྲེལ་བའི་དམངས་ཁྲོད་ཀྱི་དད་མོས་དང་། དམངས་སྲོལ་ཡུལ་གོམས། དུས་སྟོན་མཛད་སྒོ་སོགས་སྣ་ཚོགས་སུ་སྣང་བ་རྒྱུ་མཚན་དུ་བྱས་ནས་མིའི་མིང་འདོགས་སྟངས་ལའང་དབུས་གཙང་པ་དང་མདོ་ཁམས་མི་འདྲ་ཞིང་། ཨ་མདོ་པ་དང་ཁམས་པ་ལའང་ཁྱད་པར་ལྡན་ལ། བྱེ་བྲག་ཨ་མདོ་ལྟར་ནའང་ནང་ཁུལ་དུ་མིང་གི་འདོགས་ལུགས་ལ་ཡུལ་ལུང་རང་བཞིན་གྱི་ཁྱད་ཆོས་ལྡན་པ་བཞིན་ནོ། །
         3.མིང་གི་འདོགས་སྟངས་ལ་ཕོ་མོའི་ཁྱད་པར་ཞིག་ཀྱང་ཡོད་དེ། མི་རིགས་གང་ཡང་རུང་རང་ངོས་ནས་ཕོ་མོའི་ལྟ་སྟངས་མི་འདྲ་བ་དང་སྤྱི་ཚོགས་སེམས་ཁམས་ཀྱི་ཆ་ནས་སོ་སོར་གཟུགས་མེད་ཀྱི་ཚད་གཞི་ཐ་དད་དུ་སྣང་ཕྱིར། བོད་མིའི་མིང་གི་འདོགས་ལུགས་ལའང་ཕོ་མོའི་ཁྱད་པར་ལྡན་པ་དཔེར་ན། མོའི་མིང་མཐར་མོ་དང་། སྐྱིད། མཚོ་སོགས་འབྱུང་ཤས་ཆེ་བ་དང་། ཕོའི་མིང་མཐར་སྐྱབས་དང་། འབུམ། རྒྱལ་སོགས་སྦྱོར་བ་མང་ལ། སྤྱིར་བཏང་དུ་ཕོ་མིང་ལ་བརྗིད་བག་ཆགས་ཤིང་ཤིས་ཚིག་གི་བྲོ་ཉམས་ལྡན་པ་དང་། མོའི་མིང་ལ་སྙན་ཞི་འཇམ་གསུམ་དང་བཅས་པའི་མཛེས་སྣང་གི་ཉམས་འགྱུར་ཞིག་ལྡན་པ་སྤྱི་ཚོགས་རང་ངོས་ནས་སོ་སོར་ཐུན་མིན་གྱི་སེམས་ཁམས་ཤིག་སྣང་བའི་རྐྱེན་གྱིས་རེད་སྙམ་མོ། །
         4.བོད་མིའི་འབོད་མིང་ལ་རྒན་གཞོན་ལོ་ཚོད་ཀྱི་ཆེ་ཆུང་དང་ཁྱད་པར་ཡང་མངོན་གསལ་ལྡན་ཏེ། དཔེར་ན་རྒན་རབས་ཀྱིས་རྗེས་རབས་པར་གཅེས་མིང་དང་བསྡུས་མིང་གིས་འབོད་པ་དང་། རྗེས་རབས་པས་རྒན་རབས་དག་ལ་གུས་མིང་སྦྱོར་བ་མང་བ་སོགས་ཆེ་བཀུར་ཆུང་བྱམས་ཀྱི་སྤྱི་ཚོགས་སྤྱོད་བཟང་ལས་གྲུབ་ཅིང་། མིང་གི་འདོགས་ལུགས་ལྟར་ནའང་རྒན་རབས་དག་ལ་མཁྲེགས་འཛིན་ཆེ་ཞིང་སྔར་འདྲིས་ཀྱི་ཕྱག་ལེན་ལུགས་སྲོལ་ལས་ཆེར་འདའ་མེད་པ་དང་། ན་གཞོན་རྣམས་ཀྱི་མིང་གི་འདོགས་སྟངས་ལ་དུས་བབ་དང་བསྟུན་དྲག་ཅིང་ལྟོས་ལེགས་མཛེས་གསར་གྱི་ཆར་སྙེག་ཅི་ཐུབ་ཀྱི་ཁྱད་ཆོས་ཤིག་ཀྱང་ལྡན་པས་ན། བོད་མིའི་འབོད་མིང་དང་མིང་གི་འདོགས་ལུགས་འདི་དག་ལ་སྐྱེས་རབས་རྒན་གཞོན་སོ་སོའི་དམིགས་བསལ་གྱི་སེམས་ཁམས་དང་འབྲེལ་བའི་ཁྱད་ཆོས་ཤིག་ཀྱང་ཐ་དད་དུ་སྣང་ངོ་། །
         5.བོད་མིའི་འབོད་མིང་ལ་ཐོབ་ཐང་སོགས་གནས་སྐབས་མི་འདྲ་བའི་ཆ་ནས་འགྱུར་ཉམས་དང་རྣམ་གྲངས་ཀྱང་སྣ་ཚོགས་སུ་སྣང་སྟེ། འདི་རྣམས་ཕལ་ཆེ་བ་སྤྱི་ཚོགས་མི་སྣའི་ཐོབ་ཐང་གོ་གནས་དང་རིམ་གྲས་འདྲ་མིན་དང་། མི་སྣ་ཕན་ཚུན་བར་གྱི་འབྲེལ་བའི་ཉེ་རིང་སོགས་གནས་སྐབས་རྙོག་འཛིང་གི་ཆ་ནས་སྤྱོད་སྟངས་སམ་སྦྱོར་ལུགས་ཀྱང་ཅི་རིགས་སུ་མངོན་འདུག་པ་དཔེར་ན། ཆེ་བརྗོད་ཀྱི་མིང་དང་། དངོས་མིང་། བསྡུས་མིང་། གཅེས་མིང་། གུས་མིང་། མཚང་མིང་ལྟ་བུ་སོ་སོར་སྤྱོད་སའི་ཁོར་ཡུག་དང་གནས་སྐབས་མི་འདྲ་བ་རེ་ཡོད་ལ། པིར་མིང་ལྟ་བུ་ཡིག་རྩོམ་དུ་འབྱུང་བ་སོགས་སྤྱི་ཚོགས་འཚོ་བའི་རྙོག་འཛིང་གི་ཆ་དང་འབྲེལ་བའི་སྐད་ཆའི་གནས་སྐབས་ཇི་སྙེད་ལས་བྱུང་བ་ཡིན་ནོ། །
ལྔ་པ། རིག་གནས་དང་གཉེན་ཉེའི་འབོད་མིང་།
         སྤྱིར་གཉེན་ཉེ་འབོད་མིང་གི་མ་ལག་ལ་གཉེན་ཉེའི་ལམ་ལུགས་དང་འབོད་མིང་གི་རྣམ་པ་གཉིས་འདུས་པ་ལས། སྔ་མ་ནི་རུས་རྒྱུད་སྣག་མཚམས་ཀྱི་མཆེད་ཁུངས་དང་། ཚེ་རབས་གཅིག་མིན། དངོས་བརྒྱུད་ཀྱི་འབྲེལ་བ། ལོ་ཚོད་ཆེ་ཆུང་། ཕོ་མོའི་ཁྱད་པར་སོགས་སྤྱི་ཚོགས་ཀྱི་གཞི་རྩའི་འབྲེལ་བ་ཇི་སྙེད་ལས་གྲུབ་ཅིང་ཅུང་ཟད་གཏན་འཇགས་ཡིན་པ་དང་། ཕྱི་མ་ནི་ངེས་སྲོལ་ཅན་གྱི་འབྲེལ་བ་དེ་དག་རྣལ་མར་མཚོན་པའི་བརྡ་ཐབས་སུ་ངེས་ལ། མ་ལག་འདི་དག་ཏུ་ཁྱིམ་ཚང་གི་སྒྲིག་གཞི་ནི་མིའི་རིགས་ཀྱི་ཁྱིམ་བཀོད་སྒྲིག་གཞི་ལས་དཀྱིལ་སྙིང་དུ་ངེས་པ་ལ། དངོས་འབྲེལ་དུ་བཟའ་ཟླ་ཁྱོ་ཤུག་ཟུང་དང་། བུ་དང་བུ་མོ། ཕུ་ནུ་མིང་སྲིང་སོགས་གཞིར་བྱས། དངོས་བརྒྱུད་གང་རུང་གི་ཆ་ནས་ཨ་ཞང་ཨ་ཁུ་དང་ཨ་ནེ། མེས་པོ་མེས་མོ། སྒྱུག་པོ་སྒྱུག་མོ་སོགས་ཀྱི་འབོད་མིང་སྣ་ཚོགས་སྣང་། སྐད་བརྡའི་ཁྲོད་ཀྱི་གཉེན་ཚན་འབོད་སྟངས་འདི་དག་ནི་ཅུང་ཟད་གཏན་ཆགས་ཡིན་ཞིང་གཞན་སྐད་ཀྱི་ཤུགས་རྐྱེན་ཐེབས་དཀའ་བ་དང་། མི་རིགས་རང་གི་གཉེན་སྒྲིག་ལམ་ལུགས་དང་ཁྱིམ་གྱི་སྒྲིག་གཞིའི་ཁྱད་ཆོས་འགའ་ཤས་མཚོན་པ་ཞིག་ཡིན་པས། རིག་གནས་ཀྱི་ཤུལ་རྗེས་མངོན་པའི་དན་རྟགས་སུ་བརྩིས་ཆོག་སྟེ། དཔེར་ན་སྐུ་ཞབས་ལའོ་ཁྲང་ཕེ་ཡིས་ཡུན་ནན་ཁུང་མུན་ཉེ་འདབས་ཀྱི་ཧེ་ཐོ་ཅིན་སྡེ་བའི་དབྱིས་ནག་གི་གཉེན་ཚན་འབོད་ཚུལ་ལ་རྟོག་ཞིབ་བྱས་པ་ལྟར་ན། ཁོ་ཚོའི་ཞང་པོའི་བུ་བུ་མོ་དང་། ཨ་ཞང་ཆེ་བ་དང་ཆུང་བ། ཨ་ནེ་ཆེ་བ་དང་ཆུང་བ་བཅས་ཀྱི་འབོད་ཚུལ་གཅིག་མཚུངས་ཡིན་པ་དང་། སྙིད་མོའི་བུ་དང་བུ་མོ་ལ་འབོད་ཚུལ་གཞན་ཞིག་སྣང་། གཞན་བུ་མོའི་ཁྱིམ་མིས་མག་པའི་ཕ་མ་ལ་ཕུ་བོ་(གཅེན་མོའི་བཟའ་ཟླ)དང་ནུ་མོ་ཞེས་འབོད་ལ། ཁྱོ་གའི་ཁྱིམ་མི་རྣམས་ཀྱིས་མནའ་མའི་ཕ་མ་ལ་ནུ་བོ་དང་ནུ་མོ་ཟེར། འདི་དག་ཡ་མཚར་བའི་འབོད་ཚུལ་ནི་ཁོ་ཚོའི་བསྣོལ་མར་བསྡེབས་པའི་གཉེན་སྒྲིག་ལམ་ལུགས་ལས་བྱུང་བ་ཡིན་ལ། གཉེན་སྒྲིག་ལམ་ལུགས་འདི་ལྟར་ན། མིང་སྲིང་དང་ཡང་ན་ཨ་ཅེ་དང་ནུ་བོའི་བུ་བུ་མོ་ཕན་ཚུན་གཉེན་སྒྲིག་བྱས་ཆོག་པ་དང་། ཚ་བོས་ཞང་པོའི་བུ་མོ་ཆུང་མར་བླངས་ཆོག་ན་ཡང་། ཆུང་མའི་ཚ་བོ་དག་གིས་ཨ་ནེའི་བུ་མོ་མནའ་མར་བླངས་མི་ཆོག རྒྱ་སྐད་ཀྱི་གཉེན་ཚན་འབོད་ཚུལ་ཡང་ཧ་ཅང་ཕྲ་ཞིབ་ཡིན་ཏེ། ཕོ་མོ་ལ་ཁྱད་པར་ཡོད་ཅིང་རྒན་གཞོན་ལ་གུས་རིམ་ལྡན་པར་མ་ཟད། ཁྲག་རྒྱུད་ཉེ་རིང་གི་འབྲེལ་བར་ཧ་ཅང་གཙིགས་ཆེན་བྱེད་འདུག དེར་མ་ཟད་མིང་བརྡ་ཁ་ཤས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་ཕོ་མཆོག་མོ་དམན་གྱི་བསམ་བློའི་ཤུགས་རྐྱེན་གཏིང་ཕྱིན་པར་མཚོན་ཐུབ་པས། གཉེན་ཚན་འབོད་ཚུལ་འདི་དག་གཉེན་འབྲེལ་མེད་པའི་མི་རྒྱུས་ཡོད་ལ་སྦྱོར་སྐབས་ཀྱང་སྲོལ་དེ་དག་གསལ་པོར་མཐོང་ཐུབ་སྟེ། དཔེར་ན་ཉེ་སྔོན་པེ་ཅིང་གྲོང་ཁྱེར་མཁར་ཁུལ་གྱི་མི་རབས་གཉིས་ཀྱི་གཉེན་ཚན་འབོད་ཚུལ་ལ་རྟོག་ཞིབ་བྱས་པ་ལྟར་ན། མི་དར་མ་དང་རྒན་གྲས་ཀྱིས་གཉེན་འབྲེལ་མེད་པའི་མི་རྒྱུས་ཡོད་རྒན་རབས་ལ་འབོད་སྐབས་ཡོངས་ཁྱབ་ཀྱིས་大爷、大妈、大叔、大婶、姑、姨སོགས་བཀོལ་བ་ལས་大爷དང་大妈ནི་རྒན་རབས་དེ་རང་གི་ཕ་མ་ལས་ཆེ་བའི་མི་རྒྱུས་ཡོད་ལ་སྦྱོར་བ་དང་། 大叔དང་大婶ནི་རང་གི་ཕ་མ་ལས་ལོ་ཆུང་བའི་རྒན་རབས་རྒྱུས་ཡོད་ལ་བཀོལ་འདུག འབོད་ཚུལ་འདི་གཉིས་ལས་大妈དང་大婶དག་ནི་大爷དང་大叔གཉིས་ཀྱི་ཁོངས་སུ་གཅུན་པར་བྱེད་དེ། གལ་ཏེ་ཁོ་མོ་大爷དང་大叔དག་གི་ཆུང་མ་ཡིན་ཚེ། མོ་རང་གི་ལོ་ཚོད་ཕ་མ་ལས་ཆེ་བའམ་ཆུང་བ་ལ་མི་ལྟ་བར། ཡོད་ཚད་ཁྱོ་བོའི་ལོ་ཚོད་གཞིར་བཟུང་ནས་大妈དང་大婶ཟེར་དགོས་པས། མངོན་གསལ་སྒོས་ཕོ་ལ་གཙིགས་ཆེན་དང་མོ་ལ་སྣང་ཆུང་བྱེད་པའི་བསམ་བློའི་ཕྱོགས་ཞེན་མཚོན་ཡོད། འོན་ཀྱང་ལོ་35མན་གྱི་ན་ཆུང་ཕལ་ཆེ་བས་གོང་གི་དེ་རིགས་ལ་伯伯、阿姨དང་། 叔叔、阿姨ཟེར་བ་ལས་大妈དང་大婶ཟེར་མཁན་ཧ་ཅང་ཉུང་ལ། འདིས་ཀྱང་ཉེ་བའི་ལོ་བཅུ་ཕྲག་འགའི་རིང་བུད་མེད་ལ་སྤྱི་ཚོགས་དང་བཟའ་ཁྱིམ་དུ་རང་དབང་དང་སྒེར་ཚུགས་ཀྱི་གོ་གནས་ཤིག་ཐོབ་ཙ་ན། ཁོ་མོ་ཚོའི་འབོད་ཚུལ་ལའང་ཁྱོ་བོའི་ཆར་གཏོགས་ཀྱི་འབོད་སྟངས་མེད་པ་དང་། རིམ་གྱིས་སྤྱི་ཚོགས་དང་བཟའ་ཁྱིམ་དུ་བུད་མེད་ལ་གོ་གནས་འཕར་བཞིན་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་དར་བ་སོགས་རིག་གནས་ནང་དོན་ཐད་ཀྱི་འགྱུར་ལྡོག་ཁྱད་པར་བ་གསལ་པོར་མཚོན་འདུག་གོ །
         དེ་བཞིན་དུ་བོད་པའི་སྤྱི་ཚོགས་སུ་གཉེན་ཉེ་འབོད་སྟངས་ལ་ཁྱིམ་གཞིས་ལམ་ལུགས་ཀྱི་སྒྲིག་འཛུགས་དམ་ཟབ་ཏུ་ལྡན་པ་དང་། རྒན་རབས་དང་རྗེས་རབས། ཕ་ཚན་དང་མ་ཚན། ཕོ་དང་མོ་སོགས་ཀྱི་དབྱེ་མཚམས་གསལ་པོ་དག་ལ་རིམ་གྲས་ནང་ཁུལ་གྱི་སྒྲིག་གཞི་མངོན་གསལ་དང་འབྲེལ་བའི་འབོད་སྟངས་ཐ་དད་དུ་སྣང་བ་དཔེར་ན། ཕ་དང་ཨ་ཁུ་ཨ་ནེ་དང་། །ཨ་བང་ཨ་མེས་ཨ་ཕྱི་དང་། །ཡང་མེས་ཡང་ཕྱི་ཕ་ཚན་ཡིན། །ཨ་མ་ཨ་མེས་ཨ་ཕྱི་དང་། །ཞང་པོ་མ་སྤུན་མ་ཚན་ཡིན། །ཕུ་ནུ་མིང་སྲིང་སྲུ་མོ་དང་། །ཨ་ཅེ་བུ་མོ་སྣག་ཚ་དང་། །སྣག་མོ་སྣག་གི་ཡང་ཚ་དང་། །ཁྱོ་ག་ཆུང་མ་སྐུད་པོ་དང་། །སྐུད་མོ་གྱོས་པོ་གྱོས་མོ་དང་། ། སྙིད་པོ་སྙིད་མོ་སྒྱུག་པོ་དང་། །སྒྱུག་མོ་མག་པ་མནའ་མའོ། ། བུ་དང་བུ་མོ་ཚ་བོ་དང་། །ཚ་མོ་ཡང་ཚ་གཞི་ཚ་དང་། ། གོས་ཚ་ཕ་སྤད་མ་སྨད་དང་། །མེས་དཔོན་ཁུ་དབོན་དབོན་ཞང་དང་། །མ་ཞང་སྤུན་མཆེད་གཉེན་ཚན་ནོ། །ཞེས་པ་ལྟ་བུ་དང་། འདི་དག་ལས་དེང་གི་སྐབས་ཙམ་ནའང་མ་རྒྱུད་སྤྱི་ཚོགས་ཀྱི་ཤུགས་རྐྱེན་རྒྱུན་འཇགས་སུ་སྣང་བའི་ཆ་ནས་ཁྱིམ་གཞིས་ཁྲོད་དུ་ཨ་ཞང་ནི་གཙོ་བོར་ངེས་ཤིང་མ་རྒྱུད་གཙིགས་སུ་བྱེད་པའི་ཆ་ནས་དེ་ལ་མ་ཞང་ཞེས་ཀྱང་བྱ་ལ། མ་ཞང་ལ་བུ་རབས་ཚ་རྒྱུད་བདག་དམ་བྱེད་པའམ་ཡང་ན་དེ་དག་གི་གཉེན་དོན་སོགས་དོན་དག་འགངས་ཆེན་ཐག་གཅོད་བྱེད་པའི་དབང་ཆ་དམིགས་བསལ་དུ་གྲུབ་པ་ན། འབོད་མིང་ལའང་གུས་སྲོལ་དང་བཅས་པའི་སྤྱི་ཚོགས་ཀྱི་སྙན་གྲགས་ཆེས་ཆེར་ལྡན། འདི་ལྟའི་གཉེན་ཉེ་འབོད་སྟངས་ནི་མི་རིགས་རང་གཞན་ཀུན་གྱི་གཉེན་ཉེའི་ལམ་ལུགས་སོགས་ལ་དཔྱད་པའི་བརྟེན་གཞི་གཙོ་བོ་ཡིན་ཕྱིར། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སྨྲ་བ་རྣམས་ཀྱིས་གཙིགས་སུ་འཛིན་པར་བྱེད་ལ། དེ་སྔ་མོར་ཀུན་གྱིས་ཀྱང་གནའ་རབས་སྤྱི་ཚོགས་ལ་ཞིབ་དཔྱོད་གནང་སྐབས། གཉེན་ཉེ་འབོད་སྟངས་གཞིར་བཟུང་ནས་གནའ་རབས་ཁྱིམ་རྒྱུད་ཀྱི་གྲུབ་སྟངས་དང་གཉེན་སྒྲིག་ལམ་ལུགས་སོགས་ལ་དཔྱད་ཅིང་། ཧིན་ཏི་ཨན་ཡེ་ལོ་ཁུའེ་པའི་གཉེན་འབྲེལ་གྱི་ལམ་ལུགས་དང་ཐ་ན་མེ་གླིང་དང་། ཧྥེ་གླིང་། ཨའོ་གླིང་སོགས་ཀྱི་ཚོ་ཁག་ཕལ་ཆེ་བའི་གཉེན་སྒྲིག་ལམ་ལུགས་ལ་ཞིབ་འཇུག་བྱེད་པའི་ཁྲོད་དུ། གཉེན་ཉེའི་འབོད་སྟངས་ཀྱི་དབྱེ་ཞིབ་དང་ཞིབ་སྡུར་བྱེད་ཐབས་སོགས་སྤྱད་དེ། ཕ་རྒྱུད་རུས་ཚན་གྱི་སྤྱི་ཚོགས་ནི་མ་རྒྱུད་སྤྱི་ཚོགས་ནས་རིམ་གྱིས་འཕེལ་འགྱུར་བྱུང་བའི་ལྟ་བ་བཏོན། ལྟ་བ་འདི་ལ་ཨིན་ཁི་སིས། “ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བའི་གཞུང་ལུགས་ཀྱིས་སྐྱེ་ཁམས་རིག་པ་ལ་བྲིན་ཆེ་བའི་ལྟ་བ་བཏོན་པ་དང་། མར་ཁི་སིའི་རིན་ཐང་ལྷག་མའི་གཞུང་ལུགས་ཀྱིས་ཆབ་སྲིད་དཔལ་འབྱོར་རིག་པ་ལ་དགེ་མཚན་ལྷག་ཏུ་ཐོན་པ་དག་དང་གཉིས་སུ་མེད་པའི་དོན་སྙིང་ཆེས་ཆེར་ལྡན་པར་” ⑪བསྟན་འདུག་གོ །
         མཇུག་བསྡོམས།
         དེ་ཡང་གོང་འཕྲོས་རིག་གནས་ཀྱིས་སྐད་བརྡའི་མིང་བརྡ་ལ་ཤན་ཞུགས་པ་དང་མིང་བརྡས་རིག་གནས་སྣང་ཚུལ་དག་མངོན་པར་མཚོན་པའི་ཚུལ་མདོར་བསྒྲིལ་ན། བོད་སྐད་ཀྱི་མིང་བརྡའི་མ་ལག་ནི་སྣ་ཚོགས་སུ་གྲུབ་འདུག་པ་ལས་རྩ་བའི་མིང་བརྡ་ལ་མི་རིགས་རང་མཚན་པའི་རིག་གནས་ཀྱི་གཤིས་ཉམས་རྣལ་མར་མཚོན་པའི་ནུས་པ་ཞིག་ལྡན་པ་དང་། གཡར་མིང་སྣ་ཚོགས་པའི་དོན་དང་རྣམ་པའི་འདྲེན་སྟངས་མི་འདྲ་བ་ལ་མི་རིགས་ཕན་ཚུན་བར་གྱི་རིག་གནས་འབྲེལ་འདྲིས་ཀྱི་ནང་དོན་དང་། ཁྱབ་ཁོངས། ཐབས་ལམ་སྣ་ཚོགས་པའི་མཚོན་དོན་ཞིག་ལྡན་ལ། ལོ་རྒྱུས་ཁྲོད་ཀྱི་ས་མིང་སྣ་ཚོགས་ལས་མི་རིགས་ནང་ཁུལ་གྱི་ས་ཁོངས་ཁྱབ་ཡུལ་དང་རིགས་རྒྱུད་ཀྱི་མཆེད་ཁུངས་སྤོར་ལམ་ག་འདྲ་ཡིན་པར་མཚོན་པ། མིའི་རུས་མིང་འདོགས་ཚུལ་དང་གཉེན་ཉེའི་འབོད་ཚུལ་སོགས་ལས་མིའི་རིགས་རུས་ཀྱི་འབྱུང་ཁུངས་དང་། ཆོས་ལུགས་དད་མོས། ས་གནས་ཀྱི་དམངས་སྲོལ་ཆོ་ག གཉེན་སྲོལ། ཁྱིམ་གཞིའི་ཆགས་ལུགས་སོགས་ཅི་ནུས་ཀྱིས་མཚོན་ཡོད་པས་ན། སྐུ་ཞབས་ལུའུ་ཧྲུའུ་ཞང་ཉིད་ཀྱིས་“མི་རིགས་ཤིག་གི་སྐད་བརྡ་ལ་ཞིབ་འཇུག་བྱེད་ན་རྒྱུན་པར་མི་རིགས་དེའི་རིག་གནས་ལ་འབྲེལ་གཏུགས་བྱ་དགོས་ཏེ། དཔེར་ན་མིང་བརྡའི་འབྱུང་ཚུལ་གྱི་ཐད་ནས་གནའ་བོའི་རིག་གནས་ཀྱི་ཤུལ་རྗེས་ལ་ལྟ་བ་དང་། ས་མིང་དང་ཡུལ་སྐད་ཀྱི་ཁྱབ་སྟངས་ཐད་ནས་འབངས་མིའི་མཆེད་ཁུངས་དང་སྤོར་ལམ་ལ་ལྟ་བ། མིའི་རུས་མིང་གི་འདོགས་ཚུལ་ལས་ཆོས་ལུགས་དང་དམངས་ཁྲོད་ཀྱི་དད་མོས་ལ་ལྟ་བ། གཉེན་ཉེའི་འབོད་སྟངས་ཀྱི་ཐད་ནས་གནའ་བོའི་གཉེན་སྲོལ་ལམ་ལུགས་ལ་བརྟག་རུང་བ་བཞིན་ནོ། །” ⑫ཞེས་གསུངས་སོ། །
         དཔྱད་གཞིའི་ཡིག་ཆ།
         ①李文实:《西陲古地与羌藏文化》[M],西宁:青海民族出版社,2001年,第116页。
         ②གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ། 《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས་7
         ③དབང་རྒྱལ་དང་བསོན་ནམས་སྐྱིད་གཉིས་ཀྱིས་བསྒྱུར། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1980ལོ། ཤོག་ངོས་16
         ④《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག》 [G] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་103
         ⑤ཚེ་ལོས་གཙོ་སྒྲིག་བྱས། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་284
         ⑥ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན། 《བཀའ་ཆེམས་ཀ་ཁོལ་མ》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། ཤོག་ངོས་56
         ⑦དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་160
         ⑧ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཏོན་པར་གྲགས། 《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》 [M] ལག་བྲིས་སྣ་རིང་མ། ཤོག་ངོས་44
         ⑨བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་660-661
         ⑩东主才让:《藏族命名文化研究》[J],《西藏民族大学学报》2016年第4期。
         ⑪《马克思恩格斯选集》[M] 第四卷,北京:人民出版社,1972年,第14页。
         ⑫《中国大百科全书•语言文字》[M],北京:中国百科全书出版社,1988年,第5页。

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1