༄༅། །དབུགས་འབྱིན་རྔུབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26



དགུན་ཁ་གྲངས་མེད་ཅིག རྒྱ་སྟག་གི་མཆེ་སྡེར་བར་ནས་ཐར་སོང

ཉི་འོད་ཀྱི་ཟེར་མ་རྒུམ་པའི་ལག་ཟུང་མང་པོ་ཀྲབ་ཀྲབ་འགུལ
རོལ་དབྱངས་དང་སེམས་འགྱུ་འཕྲད་པའི་ཚོར་རླབས
ལྷིང་འཇགས་དང་འུར་ཟིང་ལ་འགྲན་པ་བཞིན་དུ་ལྷགས་འོང
འདོད་ཡོན་གྱི་རབ་ཁར་མ་ཆུད་པའི་རྦབ་རྒོད་དང་སྡིག་སྲིན
གྲོག་མའི་ཚང་སྒོ་གཤག་ནས་གང་དུ་ཆས

ཇ་ཕོར་གྱི་གཏིང་མཐའ་ན་མངར་སྐྱུར་ཁ་གསུམ་ལུད
ཁ་དང་ལྕེ སོ་ཞོ་མོད་པོ་ཇ་ཁང་གི་གང་སར་ཝལ་གྱིས་འབུས་འོང
མི་ཚེ་ལ་མོ་རྡོག་པས་གཞལ་དུས
རྡོ་ཡི་ལག་ཟུང་དང་གླག་གི་སྒྲོ་གཤོག་སྲ་མོས
ནམ་མཁའི་གར་ཁྱབ་ཀྱི་སར་རྡེག་ཅིང་འབྲད

ཉི་མས་འཆར་ནུབ་ཁྲོད་ནས་མི་རྟག་པའི་སྣང་བ་གླུ་རུ་བླངས
འཕེལ་འགྲིབ་ཆེ་བའི་ཟླ་བ་དང་སྐར་མདའ་ལྟུང་ཚུལ་གྱིས
མིའི་རིགས་ལ་དབུལ་ཕྱུག་དང་དགེ་སྡིག་གི་མཁར་རྫོང་སྣ་གཉིས་བསྐྲུན
འཁྱུག་འཁྱུག་གི་གློག་ཞགས་དང་ལམ་ལམ་གྱི་མེ་དཔུང་གིས་གཞིལ་མི་ནུས་པ་ནི
སྐྱེ་འཆི་གཉིས་དང་འགྲོགས་པའི་རྣམ་ཤེས་ཀྱི་འོད་ཟེར་འདི་ཀོ

རླུང་བུས་འདུ་ཤེས་ཀྱི་ལྡེབས་རིས་ཆེན་པོ་དེ་ཡོངས་སུ་བསུབས
སྣང་བས་ཆོ་འཕྲུལ་གྱི་མེ་ལོང་ཆེན་པོ་ཞིག་ནམ་མཁར་བཀལ
གཙང་བོའི་ཀློང་ན་ཡོམ་པའི་དུས་ཚོད་ཀྱི་ཀོ་གྲུ་ཁོ་ན
རྟག་པའི་ངོ་བོར་མདུན་ནས་མདུན་དུ་ཤར་རྒྱུག་བྱེད་ཀྱིན་ཡོད

མ་རིག་པ་ཞེས་པའི་ཇ་ཁང་དུ་བྲིས། ༢༠༡༣ལོའི་ཟླ༡༢པའི་ཚེས༡༣ཉིན།


རྩོམ་ཡིག་སྔོན་མ།
༄༅། །བྱམས་ལྡན་གྱི་སྐྱེད་མ།
རྩོམ་ཡིག་རྗེས་མ།
༄༅། །ཁྲིམས་ལུགས་ཤེས་བྱ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1