ཨུ་རུ་སུས་ཨ་རིའི་གཞུང་ཚབ་ཆེན་མོ་གཞོན་པ་མཐར་སྐྲོད་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-21



 
     ཞིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་བཤད་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་འགོ་འཛིན་གཞོན་པ་ཐེ·ཀེའར་མན་ལ་ཨུ་རུ་སུའི་མངའ་ཁོངས་ནས་བྲལ་དགོས་པའི་བླང་བྱ་བཏོན་པ་དེ་ནི་ཨ་རི་ཕྱོགས་ཀྱིས“རྒྱུ་མཚན་མེད་པར”ཨ་རིར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཁང་གི་གཞུང་ཚབ་ཚན་ཙཱན་མཐར་སྐྲོད་བྱས་པར་རྒོལ་ལན་བསློགས་པ་ཡིན། 
     ཀྲ་ཧ་ལུའོ་ཝ་ཡིས་ཉིན་དེའི་གསལ་བསྒྲགས་ཤིག་གི་ནང་བཤད་དོན། ཨ་རི་ཕྱོགས་ཀྱིས་ཨུ་རུ་སུའི་བླང་བྱ་སྣང་མེད་དུ་བཏང་སྟེ་ཨ་རིར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཚན་ཙཱན་གྱི་རྒྱུན་འཛིན་པ་གོ་གནས་འཁུར་བར་མ་སླེབས་གོང་དེ་ཉིད་མཐར་སྐྲོད་བྱས་པ་དེས་ཨ་རི་ཕྱོགས་ཀྱིས“ལམ་ཡིག་ཆོག་མཆན་གྱི་དམག་འཁྲུག”བསླངས་པའི་རྐྱེན་གྱིས་ཨུ་རུ་སུའི་ཕྱི་འབྲེལ་ཕོ་ཉ་ཚོགས་པའི་མི་སྣ་ཤིན་ཏུ་མི་འདང་བའི་གནད་དོན་ཚབས་ཆེར་ཕྱིན་དུ་བཅུག་ཡོད། 
     ཀྲ་ཧ་ལུའོ་ཝ་ཡིས་བཤད་དོན། ཨུ་རུ་སུ་ཕྱོགས་ཀྱིས་རིམ་པ་མི་འདྲ་བར་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་ཕོ་ཉ་ཚོགས་པའི་འཁོར་སྐྱོད་གནས་ཚུལ་ཇེ་སྡུག་ཏུ་གཏོང་རྒྱུའི་འབྲེལ་ཡོད་བྱེད་སྤྱོད་སྤེལ་མཚམས་འཇོག་དགོས་པ་མ་ཟད། ཉེ་བའི་ལོ་ཤས་རིང་བཏོན་པའི་ཚོད་འཛིན་བྱེད་ཐབས་ཚང་མ་མེད་པར་བཟོ་དགོས་པའི་གྲོས་འགོ་ཐེངས་མང་བཏོན་མོད། འོན་ཀྱང་ཨ་རི་ཕྱོགས་ཀྱིས་རང་ངོས་ཀྱི་ཁེ་ཕན་འགན་ལེན་བྱ་རྒྱུ་ཁོ་ནར་བསམ་གཞིག་བྱེད་པ་ལས་གཞན་དག་ཚང་མ་སྣང་མེད་དུ་བཏང་བ་རེད། “ཨུ་རུ་སུས་མཐོང་ཆུང་རང་བཞིན་གྱི་བྱེད་སྟངས་དེ་རིགས་ལ་བཟོད་སྒོམ་བྱེད་འདོད་མེད།” 
     ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་དོན། ཨ་རི་ཕྱོགས་ཀྱིས་བལྟས་ན་ཨུ་རུ་སུ་ཕྱོགས་ཀྱིས་པ་ཐེ·ཀེའར་མན “དོན་མེད་མཐར་སྐྲོད”བྱས་པའི་རྐྱེན་གྱིས་ཨ་རི་དང་ཨུ་རུ་སུའི་ཛ་དྲག་གི་འབྲེལ་བ་དེ་ཇེ་སྡུག་ཏུ་ཕྱིན། ཨ་རི་ཕྱོགས་ཀྱིས་ཁ་གཏད་འཇལ་ཐབས་བྱ་རྒྱུའི་བསམ་གཞིག་བྱེད་བཞིན་ཡོད། 
     གཞན་ཡང་ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཨུ་རུ་སུར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་གི་ཆ་འཕྲིན་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀེར་མན་ལ་གོ་ཆོད་ཀྱི་ལམ་ཡིག་ཆོག་མཆན་ཡོད་ལ་ཨུ་རུ་སུར་བཅའ་སྡོད་བྱས་ནས་ལོ་3ཕྱིན་མེད་པས་མི་རིང་བའི་སྔོན་ལ་ཨུ་རུ་སུ་ནས་བྲལ་ཟིན་ཡོད་པ་རེད།  
     2021ལོའི་ཟླ་4པར་ཨ་རི་སྲིད་གཞུང་གིས་ཨུ་རུ་སུས་དྲ་རྒྱའི་ཐོག་ནས་འཇབ་རྒོལ་དང་ཨ་རིའི་འདེམས་བསྐོ་ལ་ཐེ་ཇུས་སོགས་ཀྱི“བསམ་ངན་གྱི་བྱ་སྤྱོད”སྤེལ་བར་ཁ་གཡར་ནས་ཨུ་རུ་སུར་གཞི་ཁྱོན་ཆེན་པོས་བཀག་སྡོམ་བྱ་རྒྱུ་དང་འབྲེལ་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་མཐར་སྐྲོད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དེ་རྗེས་ཨུ་རུ་སུས་ཨུ་རུ་སུར་བཅའ་སྡོད་ཨ་རིའི་ཕྱི་འབྲེལ་མི་སྣ་མཐར་སྐྲོད་གཏོང་བ་སོགས་ཀྱི་རྒོལ་ཐབས་སྤྱད་པ་རེད། ལོ་དེའི་ཟླ་9པར་ཨ་རིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་55དེ་དག་2022ལོར་ཁག་གཉིས་སུ་བགོས་ནས་ཨ་རི་ནས་བྲལ་དགོས་པའི་བླང་བྱ་བཏོན་པ་རེད། ཨུ་རུ་སུའི་ཕྱི་འབྲེལ་པུས་དེ་རྗེས་ཨུ་རུ་སུ་ཕྱོགས་ཀྱིས་འདྲ་མཚུངས་ཀྱི་བྱེད་ཐབས་ཐོག་ནས་ཨ་རིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་མཐར་སྐྲོད་བྱས་པར་ཡ་ལན་སློག་རྒྱུ་ཡིན་ཞེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1