༄༅།།ཡུན་ནན་གྱི་པའེ་རིགས་དང་བོད་རིགས་བར་གྱི་གཉེན་སྒྲིག་ཆོ་གའི་སྟེང་གི་མཐོང་ཐོས།

རྩོམ་པ་པོ། རྣམ་འཇོམས་ཚེ་རིང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 02-22


 རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དང་བསྟུན་ནས་ཧོ་ཆེན་པའེ་རིགས་ཀྱི་གྲོགས་པོ་ཞིག་གི་གཉེན་སྟོན་ལ་སོང་པ་ཡིན། གཉེན་སྒྲིག་མཛད་སྒོའི་ཐོག་པའེ་རིགས་ཀྱི་སྲོལ་རྒྱུན་གཉེན་སྒྲིག་རིག་གནས་དངོས་སུ་མྱོང་རོལ་བྱས་པ་དང་།  ཁོང་ཚོའི་གཉེན་སྒྲིག་གི་ཆོ་ག་དེ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པས་གཉེན་ཉེ་གྲོགས་པོ་ཚང་མ་རོགས་རམ་བྱེད་པར་ཡོང་སྲིད་པ་དང་ཟ་མ་ཡང་ཕུན་སུམ་ཚོགས་པོ་བཟོ་ཤེས་ཀྱིན་འདུག  

    མགྲོན་པོ་བསུ་བ་ནི་སྤྱིར་བཏང་དུ་ཕྱི་དྲོར་སྤེལ་བ་ཡིན་པར་འདུག་ལ། མགྲོན་པོས་ཟ་མ་མ་བཟས་པའི་སྔོན་ལ་མཆོད་འབུལ་མཛད་སྒོ་ཞིག་སྤེལ་རྒྱུ་ཡོད་པར་འདུག མཆོད་འབུལ་མཛད་སྒོར་སྤྱིར་ན་གྲོང་ཚོའི་ནང་གི་ལོ་ན་ཅུང་ཆེ་བའི་ཨ་མ་རྒན་མོ་གདན་དྲངས་ནས་གཙོ་སྐྱོང་བྱེད་པར་འདུག་ལ།  ཨ་མ་རྒན་མོས་གསོལ་སྟོན་གྱི་དྲི་ཞིམ་འབྲས་དང་ཚལ་འཁྱེར་ནས་མེས་པོར་མཆོད་འབུལ་བྱེད་ཅིང་།  མཆོད་འབུལ་གྱི་ནང་དོན་ནི་མེས་པོའི་ཁྱིམ་དུ་བཀྲ་ཤིས་པའི་བྱ་བ་ཡོད་ལུགས་བརྗོད་པ་དང་འབྲེལ་མེས་པོ་གདན་དྲངས་ནས་དགའ་སྤྲོ་ཆེན་པོས་ཉིན་མོའི་དགའ་སྤྲོ་མཉམ་དུ་ལོངས་སྤྱོད་བྱེད་ཀྱིན་ཡོད་ཅེས་བཤད་པ་རེད། མགྲོན་པོར་མཆོད་འབུལ་བྱས་ཚར་རྗེས་ད་གཟོད་ཟ་མ་བཟས་ཆོག
ཉིན་མོར་མགྲོན་པོ་བསུ་བའི་སྐབས་སུ་དུས་མཚམས་མི་དབྱེ་བར་རྒྱ་གླིང་སྤུར་ནས་རྟེན་འབྲེལ་ཞུ་བ་དང་དུས་ཆེན་གྱི་རྣམ་པ་གསར་སྣོན་བྱེད་ཅིང་།  དགོང་མོ་ཞབས་བྲོ་དང་གླུ་གཞས་འཁྲབ་སྟོན་བྱས་ཏེ་ཚ་ཚ་འུར་འུར་བྱེད་ཀྱིན་ཡོད། ཐེངས་འདིར་པའེ་རིགས་ཀྱི་གྲོགས་པོས་བོད་རིགས་བུ་མོ་ཞིག་མནའ་མར་བླངས་པའི་རྐྱེན་གྱིས་པའེ་རིགས་སྤུན་ཟླས་སྤྲོ་སེམས་འཁོལ་བའི་ངང་བོད་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ་མཐོང་བ་དང་བོད་རིགས་སྤུན་ཟླས་ཀྱང་པའེ་རིགས་སྤུན་ཟླར་སྲོལ་རྒྱུན་གྱི་བོད་རིགས་ཞབས་བྲོ་འཁྲབ་སྟེ་བོད་པའེ་རིགས་གཉིས་ཚང་མ་ལྷན་དུ་མཉམ་འཛོམས་བྱས་ཏེ་སྤྲོ་སྣང་ལྡན་པའི་ངང་གཉེན་སྟོན་བསུས་པ་རེད། 




    པའེ་རིགས་ཀྱི་གྲོགས་པོས་ངོ་སྤྲོད་བྱས་པར་གཞིགས་ན་པའེ་རིགས་ཀྱི་བུད་མེད་ནི་ལས་ལ་བརྩོན་ཞིང་མཛངས་མ་ཞིག་ཡིན་པ་མཚོན་ཆེད་གཉེན་སྟོན་གྱི་ཉིན་གཉིས་པར་བག་གསར་སྔ་མོ་ཡར་ལངས་ནས་སྒོ་རའི་ཟུར་རེ་རེ་བཞིན་ཕྱགས་པ་དེའང་པའེ་རིགས་གཉེན་སྒྲིག་གི་གོམས་སྲོལ་ཁྲོད་བག་གསར་སྒོ་སྒྲོལ་རྗེས་ཀྱི་ཉིན་དང་པོར་སྒྲུབ་དགོས་པའི་བྱ་བ་དང་པོ་དེ་ཡིན་པ་དང་། དེ་རྗེས་བག་གསར་གྱིས་མཛེས་རྒྱན་ཡག་པོ་སྤྲས་ནས་པའེ་རིགས་ཀྱི་གྱོན་ཆས་གྱོན་རྗེས་ཁྲོམ་གཞུང་དུ་བསྐྱོད་པ་དང་།  ཕོ་མོ་ཕྱོགས་གཉིས་ཀྱིས་ཁྱོ་ག་དང་ཨ་མ་སོགས་ཀྱི་ཕེབས་རོགས་འོག་མཉམ་དུ་ཅ་དངོས་ཉོ་བར་བསྐྱོད་པ་རེད། བག་གསར་བདམས་ཐོན་བྱུང་མ་ཐག་ཁྱོ་གའི་ཕྱོགས་ཀྱི་ཨ་མས་དངུལ་སྤྲོད་དགོས། 

    སྣ་མང་ཕུན་སུམ་ཚོགས་པའི་པའེ་རིགས་ཀྱི་གཉེན་སྒྲིག་སྲོལ་རྒྱུན་དང་། མཛེས་སྡུག་རྣམ་པར་བཀྲ་བའི་པའེ་རིགས་ཀྱི་གྱོན་ཆས། འོད་སྟོང་འབར་བའི་པའེ་རིགས་ཀྱི་རིག་གནས། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་པའེ་རིགས་མི་དམངས་བཅས་ཀྱིས་རང་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་འཚོ་བའི་གོམས་སྲོལ་ཆགས་པར་གྱུར་ཡོད། ཐེངས་འདིའི་རྒྱལ་སྟོན་དུས་ཆེན་ལ་ཧོ་ཆེན་ཡོང་ནས་ཐོབ་དཀའ་བའི་ཐུན་མོང་མ་ཡིན་པའི་པའེ་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཤིག་མྱོང་ཚོར་བྱེད་ཐུབ་པ་བྱུང་སོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1